ཨ་དམར་པོ།
རྐང་མཐིལ་ལ་ས་འགོས་ཡོད་མཁན་ཐམས་ཅད་ཀྱིས་ལམ་གྱི་སྤྱི་དོན་རྟོགས་ཡོད། དབྱེ་སྒོ་སྣ་ཚོགས་པའི་དབང་གིས་རིགས་ཀྱང་སྣ་ཚོགས་པ་ཡོད་ཚོད། འགྲོ་བ་མིའི་སྤྱི་ཚོགས་འགོ་ཚུགས་ནས་ཅང་མ་འགོར་བའི་སྐབས་ལ་ལམ་འདི་གཉིས་ཀྱི་རྣམ་དབྱིབས་གསལ་བོ་མངོན་མེད་ནའང་། དུས་ཀྱི་འཕོོ་འགྱུར་དང་བསྡེབས་ཏེ་འགྱུར་ལྡོག་གི་ཆོས་ཉིད་ལྟར་དུས་རབས་ག་གེ་མོ་ཞིག་ལ་རང་གཟུགས་གསལ་བོ་མངོན་ཏེ། འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་གསུམ་གྱི་གོ་རིམ་རིང་མོ་བརྒྱུད དེ་སྲོལ་དུ་ཆགས་ཤིང་ལུགས་སུ་གྲུབ། གོ་རིམ་དེ་ནི་ལམ་འདི་གཉིས་ཀྱི་ལོ་རྒྱུས་ཀྱི་བྱུང་བ་ཡིན།
གཞུང་ལམ་ནི་ཁ་ཞེང་ཆེ་ལ་གཞུང་ཐིག་གསལ་བ། ཀྱག་ཀྱོག་མེད་པར་བདེ་ཞིང་འཇམ་པ། མི་དམངས་བྱིངས་ཀྱིས་མཐོང་ཞིང་ཤེས་པའི་ཉི་འོད་ཀྱི་རྐང་ས་ཡངས་མོ་དེ་རེད། གཞུང་ལམ་གྱི་བདག་པོ་མཐུ་སྔགས་ཅན་གྱི་ཆོས་བ་མིན་ལ། ཐོབ་ཐང་ཅན་གྱི་དཔོན་པོ་མིན། འབྱོར་ལྡན་ཅན་གྱི་ཕྱུག་པོ་མིན། དྲག་རྩལ་ཅན་གྱི་དཔའ་བོ་མིན། གཡོ་སྒྱུ་ཅན་གྱི་ཁྱི་སྦྱང་དེ་བས་ཀྱང་ག་ལ་ཡིན། གཞུང་ལམ་འདིའི་བདག་པོ་ནི་བདེན་པ་དང་གནས་ལུགས། རང་དབང་དང་འདྲ་མཉམ། རྩ་དོན་དང་རྩ་ཁྲིམས་ལ་དགའ་བའི་མི་དམངས་ཡིན། མིའི་རིགས་ཀྱི་འཚོ་བའི་རྨི་ལམ་དང་རིགས་ཀྱི་རེ་མདུན་བཅོལ་སའི་བཞུད་ལམ་ཡངས་མོ་དེ་ཅི་ལ་མིན། ལམ་འདིའི་གཡས་གཡོན་ན་ལུགས་མཐུན་ཁྲིམས་མཐུན་དང་། ཡོངས་ཁྱབ་རིན་ཐང་ཅན་གྱི་ཤེས་རིག་སྙིང་བཅུད་བསྟིམས་ཡོད་པའི་རྒན་མོ་གསེར་ཁུར་གྱི་ཁྲོམ་རའང་ཡོད། འཕྲང་དོག་པའི་གཡང་གཟར་དང་འགག་སྒོ་དབེན་པའི་བདེ་ཞིང་འཇམ་པའི་ལྷ་ལམ་ཡངས་མོ་དེ་རེད།
དེར་བརྟེན་གཞུང་ལམ་དུ་ཞོགས་ཀའི་ཉི་ཟེར་འོག་ན་རྒན་རྒོད་མང་པོས་མ་ཎི་ལག་འཁོར་རེ་སྐོར་བཞིན་འཛུམ་མདངས་དང་བཅས”ལོ་ལོན་ལས་ཀ་དགེ་སྒྲུབ”ཟེར་བཞིན་སྟོད་ཀྱི་དགོན་པ་ཆུང་ཆུང་དེའི་ཕྱོགས་སུ་གཅིག་རྗེས་གཉིས་མཐུད་ངང་ཕེབས་དང་ཕེབས་ཀྱི་འདུག ཡང་ཕོ་གཞོན་མོ་གཞོན་ཚོས་ཚོན་མདངས་བཀྲ་བའི་གློག་སྒྲོན་ལམ་སྟོན་ལྟར་འུར་འུར་ཟང་ཟིང་ངང་འཚང་ག་ཤིག་ཤིག་གིས་རླངས་འཁོར་ཆེ་ཆུང་སྣ་ཚོགས་སུ་རང་རང་གི་འདོད་མོས་ལྟར་རང་དབང་གི་འཚོ་བའི་ཕྱོགས་སུ་ཆས་བཞིན་འདུག ད་དུང་བྱིས་པ་སྣབས་ལུག་ཚོའང་དཔེ་ཁུག་ལྗིད་ཤུགས་ཅན་རེ་ཁུར་ནས་རང་རང་གི་སློབ་གྲྭའི་བརྒྱ་སྒོ་འཚོལ་བཞིན་རྩེ་ཞོར་དགོད་ཞོར་དང་། འགྱེལ་ཞོར་ལངས་ཞོར། ཟ་ཞོར་འཐུང་ཞོར་དུ་ཤེས་རིག་གི་སྙིང་ཁུ་འཐུང་དུ་བཞུད་ཀྱིན་འདུག
ཡ་མཚན་པ་ཞིག་ལ། དབང་བོ་སྐྱོན་ཅན་གྱི་བུད་མེད་ལོ་གཞོན་ཞིག་གིས་རྐང་བ་ཕྲ་ཞིང་ནག་ལ། བེད་སྤྱོད་གཅིག་ཀྱང་བྱེད་མ་མྱོང་བ་དེ་ཐག་པ་དམར་པོ་ལེབ་མོ་ཞིག་གིས་སྐེ་ལ་བཏགས་ཏེ། ཤིང་ལེབ་གྲུ་བཞི་འོག་ན་ལྕགས་ཀྱི་འཁོར་ལོ་ཅན་གྱི་སྟེང་དཀྱིལ་ཀྲུང་ལྟ་བུར་བསྡད་དེེ་ལག་པ་གཉིས་ཀྱིས་གྲུ་ཁེམ་ལྟ་བུར་བྱེད་ཀྱིན་སློང་མོ་བྱེད་དུ་འགྲོན་པོ་ཚོའི་མདུན་ལ་འགྲོ་བཞིན་འདུག། ཡང་ཕར་ཕྱོགས་ན་རྟ་ནོར་ལུག་གི་ཁྱུ་ཚོགས་རེ་ཀྱང་བཞུར་ནས་ཡོང་གི་འདུག དེའི་བར་ས་འབུ་ནག་རིང་དེ་ཡང་བག་ལྷོད་ལྷོད་ངང་ནུར་ནས་འགྲོ་བཞིན་འདུག གཞུང་ལམ་དེ་སྒང་ན་ཕར་འགྲོ་ཚུར་འོང་གི་འགྲིལ་བཞུད་པ་ནམ་མཁའི་སྐར་ཚོོགས་ལྟར་གྲངས་ཀྱིས་ག་ལ་ཟིན།
ད་དུང་ངའི་རྒྱབ་ཕྱོགས་ན་ཆོས་ཀྱི་པོ་ཏི་རེ་ཕྱག་གིས་མཐོ་སར་གཏེགས་ནས་དགེ་སྦྱོང་ཁྱུ་གཅིག་གིས་གླེགས་བམ་འདིའི་ཡང་སྙིང་གཞུང་ལམ་འདིར་ཐིམ་ཡོད་ཟེར་བཞིན་གཞུང་ལམ་གྱི་རིན་ཐང་བརྗོད་ཀྱི་འདུག ཡང་ཁ་ཅིག་གིས་གཞུང་ལམ་གསར་གཏོད་ཆེད་དུ་འཛམ་གླིང་ཤར་ནུབ་མཁས་པ་ཁྲི་ཕྲག་གི་ཤེས་རབ་ཀྱི་ཐིག་པ་བསགས་ཡོད་ཟེར་ནས་ཁ་བཏགས་གནམ་ལ་བཏེགས་ཀྱི་འདུག ཡང་ལ་ལས་གཞུང་ལམ་འདི་ཁ་ཆག་སྣ་རལ་ལ་མི་འགྲོ་བའི་ཆེད་ལ་རྒྱུ་ཅན་དང་། རྒྱུ་འབྲས་བློ་མིག་ཅན་མང་པོས་ཚེ་སྲོག་གི་འགྲོ་གྲོན་བཏང་ཡོད་པ་ཤེས་དགོས་ཟེར་ནས་དཀའ་དྲིན་རྗེས་དྲན་བྱེད་ཀྱིན་འདུག ཡང་མི་ཁ་ཤས་ཀྱིས”འགྲོ་མིའི་ཐོབ་ཐང་ཡོངས་ཁྱབ་བསྒྲགས”སྐད་གསང་མཐོན་པོས་སྒྲོག་སྦྱང་བྱེད་ཞོར་འདི་གཉིས་ལའང་འབྲེལ་བ་དམ་ཟབ་ཡོད་པའི་ཚད་མའི་སྒྲུབ་བྱེད་མང་པོ་བཀོད་ཀྱི་འདུག ཡང་ཡིག་རྨོངས་མ་སེལ་བའི་རྒན་དར་གཞོན་གསུམ་མི་ཉུང་བ་ཞིག་གིས་མཐེ་བོ་གྱེན་ལ་ཀེར་ཏེ་ཤེས་ཚོད་ཀྱིས་གཞུང་ལམ་འདིའི་ཆེ་བ་བརྗོད་ཀྱི་འདུག ངས་ཀྱང་གཞུང་ལམ་ལ་སེམས་པ་ཤུགས་ཀྱིས་གླན་པ་ནི་ཁྱིམ་རྒྱུད་ཀྱི་ལམ་སྲོལ་དང་། རིག་གནས་གྱི་རིན་ཐང་རིག་ནས་བླང་དོར་གྱི་འདམ་ག་མ་འཆུགས་པ་ཅི་ལ་མིན།
རྐང་ལམ་ཕྲ་མོ་ནི་ཀྱག་ཀྱོག་ཆེ་ལ་ཁ་ཞེང་ཆུང་བ། གཞུང་ཐིག་མེད་པ། རྡོག་ས་རྩུབ་པ། མི་དམངས་བྱིངས་ཀྱིས་མི་མཐོང་མི་ཤེས་པའི་མུན་ནག་གི་གཡོ་ལམ་དོག་མོ་དེ་རེད། སྒེར་གཅོད་དང་སྒེར་སྡོམ་ཆེ་བའི་ལྐོག་ལམ་ཕྲ་མོ་ཀྱང་ཟེར། ལྐོག་ལམ་ཕྲ་མོ་འདིའི་གཡས་གཡོན་ན་བཀྲམ་ཡོད་པའི་ཅ་དངོས་ཡོད་ཚད་ནི་སྤྱི་ཁྲིམས་མདུན་ན་བཀག་སྡོམ་དངོས་ཟོང་ཡིན་པས་ནག་ཚོང་གི་ཁྲོམ་སྲང་ཡང་ཟེར། གང་ལྟར་ལྐོག་ལམ་དེའི་མཚམས་མཚམས་ན་སྒོ་ཆུང་རེ་ཡོད། དེའི་མིང་ལ་ལྟག་སྒོ་ཟེར། ལྟག་སྒོའི་སྒོ་འགྲམ་ན་སྒོ་སྲུང་དུ་སྒོ་ཁྱི་དམར་ནག་འཇིགས་སུ་རུང་བ་རེ་རེ་ཉམས་ང་སྙིང་རྗེ་ཅི་ཡང་མེད་པར་ཉིན་མཚན་ཁོར་མོ་ཡུག་ཏུ་ཀྲོང་ངེར་ལངས་ཡོད། སྲོག་ལ་བབས་ཀྱང་བཀའ་བཀོད་ཇི་ལྟར་བསྩལ་བ་དེ་ལྟར་རང་སྲོག་འདོར་ཐུབ།
ལྐོག་ལམ་དེའི་བདག་པོ་འདོད་རྔམ་ཆེ་ལ། རང་གཤིས་ཚ་བ། སྒེར་སེམས་རྒོད་པ། གསང་བ་ཆེ་པ། མངོན་ལྐོག་མང་བ། དཔུང་སྒྲིག་ཚགས་དམ་པ། ཇུས་འགོད་ཞིབ་ཚགས་པ། མི་སྲོག་ལེན་མཁས་པ། བརྒྱབ་ན་ཨ་ཕའི་མགོར་རྒྱག་ཕོད་པ། བརྒྱུག་ན་གཤིན་རྗེའི་འཕྲང་ལ་རྒྱུག་ཐུབ་པ། རྒུད་ན་མཆན་གྱི་བུའང་བཙོང་བ། ལྟོགས་ན་ཕ་མའི་ཤ་ཟ་ངེས་པའི་མི་ཚུགས་གཏུམ་སྤྱོད་ཅན་ཞིག་ཡིན། ཁོས་ལྟག་སྒོའི་འཛིན་བྱང་ལ་རིན་གོང་མཐོ་དམན་འབྲིང་གསུམ་དུ་བཅད་པ་མ་ཟད། ཁ་ཅིག་ལ་རིན་མེད་དུ་སྤྲོད་དགོས་པའི་ལམ་སྲོལ་བཙུགས་ནས་ལྐོག་ལམ་ལ་དད་པ་མཐུག་པའི་གདུལ་བྱ་རྣམས་ལ་བསྒྲགས་གཏམ་སྤེལ་བའང་སྲོལ་རྒྱུན་དུ་གྱུར་ཡོད།
ཞོགས་པ་ཞིག་ལ་ཨ་མ་རྒན་མོ་ཞིག་དྲེགས་པའི་སྐད་སྒྲ་བྲག་ལ་རྡེབ་ཀྱིན་འཛིན་བྱང་མེད་པར་ལྟག་སྒོ་ནང་རོལ་ནས་ཕྱི་ལ་ཞབས་གཡོགས་འགས་བསྐྱོར་ཏེ་ཡོང་གི་འདུག།ཕལ་ཆེར་ལྐོག་ལམ་གྱི་བདག་པོའི་ཨ་མ་ཡིན་པ་འདྲ། ཡང་ཕར་ཕྱོགས་ན་འཛིན་བྱང་སྔོན་པོ་རིན་གོང་ཆུང་ཆུང་ཅན་དེ་སྐེ་ལ་བཏགས་ནས་གླུ་དབྱངས་ལེན་བཞིན་ཕོ་གཞོན་དར་མ་ཞིག་བྲེལ་བ་ཆེན་པས་ལྟག་སྒོ་གཟས་ནས་ཡོང་གི་འདུག གོ་ཐོས་ལ་ཁོའི་ནུ་བོའམ་ཡང་ཆུང་མའི་ཕུ་བོ་ཡིན་པ་འདྲ། ཡང་བུད་མེད་ཁ་ཅིག་གིས་ཁ་དོག་སེར་པོ་ཅན་གྱི་འཛིན་བྱང་རིན་གོང་འབྲིང་ཙམ་ཅན་ལག་པར་བཟུང་སྟེ་འཛུམ་མདངས་བཅས་ཐད་གར་འཛུལ་ནས་འགྲོ་ཡི་འདུག
ཡང་རྒན་མོ་ལོ་ལོན་ཁ་ན་སོ་མུ་ཏིག་ཙམ་མེད་མཁན་ཞིག་གིས་ཁ་ནས་སྒྲོལ་མ་འདོན་ཀྱིན་ལག་གཉིས་ཐལ་མོ་སྦྱར་ནས་ངག་འཇམ་འཇམ་དང་། སྒྱིད་པ་གུག་གུག་གིས་འཛིན་བྱང་བསླངས་ནའང་། ངལ་བ་འབྲས་མེད་ཀྱིས་ཅི་ཡང་མ་འཐོབ་པར་ལོག་འགྲོ་ཡི་འདུག ཁྱི་སྡོམ་ཞིག་ཁ་ཟས་འཚོལ་དུ་ལྟག་སྒོར་འཛུལ་གྲབས་བྱས་ཚེ། དབྱུགས་པའི་ཉེས་བརྡུང་ཁུར་ནས་ངུ་སྐད་དང་མཉམ་དུ་རྒྱང་རིང་ལ་བྲོས། ཚོད་དཔག་གཅིག་བྱས་ན་ལྟག་སྒོ་དེའི་ནང་དུ་བག་ལྷོད་ལྷོད་བྱས་ནས་འཛུལ་མཁན་ཐམས་ཅད་བདག་པོ་གང་གི་ཤ་རུས་ཁྲག་གསུམ་ལ་འབྲེལ་བའི་སྙིང་ཤ་རེ་ཡིན་པ་འདྲ།
ད་དུང་ཡ་མཚན་པ་ཞིག་ལ། མེ་གླིང་ལྷོ་མ་སྟེ་ལྷོ་ཨ་རི་ནས་ཡིན་པའི་མགོ་སེར་བཟའ་ཚང་གཉིས་ཀྱིས་སྒྲོ་ལོར་སྔོན་པོ་བམ་ཁ་མཐུག་ཐག་ཆོད་པ་རེ་བསྣམས་ནས་ལྟག་སྒོར་འཇུག་དུས་ངག་གིས་དབྱིན་སྐད་མི་འཁྱོང་ནའང་མགོ་བོ་གཡུགས་ཙམ་གཡུགས་ཙམ་བྱེད་བཞིན་བསུ་མ་བགྱིས་ཏེ་ནང་ལ་འཁྲིད་སོང་། དེའི་རྗེས་ཏག་ཏག་ལ། སྐུ་ངོ་དང་སྐུ་ཞབས་རེ་གཉིས་ཀྱིས་བརྗིད་ཉམས་ཅན་གྱི་ལས་གོས་བསྣམས་ནས་རླངས་འཁོར་ཆུང་ཆུང་རེ་ཡིས་དུང་བརྡ་བྱས་དུས་ཁ་བཏགས་ཡུག་གཅིག་གིས་བསུ་མ་དང་བཅས་གདན་འདྲེན་བྱས་སོང། ཕྱིར་ལུས་ཀྱི་མི་དམངས་ཁྲོད་ན། རེ་ཟུང་གིས་མགོ་བོ་འཕྲད་དུ་གཡུགས་ནས་དབུགས་རིང་གཏོང་གི་འདུག ཁ་ཅིག་གིས་མཆིལ་ཞགས་འཕེན་བཞིན་ངོ་རྒོལ་རྣམ་འགྱུར་ངོམ་གྱི་འདུག ལ་ཤས་ཀྱིས་ཞེ་འཁོན་གྱི་སྡང་མིག་བགྲད་དེ་སྐྱོན་འཚང་བསྔོགས་བརྩི་བྱེད་ཀྱིན་འདུག། ལ་ལ་ཞིག་འུ་ཐུག་ཐབས་ཟད་ཀྱི་ལག་པ་མཆན་ལ་བཙུར་ནས་རྒྱབ་ཕྱོགས་ཀྱིན་འདུག ཞེན་པ་ལོག་ཏེ་སྔོན་ལ་གྲངས་ཀྱིས་གཞལ་ཡས་པ་རེ་བཞུད་ཟིན། ངའང་ལྐོག་ལམ་ལ་རྒྱབ་ཀྱིས་ཕྱོགས་ཏེ་རྒྱང་རིང་ལ་ཆས་པ་ཡིན ད་དུང་ངའི་རྗེས་ལ་མ་འོངས་པའི་མི་ཚོགས་མང་པོ་མང་པོ་བཞུར་ཡོང་བར་གདོན་མི་ཟའོ།
རྒན་ལགས་ཡོང་ཡོད། ༼ད་དུང་ངའི་རྗེས་ལ་མ་འོངས་པའི་མི་ཚོགས་མང་པོ་མང་པོ་བཞུར་ཡོང་བར་གདོན་མི་ཟའོ།༽ འདི་ཁུར་ནས་བུད་སོང་།
བློ་ཕམ་གཅིག སྒྱུ་རྩལ་ལ་དགའ་བའི་མི་ཞིག་མཚོན་ན།