རྨ་དུག་ལྕེ།
སུམ་ཅུ་རྩ་གསུམ་གྱི་སྔ་དྲོའི་ཚགས་པར་<བརྒྱ་བྱིན་ཕོ་ཉ>རུ་གནས་ཚུལ་བཀོད་པ་ལྟར་ན། ཁ་སང་ཚེས་ཉེར་གསུམ་ནས་ཉེར་དྲུག་བར་ཉིན་གསུམ་གྱི་རིང་ལ་སུམ་ཅུ་རྩ་གསུམ་གྱི་རྒྱལ་ས་ལྷའི་མདུན་ས་རུ་ཁམས་གསུམ་ལྷ་ཚོགས་ཀྱིས་ཛ་དྲག་གི་ཚོགས་འདུ་བསྐོང་ཚོགས་བྱས་ཡོད་པ་དང་། ཚོགས་ཐོག་ཏུ་ལྷའི་མགྲིན་ཚབ་པ་དགའ་བོ་མཆོག་གིས་ཚོགས་འདུ་ངོ་སྤྲོད་དང་འབྲེལ་གསུང་དོན། དེང་སང་རྒྱ་ནག་གི་བཟོ་གྲྭའི་དུ་བ་དང་མཁའ་དབུགས་འབག་བཙོག་གིས་དགའ་ལྡན་དང་སུམ་ཅུ་རྩ་གསུམ་གྱི་ལྷ་ཚོགས་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱིན་ཡོད་པར་མ་ཟད། ལྷའི་དབང་པོ་བརྒྱ་བྱིན་ལ་གློ་ནད་ཕོག་ནས་གསང་སེལ་སྨན་ཁང་དུ་མྱུར་སྐྱོབ་བྱེད་བཞིན་ཡོད་པ་དང་། ལྷ་མོ་ཨུ་མར་འདས་པའི་ཟླ་འགར་ཟླ་མཚན་མ་བབས་པ་དེ་ཡང་རྒྱ་ནག་གི་མཁའ་དབུགས་ཀྱི་ཤུགས་རྐྱེན་ཡིན་ཞེས་རིགས་གཅིག་མཁས་པས་གསུངས་ཡོད་ཚུལ་སོགས་གསུང་བཤད་ལྷུག་པོར་གནང་།
སྐབས་དེར་བོད་ས་སྟོད་སྨད་ནས་ཡོང་བའི་ཨ་མྱེས་རྨ་ཆེན་དང་གཉན་པོ་གཡུ་རྩེ། གཉན་ཆེན་ཐང་ལྷ་སོགས་ཀྱིས་བོད་ཀྱི་ཡུལ་ལྷ་གཞི་བདག་དག་གི་སྡོད་ཁང་དང་མཛོད་རྒྱ་ནག་གིས་བྲུས་ཤིང་། ནང་མཛོད་འཕྲོག་ཅིང་ཁང་པ་ཤིག་རལ་དུ་གཏོང་བཞིན་པའི་སྙན་ཐོ་རིང་མོ་ཞིག་བཏོན། སྐབས་དེར་བཀན་ལོའུ་དང་ལོའུ་ཆི་སོགས་ཚོགས་ཁང་ནས་ཕྱིར་ཐོན་ཡོད་པ་དང་། ཅུང་ཙམ་རྗེས་ནས་ཨ་མྱེས་ཡུལ་ལྷ་ཡང་ཚོགས་ར་ནས་ཕྱི་ལ་ཐོན་ཡོད་མོད་ཁོང་གི་རྣམ་འགྱུར་དང་བཀན་ལོའུ་སོགས་དང་མཉམ་དུ་མ་སོང་བ་དེར་གླེང་གཞི་འདྲ་མིན་བྱུང་འདུག
ཡང་བོད་མདོ་སྨད་ནས་ཡོང་བའི་ཁྱུང་མགོན་ལགས་ཀྱིས་ང་ཚོ་བོད་ནང་ནས་གཞི་བདག་དག་ལ་ཁ་ཟས་མ་རེག་པའི་དཀའ་ངལ་ཆེན་པོ་ཡོད། རྒྱུ་མཚན་ནི་རྒྱ་ནག་གིས་བཟའ་བཏུང་ཡོད་ཚད་རྫས་འགྱུར་གྱིས་སྦག་ཡོད་པ་བོད་པ་ཚོས་མ་ཤེས་པར་བསང་ལ་འདྲེན་གྱིན་ཡོད་པ་དང་། ཏཱ་ལའི་བླ་མ་མཆོག་གིས་གསུངས་པའི་མ་སྨད་བསོད་ནམས་སོགས་འདོན་མི་ཆོག་པས་ལྷ་བསང་བདུད་རྩིར་སྒྱུར་མ་ཐུབ་ཚེ་གཞི་བདག་ཚོས་འབྲུ་རིགས་ཚིག་རོ་བཟའ་དགོས་ཚུལ་སོགས་གླེང་པར་ལྷ་ཚོགས་ཀྱིས་མང་མོས་ཐོག་བོད་ཡུལ་ནས་བོད་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མས་གསུངས་པའི་གསོལ་མཆོད་འདོན་དུ་འཇུག་དགོས་པའི་སྐོར་ལ་གྲོས་ཆོད་ཅིག་བཞག་འདུག
ཚོགས་ཐོག་ཏུ་རྒྱང་རིང་གཡུ་ལོ་བཀོད་པའི་ཞིང་ཁམས་ནས་རྨོ་མོ་སྒྲོལ་མ་ལགས་དངོས་སུ་ཕེབས་མ་ཐུབ་ཀྱང་ཞལ་ཏ་མ་སྒྲོལ་མ་མྱུར་མ་དཔའ་མོ་སྐུ་ཚབ་ཏུ་བཏང་འདུག་ལ། འོག་མིན་སྟུག་པོ་བཀོད་པའི་ཞིང་ནས་དགེ་སློང་གོའུ་ཏ་མས་ཀྱང་ཞལ་པར་བཏང་ནས་རྒྱབ་སྐྱོར་ཡོད་ཅེས་གསུང་འདུག
ཉིན་ཐ་མ་དེར་ཞི་དྲག་བློན་ཆེན་ཁྱེ་ཊ་བ་ལ་དང་ཛི་ཎ་མི་ཊ་གཉིས་ནས་<སྣོད་བཅུད་ཡོད་ཚད་རྒྱ་ནག་གིས་བཟའ་མི་ཆོག>ཅེས་པའི་འགོ་བརྗོད་འོག་གསར་འགོད་གསལ་བསྒྲགས་སྤེལ་དོན། རྒྱ་ནག་གིས་འཕྲད་དུ་རང་བྱུང་ཁམས་ཆེན་མོ་སྲུང་སྐྱོབ་ཆེད་ཏཱ་ལའི་བླ་མ་མཆོག་གདན་འདྲེན་བྱས་ནས་བཀའ་སློབ་ལམ་སྟོན་ལག་ལེན་མ་བྱས་ཚེ། དགའ་ལྡན་དང་སུམ་ཅུ་རྩ་གསུམ་གྱིས་ས་ཡོམ་དང་ཆུ་ལོག། རླུང་འཚུབ་དང་ནད་ཡམ་སོགས་སྤྱད་ནས་2018 བར་སྐམ་ས་ཆེན་མོ་གཙང་འཕྱག་བྱ་རྒྱུ་ཡིན་ཞེས་བསྒྲགས་འདུག གསལ་བསྒྲགས་འདི་དབྱངས་ཅན་ལྷ་མོའི་སོར་གདུབ་བརྙན་འཕྲིན་ཁང་གིས་ཐོག་མར་བསྒྲགས་པ་དང་། སྐར་མདའ་གསར་ཁང་དང་། སྒྲོལ་དཀར་རྣ་ལུང་། དགའ་ལྡན་རོལ་རྩེད་སོགས་གསར་ཁང་གྲགས་ཅན་ཁག་ནས་རྒྱང་བསྲིངས་བྱས་འདུག
ཚོགས་འདུ་འདིར་དགོད་བྲོ་བའི་གནས་ཚུལ་སྐོར་ཞིག་བྱུང་བ་ནི་བཙན་ལྷ་མེ་འབར་གྱི་ཞོན་པ་གཡག་ནག་གིས་ལྷ་ཡུལ་ནས་དུག་རྩྭ་ཟོས་ནས་ཤི་བར་སུམ་ཅུ་རྩ་གསུམ་གྱི་དོང་ཙེ་ལྔ་སྟོང་ཀུན་གསབ་ལ་སྤྲད་ཡོད་མོད། གཡག་རོ་གཡུག་ས་མ་རེག་པར་དཀའ་ངལ་ཆེན་པོ་འཕྲད་པ་དང་། གཉན་ཆེན་ཙི་མར་དང་། ཡ་ཝའི་རྫ་དམར་སོགས་གསར་བུ་སྐོར་ཞིག་ལ་ལྷ་མོ་མང་པོས་ཟུར་མིག་ཕོག་ཡོད་པར་མ་ཟད་མགྲོན་འབོད་ཀྱང་བྱས་འདུག ཨ་མྱེས་རྨ་ཆེན་གྱི་དྲེའུ་རྒན་གྱིས་སྐྱེད་མོ་ཚལ་ཞིག་ལ་གཅིན་བཏང་བར་ཉེས་ཆད་དངུལ་སྒོར་བརྒྱ་ཕོག་པ་དང་། བྱ་ནག་བཙན་མགོན་གྱིས་ལྷ་མོ་ཞིག་ཁྲུས་ལ་རོལ་བར་ལྐོག་ལྟ་བྱས་པར་བརྟེན་གཞི་བདག་གི་ཐེམ་ཐོ་གཞུང་བཞེས་བཏང་འདུག
ཐེངས་འདིར་བོད་ཡུལ་ནས་ཕེབས་པའི་ཡུལ་ལྷ་གཞི་བདག་རྟ་ཞོན་དང་ལུག་ཞོན། ཁྱི་ཞོན། ར་ཞོན། ཕག་ཞོན་སོགས་ལ་ལྷ་ཚོགས་ཀྱི་ཧ་ཅང་དོ་སྣང་དང་དགའ་མོས་བྱས་འདུག་པར་མ་ཟད་ཉི་འོད་དང་ཟླ་འོད། སྐར་འོད་ཚགས་པར་སོགས་ཀྱི་མདུན་ངོས་སུ་བོད་ཀྱི་གཞི་བདག་དག་གི་ཆིབས་པ་དང་གྱོན་པ་སོགས་ཀྱི་འདྲ་པར་ཚོན་མདངས་ཅན་བཀོད་འདུག།
27/02/2016
ལྷ་ཡུལ་ལ་དེ་འདྲ་ཡོད་ན། མི་ཡུལ་ལ།
https://www.facebook.com/venerable.kassapo/videos/10153538476787989/
ངོ་མ་སྙན་པོ་བྱུང་། མུ་མཐུད་འབྲི་རོགས།
བོད་རིགས་བཙུན་མ་གཉིས་ཀྱིས།
https://www.facebook.com/122945328041718/videos/231710557165194/