སྐྱོ་བྲག་དགའ་དབང་།
རང་རེ་བོད་པའི་ཁ་རྒྱུན་ལ། ཕྱོགས་རེ་འདྲ་བ་ཀུན་ལ་ཡོད། ཐམས་ཅད་འདྲ་བ་གཅིག་ཀྱང་མེད། ཅེས་བསྡོམས་སུ་བཀོད་པ་ནི། དངོས་པོའི་ཆོས་རྣམས་ཀྱི་གནས་ཚུལ་ཤེས་པའི་གཏམ་དུ་སྣང་ཞིང་། ང་ཚོ་འགྲོ་བ་མི་རྣམས་ཀྱང་བསྡོམས་འདི་ལས་འདའ་བ་མེད་པས་ན། རང་གཤིས་གཅིག་པ་ཡིན་པའི་མི་ནི་འཇིག་རྟེན་འདིར་མི་སྲིད་པ་ལྟ་བུ་རེད། གནད་འདིས་མི་རྣམས་སྨྲ་བརྗོད་འགྲོ་འདུག་གི་བསམ་སྤྱོད་མི་མཐུན་ཞིང། བསམ་སྤྱོད་མི་མཐུན་པ་ལ་བརྟེན་ནས་འཇིག་རྟེན་སྣ་མང་གི་ཤེས་བྱ་རྣམས་བྱུང་བ་སྟེ། སྙན་ངག་གཅིག་པུར་ཆ་མཚོན་ནའང་། མི་སོ་སོར་འབྲི་རྩལ་མ་འདྲ་བ་རེ་ཡོད་པ་ལས། དགེ་སློབ་བར་དུ་གཅིག་གི་མ་རེད་ལ། སློབ་གྲོགས་བར་དུའང་གཅིག་གི་མ་རེད། མ་གཅིག་པ་དེས་སྙན་ངག་རེ་ལ་ཚོར་མྱོང་མི་འདྲ་བ་རེ་ཡང་ཡོད་པ་ཡིན།
སྙན་ངག་པ་ལྷ་རྩེའི་ཁུ་བྱུག་གི་གཤིས་སྤྱོད་ནི། བདེན་པ་ཞུས་ན། བཟང་ངན་དང་གནའ་དིང་ཚང་མ་འདྲེས་སོང་བ། སྤྲང་པོའི་ཁུག་མ་དང་གཅིག་པ་གཅིག་རྐྱང་རེད། གཤིས་སྤྱོད་ཁྱད་མཚར་འདི་ལ་བརྟེན་ནས། ཁོང་གིས་བྲིས་པའི་སྙན་ངག་གང་ཞིག་ཡིན་ནའང་ལབ་ཁྱོན་ནས་མི་ཤེས་པའི་ཁྱད་མཚར་ཞིག་ཡོད། དཔེར་ན། ཚིག་གི་སྦྱོར་བ་དང་བཤད་སྟངས་ཀྱི་འགྲོས་གནའ་དིང་བསྲེས་ཏེ། སྦྲུལ་རྩྭ་གསེང་ནས་རྒྱུག་པ་འདྲ་བའི་མཉེན་ལྕུག་བཟོས་པས། ཚིག་དོན་གཉི་གའི་སྔ་ཕྱིའི་འབྲེལ་དང་ཤུགས་རྐྱེན་ཐེབས་སྟངས། རེད་ཟེར་ནའང་མིན་པ་འདྲ་བོ། མ་རེད་ཟེར་ནའང་ཡིན་པ་འདྲ་བོ། ཚིག་དོན་འཁྱུག་ཆེ་ཐག་ཆོད་ནས། གཟབ་ནན་གྱིས་བལྟ་བའི་སྐབས་ན། མགོ་གཡས་ཀྱོག་དང་གཡོན་ཀྱོག་དབང་མེད་དུ་བྱ་ཤོར་བ། ཡིན་ཞིག་ཡིན་ན། ཡིག་འབྲུ་རྣམས་གཡས་གསེག་གཡོན་གསེག་གིས་བྲིས་ཡོད་ལས་ཆེ་བའི་རྣམ་འགྱུར་ཕྱིར་མངོན་བཅུག་གི་རེད།
ཁོའི་སྙན་ངག་གི་ཚིག་དོན་གྱི་འཁྱུག་ལ་བལྟས་པ་ཡིན་ན། ད་ཐེངས་ཀྱི་སྙན་དེབ། བཅད་མའི་སྙན་ངག་ཉིས་བརྒྱ་ཡས་མས་ཤིག་ཡོད་པ་ཅན་དེ་ལ། བྱང་ཆུབ་ལོ་མ། ཞེས་མ་བཏགས་པར། བྱང་ཆུབ་ཤིང་གི་རྩ་བ། ཞེས་བཏགས་ཡོད་ན། དཔེ་དོན་འབྱོར་ཆེ་བ་སྟེ། བྱང་ཆུབ་ཤིང་གི་རྩ་བ་ནི་ཁང་པའི་རྩིག་གསེང་དང་བྲག་གི་སྲུབས་ཀ་སོགས་ནས་འཛུལ་འགྲོ་བ་ནི་ཡིད་ཆེས་དཀའ་བ་ཞིག་ཡིན། ཁོའི་སྙན་ངག་གི་ཚིག་དོན་ཡང་། གང་ནས་གང་དུ་འཁྱུག་ཡོང་། ཇི་ལྟར་འཁྱུག་ཡོང་། ཅིའི་ཕྱིར་འཁྱུག་ཡོང་། ང་ཚོའི་བློ་ཡུལ་དུ་འཁོར་མི་ཐུབ་པ་ལྟ་བུ་རེད་ལ། ཁོ་རང་ལའང་བག་ཆགས་ལྟ་བུས་དབང་མེད་དུ་སྨྱུག་རྩེར་སླེབ་ཡོང་བ་ལས། སྦྱངས་ནས་ཤེས་ཤིང་། གཞན་ལ་སློབ་ཏུ་ཡོད་པའི་ཐབས་ཇུས་ཤིག་ཅང་མིན་པ་འདྲ།
ངས་ཁོའི་སྙན་ངག་ལ་ཆོ་མེད་རབས་ཆེས་མང་པོ་བཤད་མྱོང་ཡོད། ཡིན་ནའང་། ཁོའི་སྙན་ངག་ཆོ་ཡོད་ལ་མེད་དེ་ཚོ་མཐོང་བ་ན། ཕོ་མོ་རྒས་གཞོན་མང་པོ་ཞིག །དབྱར་ཀའི་ར་ལ་ཚྭ་དྲི་བྲོ་བ་བཞིན། ལུས་འདར་མིག་བཙུམས་ནས་མཆོང་ཡོང་གི་གདའ་བ། དེ་ལ་བལྟས་པ་ཡིན་ན། མིག་མེད་ཀྱི་གཟུགས་བཞིན་དུ། ང་ལ་ཤེས་རབ་ཀྱི་མིག་མེད་ནས་ཁོའི་སྙན་ངག་གི་མཉེན་ལྕུག་བྲོ་བ་མྱོང་མ་ཐུབ་པ་ཡིན་པ་འདྲ་སྟེ། ང་མ་གཏོགས་གཞན་པ་ཚང་མ་ལྐུགས་པ་རེད་ཟེར་ན། ང་རང་ལྐུགས་པ་ཡིན་པའི་རྟགས་རེད་མོད།
སྙན་ངག་པ་སོ་སོར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་ཡོད་པའི་དཔེ་མཚོན་དུ། མཛེས་པའི་དཔེ་སྟོན་པ་ལ་མཆོག་ཏུ་གྱུར་པ་སློབ་དཔོན་ནག་མོའི་ཁོལ་པོ། རྗེས་ཁྲིད་ཀྱི་སྒྲ་རྒྱན་སྦྱོར་བ་ལ་མཆོག་ཏུ་གྱུར་པ་སློབ་དཔོན་བྷ་ར་ཝི། སྙན་པའི་ཉམས་འདོན་པ་ལ་མཆོག་ཏུ་གྱུར་པ་སློབ་དཔོན་དབྱུག་པ་ཅན། དེ་གསུམ་ཀ་ལ་མཆོག་ཏུ་གྱུར་པ་སློབ་དཔོན་མརྒྷ། ཞེས་གནའ་བོའི་འཕགས་ཡུལ་པ་རྣམས་ཀྱིས་བཤད་སྲོལ་ཡོད་པ་བཞིན། ང་ཚོའི་སྤྱི་ཚོགས་ནས་ཀྱང་སྙན་ངག་པ་ལྷ་རྩེའི་ཁུ་བྱུག་ནི་མཉེན་ལྕུག་གི་ཉམས་འདོན་པའམ། འཁྱོག་པོའི་ཉམས་འདོན་པ་ལ་མཆོག་ཏུ་གྱུར་པ་ཡིན་པ་ནི་ཁོང་གི་སྙན་ཚིག་ལས་མངོན་གྱི་ཡོད།
གཤིས་སྤྱོད་མི་འདྲ་བའི་ཆོས་ཉིད་འདི་ལ་བརྟེན་ནས། མི་བུ་མང་པོ་ཞིག་ནི། སྤྱིར་ཤེས་ཡོན་དང་། ལྷག་ཏུ་སྙན་ངག་གི་བྲོ་བས་ར་བཟི་ནས། སོ་སོའི་ལུས་སྲོག་ལོངས་སྤྱོད་ཡོད་ཚད་ཐེད་ལ་བོར་ཏེ་རྒྱུག་མཁན་ཡང་གདའ་བ། ཡང་མི་བུ་འགའ་ཤས་ལ་ནི། སྦལ་པའི་ཚྭ་བཞིན་དུ། སྤྱིར་ཤེས་ཡོན་དང་། ལྷག་ཏུ་སྙན་ངག་མི་འཕྲོད་པའང་གདའ་བ། ཡང་ཁ་ཤས་ཤིག་ནི། དམུས་ལོང་སྔོན་ན་མཛེས་མའི་གཟུགས་བཞིན་དུ། སྤྱིར་ཤེས་ཡོན་དང་། ལྷག་ཏུ་སྙན་ངག་གི་བྲོ་བ་མྱོང་མི་ཐུབ་པའང་གདའ་བ།
གང་ལྟར་གནའ་དིང་གི་མཁས་བླུན་བགྲང་ལས་འདས་པ་ཞིག་གིས། སྙན་ངག་གི་ཚིག་དོན་བཟང་ངན་མི་འདྲ་བ་ས་ཆེན་པོའི་རྡུལ་གྲངས་དང་མཉམ་པ་བྲིས་པ་རེད་ལ། དེ་ལས་ལྷག་པའི་མི་གྲངས་ཀྱིས་སྔར་ཡང་བཀླགས་པ་རེད། ད་ལྟར་ཡང་ཀློག་གིན་ཡོད། མ་འོངས་པར་ཡང་བཀླག་ངེས་རེད། ཀློག་པ་ན་རང་ལ་དགའ་སྐྱོའི་ཚོར་བ་དམིགས་བསལ་བའི་ངང་ནས་ལེགས་ཉེས་རྣམ་འབྱེད་ཀྱི་ཤེས་རབ་གསར་པ་རེ་ཐོབ་ཀྱི་ཡོད་ཅིང། རང་ཉིད་སྨྲ་ཤེས་དོན་གོའི་མི་བུ་ཞིག་ཡིན་པའི་ངོས་ནས་བསམ་ན། སྙན་ངག་བལྟ་ཀློག་བྱེད་པ་ནི་རྒྱལ་ཁ་ཨང་དང་པོ་སྟེ། སྨྲ་ཤེས་དོན་གོ་དངོས་ཤིག་ཡོང་བའི་ཐབས་ལམ་ཡག་ཤོས་གྲས་ཡིན་པས་སོ། །
(བོད་ཡུལ་གྱི་ས་གནས་ཕལ་ཆེ་བའི་གཞུང་སྒེར་གྱི་དེབ་ཚོང་ཁང་དག་ལ་ཡོད་འདུག མཆན།)