སོག་མདའ།
གུང་བཞོ་ལྷས་སུ་བརྒྱབ་ནས་ལྷས་དཀྱིལ་ན་འབྲོག་མོ་ཚོས་འབྲི་མོ་བཞོ་བ་དང་། ལུག་རྫི་ཚོ་ཉིན་གུང་དྲོས་ཇ་འཐུང་བར་ལོག་ཡོད་པའི་བར་སྐབས་ཏག་ཏག་ལ། ཨ་མྱེས་ལྷ་རིའི་མགོ་ལ་སྤྲིན་དཀར་གྱི་དུམ་ཞིང་འཇའ་འོད་ཀྱི་གུར་ཁང་དང་ལྷན་སྤྲིན་དཀར་དེ་ལས་སྐས་འཛེགས་རིང་མོ་ཞིག་འགྲམ་གྱི་ལྷ་མོའི་བླ་མཚོ་ནང་འཐེན་པ་དང་། དུས་མཉམ་ཆར་དཀར་རེ་ཟུང་ཡང་སྤྲིན་དཀར་གྱི་གསེང་ནས་རབ་གནས་བྱེད་པ་བཞིན་འཐོར་བས། སྡེ་བ་ཆུང་ཆུང་འདིའི་འབྲོག་མི་ཐམས་ཅད་ཡ་མཚར་ནས་ཅེར་འདུག འདི་ལྟར་སྐར་ཆ་བཅུ་ལྷག་གི་རྗེས་སུ་རིམ་བཞིན་ཡལ་བར་གྱུར།
དེ་རིང་གི་དངོས་བྱུང་གསར་འགྱུར་དེ་སྡེ་བ་དེ་ལས་ཆད་དེ་སྡེ་བ་ཡར་ནང་མར་ནང་། ཐ་མ་རྫོང་ཐོག་སོགས་སུ་ཀུན་གྱིས་བཤད་བཞིན་འདུག ཨ་ཁུ་མགོན་པོ་ཚང་གི་བུ་སློབ་གྲྭ་ཆེན་པོ་འགྲིམ་བཞིན་ཡོད་པས་ཤེས་རབ་ཀྱིས་དཔར་བརྒྱབ་ཡོད་པ་མ་ཟད། ད་དུང་སྐར་མ་བཅུ་ལྷག་གི་གནས་ཚུལ་དངོས་ཀྱི་གློག་བརྙན་ཞིག་ཀྱང་ཕབ་འདུག
འབྲོག་མི་ཚོས་བཤད་ན་ཨ་མྱེས་ལྷ་རིའི་བུ་གཞི་བདག་རྟ་དཀར་གྱི་བཟའ་ཟླ་ནི་ཀླུ་ཡུལ་གྱི་སྲས་མོ་ཞིག་ཡིན་པ་དང་། སྔོན་གྱི་ཚེ་ན་ཀླུ་རྒྱལ་གྱི་སྲས་མོ་མཚོ་ཁར་ཡོང་ནས་དེ་རུ་སྤྲོ་གསེང་བྱེད་བཞིན་པའི་སྐབས་སུ་བདུད་སྲིན་པོ་མགོ་དགུ་ཅན་ཞིག་ཡོད་པ་དེས་ཀླུ་མོ་རང་གི་ཆུང་མར་འཁྱེར་འགྲོ་ཡོད་པས་སྐབས་སུ། གང་ཡོང་གར་ཐོན་མ་ཤེས་པར་བུ་སྨུག་པོ་རྟ་དཀར་ཞོན་པ་ཞིག་གིས་ཀླུ་མོ་བསྐྱབས་པ་་ནས་ཕྱིར་མཚོ་ཁར་བསྐྱལ་བ་ན། ཀླུ་མོས་བཤད་རྒྱུར་ཁྱེད་ནི་ངའི་སྲོག་སྐྱོབ་ཀྱི་དྲིན་ཅན་ཡིན། འདི་ནས་ལོ་ཉིས་བརྒྱ་སོང་བའི་དུས་སུ་འབྲོག་མོ་ཚོའི་གུང་བཞོ་བྱེད་པའི་དུས་དང་། ལུག་རྫི་ཚོ་ཡུལ་ལ་ལོག་པའི་དུས་དབྱར་གཞུང་མེ་ཏོག་གི་སྒང་ལ་ཁྱེད་ཀྱིས་ལྷ་ཡུལ་ནས་འཇའ་ཚོན་གྱི་སྐས་འཛེགས་ཀླུ་ཡུལ་ལ་བཙུགས་ནས་ང་ལ་བསུ་མ་བྱོས་དང་། དུས་དེ་དུས་ང་ཁྱེད་ཀྱི་བཙུན་མོ་བྱེད་ཆོག་ཞེས་བཤད་ཡོད་ཟེར།
ཁ་སང་ཉིན་མོ་དེ་ནི་ཁ་རྒྱུན་གྱི་བཤད་སྟངས་ལྟར་སྟོད་ཀྱི་ལྷ་ཡུལ་ནས་གཏིང་གི་ཀླུ་ཡུལ་ལྷ་མོ་བླ་མཚོར་འཇའ་ཚོན་གྱི་ཐེམ་སྐས་འཐེན་པ་སོགས་གང་ལ་བརྟག་ཀྱང་། ཉིན་འདི་ནི་ལྷ་རིགས་གཞི་བདག་རྟ་དཀར་ཅན་གྱི་ཀླུ་རྒྱལ་སྲས་མོ་བསྐྱབས་ནས་ལོ་ཉིས་བརྒྱ་འཁོར་བའི་ཉིན་མོ་ཡིན་པ་གཏན་འཁེལ་བྱས་ནས། དུས་དེ་ནས་བཟུང་སྡེ་བ་ཆུང་ཆུང་དེའི་འབྲོག་མི་རྣམས་ཀྱིས་ཀླུ་ཡུལ་གྱི་སྲས་མོ་ཨ་མྱེས་ལྷ་རིའི་བུ་གཞི་བདག་རྟ་དཀར་གྱི་བཙུན་མོར་ཀླུ་ཡུལ་ནས་བསུས་པའི་ཉིན་མོ་དང་སྐབས་བསྟུན། ཨ་མྱེས་ལྷ་རི་དང་ལྷ་མོ་བླ་མཚོ་གཉིས་ལ་བསང་གསོལ་དང་དར་ལྕོག་འཐེན་པ། རྟ་རྒྱུགས་དང་དགའ་སྟོན་བྱེད་པའི་སྲོལ་ད་ལྟའི་བར་མ་ཉམས་པར་གནས།
༢༠༡༤་༢་༡༢་ཉིན་རང་ཤག་ནས།