སྙན་བཟང་གཡུང་དྲུང་ཚེ་རིང་།
བོད་བཙན་པོའི་རྒྱལ་རབས་ཀྱི་རྒྱལ་པོ་མཐའ་མ་ཞེ་གཅིག་པ་ལྷ་སྲས་དར་མ་ནི་བོད་ཀྱི་ལོ་རྒྱུས་ཁྲོད་དུ་གྲགས་སྐད་ཆེ་བའི་རྒྱུ་མཚན་གཙོ་བོ་གཅིག་ནི་ཁོང་གིས་སངས་རྒྱས་ཀྱི་བསྟན་པ་བསྣུབས་པར་གྲགས་པ་དེའི་དབང་གིས་ཡིན་ངེས་ཀྱང་། དེང་སང་ང་ཚོར་ཐོབ་པའི་ཏུན་ཧོང་ཡིག་ཆ་ལྟར་ན་ཁོང་ནི་བོད་ཀྱི་ཆོས་འབྱུང་ཁག་ཏུ་གསལ་བ་ཇི་བཞིན་ཐུགས་སུ་གདོན་གསོལ་བའི་སྐྱེ་བོ་བླུན་པོ་ཞིག་མིན་པར་སྙམ། རྒྱལ་པོ་ལྷ་སྲས་དར་མས་བསྟན་པ་བསྣུབས་ཚུལ་གྱི་ཡིག་ཆ་འཁོད་སྔ་ཤོས་ཀྱི་གྲས་ནི“སྦ་བཞེད”སླད་ཅན་དུ་གྲགས་པའི«ཆོས་འབྱུང་གི་ཡི་གེ་ཞིབ་མོ།»དང་། «སྦ་བཞེད་ཞབས་བཏགས་མ»[1] «ཡེར་པའི་དཀར་ཆག»སོགས་ཡིན་ལ། ལོ་རྒྱུས་འདི་དག་ལ་བརྟེན་ནས་བསྟན་པ་ཕྱི་དར་གྱི་རྗེས་སུ་བྱུང་བའི་ཆོས་འབྱུང་ཕལ་མོ་ཆེར་རྒྱལ་པོ་ཁོང་ནི་སྐྱེ་བོ་སྡིག་ཅན་ཞིག་ཡིན་ཚུལ་བྲིས་པ་རེད། ཏུན་ཧོང་ཡིག་རྙིང་དུ‘‘ལྷ་སྲས་དར་མ་མན་ཅད་དང་། འོད་སུས(སྲུང)དབོན་སྲས་མན་ཅད་དུ’’[2]ཞེས་རྒྱལ་པོའི་མཚན་ལ‘‘ལྷ་སྲས་དར་མ’’ཞེས་འབྱུང་ནའང་། «ལྡེའུ་ཆོས་འབྱུང»ནང‘‘དེ་ནས་ནག་པོ་ཕྱོགས་ཅན་གླང་དར་མ་བྱོན’’[3]ཞེས་དང་། དེའི་རྗེས་ཙམ་གྱི«ས་སྐྱ་བཀའ་འབུམ»དུའང‘‘རལ་པ་ཅན་གྱི་གཅེན་པོ་གླང་དར་ཆུ་མོ་ལུག་ལོ་ལ་སྐྱེས། སུམ་ཅུ་རྩ་དགུ་ལྕགས་མོ་བྱའི་ལོ་གཞུག་ལ་རྒྱལ་སར་བཏོན’’[4]ཞེས་བྲིས་འདུག་པས། ཕྲན་གྱིས་ཞིབ་ཏུ་མ་བཙལ་ཀྱང་ཕལ་ཆེར‘‘གླང་དར་མ’’ཞེས་པའི་མིང་འདི་ཉིད་དུས་རབས་བཅུ་གཅིག་དང་བཅུ་གཉིས་ཀྱི་སྐབས་དེ་ཤེད་ཅིག་ནས་དར་བ་གསལ་པོ་རེད།སྐབས་དེའི་ཆོས་འབྱུང་རྩོམ་མཁན་དག་ནི་ནང་པའི་ཆོས་ལུགས་ལ་དད་ཞེན་ཆེ་བའི་སྐྱེ་བོ་ཤ་སྟག་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྩམས་པ་ཞིག་རེད་སྙམ་མོད། འོན་ཀྱང་རྒྱལ་པོ་དེ་ཉིད་བཀྲོངས་མཁན་ལྷ་ལུང་དཔལ་གྱི་རྡོ་རྗེར་ལོ་རྒྱུས་ཀྱི་ནག་ཉེས་ཡོད་མེད་ལ་དེ་ཙམ་མ་གཟིགས་པར་རྒྱལ་པོ་དེའི་ལོ་རྒྱུས་ཀྱང་རབ་རིབ་དང་གབ་སྦས་ལྟ་བུ་བྱས་འདུག
ལོ་ཤས་ཀྱི་སྔོན་ལ་ཕྲན་གྱིས་ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐོར་ལ་ཞིབ་འཇུག་ཕྲན་བུ་བྱས་པའི་སྡོམ་ཚིག་ཅིག་འདིར་དྲངས་ན‘‘ཀ་ཐོག་ཚང་གིས་གསུངས་པའི་ལོ་ཚིགས་དེའི་དབང་དུ་བྱས་ན། ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་སྤྱི་ལོ་༧༨༤ལོར་འཁྲུངས་པའམ་ཡང་ན་སྤྱི་ལོ་༧༨༦ལོར་གང་རུང་ཞིག་ཏུ་སྐུ་འཁྲུངས་པ་རེད། ང་ཚོས་ཁོང་གི་གཤེགས་ལོ་མི་ཤེས་ཀྱང་། བླ་ཆེན་དགོངས་པ་རབ་གསལ་བསྙེན་པར་རྫོགས་སྐབས་ཁོང་མདོ་སྨད་དུ་བཞུགས་ཡོད་པ་ལ་དོགས་པ་རྣམ་རྟོག་མེད། སྤྱིར་བླ་ཆེན་པོའི་འཁྲུངས་འདས་ཀྱི་ལོ་ཚིགས་སྐོར་ལ་བཞེད་པ་མང་ནའང་། སྐབས་འདིར་རྒྱལ་པོ་ཁྲི་རལ་པ་ཅན་གྱི་སྐྱིད་རྟག་ཅེས་པར་བསྟུན་ནས་བཤད་པའི་བླ་ཆེན་པོའི་འཁྲུངས་ལོ་དེ་སྤྱི་ལོ་༨༩༢ དང་འདས་ལོ་སྤྱི་ལོ་༩༧༥ལ་ངོས་འཛིན་བྱེད་རྒྱུ་ཡིན། དེར་བརྟེན་བླ་ཆེན་པོ་བསྙེན་པར་རྫོགས་དུས་ནི་སྤྱི་ལོ་༩༤༡རེད། དེས་ན་བླ་ཆེན་པོ་བསྙེན་པར་རྫོགས་སྐབས་ལྷ་ལུང་དཔལ་གྱི་རྡོ་རྗེ་དགུང་ལོ་༡༥༧ཡས་མས་ལ་ཕེབས་ཡོད་པ་དང་། སྐབས་དེར་ཁོང་དན་ཏིན་ཕྱོགས་ན་བཞུགས་ཤིང་། དེ་ནས་ཁམས་ཀློང་ཐང་ཕྱོགས་སུ་ཕེབས་པ་སོགས་ལ་རོབ་རྩིས་ཤིག་བརྒྱབ་ན་ལྷ་ལུང་དཔལ་གྱི་རྡོ་རྗེ་དགུང་ལོ་བརྒྱ་དང་དྲུག་ཅུའམ་ཡང་ན་བརྒྱ་དང་བདུན་ཅུ་ལྷག་ལ་བཞུགས་པ་འདྲ་བས། འདི་ན་གསང་བ་ཆེན་པོ་ཞིག་འདུག་ལ། ཕྲན་གྱིས་གོང་དུ་གླེང་ཟིན་པའི་ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐུ་ཚེའི་ལོ་རྒྱུས་འདི་ནི་གང་ཟག་གཅིག་གི་ལོ་རྒྱུས་སམ། ཡང་ན་གང་ཟག་གཉིས་ཀྱི་ལོ་རྒྱུས་ཡིན་མིན་གསལ་པོ་མི་ཤེས་པས་དོགས་པ་ཞིག་རང་ཤུགས་སུ་སྐྱེས་བྱུང་། དོགས་པ་ནི་དོགས་པ་རང་ཡིན་ལ། དོགས་པ་དེ་སེལ་བར་ད་དུང་དཔྱད་གཞིའི་ཡིག་ཆ་ཁུངས་བཙན་མ་རྙེད་པར་བརྟེན་རེ་ཞིག་རྩོམ་ཡིག་འདིའི་མཇུག་བསྡུས་པ་ཡིན་ནོ།’’[5]ཞེས་པ་འདི་ཡིན་ལ། ཁོང་གི་ལོ་རྒྱུས་རྒྱས་པ་དེ‘‘ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐུ་ཚེའི་ལོ་རྒྱུས་འཚོལ་ཞིབ’’ཅེས་པའི་རྩོམ་ཡིག་དེའི་ནང་བྲིས་ཡོད་པས་བསྐྱར་ཟློས་མ་བྱས་སོ།
དེ་ལ་འདིར་རྩོམ་ཡིག་འདིའི་ནང་ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་བསམ་ཡས་ཀྱི་མཁན་པོ་ཞིག་ཡིན་མིན་གྱི་སྐོར་ཏུན་ཧོང་ཡིག་ཆ་[3]ཞིག་ལ་རྐྱེན་བྱས་ཏེ་ཉུང་བསྡུས་ཤིག་གླེང་བར་འདོད། སྤྱིར་བཏང་ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་བསམ་ཡས་ཀྱི་མཁན་པོ་ཞིག་ཡིན་ཚུལ་ལོ་རྒྱུས་རྙིང་པ«སྦ་བཞེད»དང་། «ཡེར་པའི་དཀར་ཆག»གཙོས་པའི་ཕྱིས་བྱུང་གི་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཁག་ཏུ་མི་གསལ་མོད། མཁས་དབང་མཁར་རྨེའུ་བསམ་གཏན་ལགས་ཀྱིས‘‘ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐོར་ཆོས་འབྱུང་སོ་སོ་ནས་བཤད་སྟངས་མི་འདྲ་བ་ཡོད། འགའ་ཤས་ནས་གྲུབ་ཐོབ་ལྟ་བུ་དང་ཡང་འགའ་ཤས་ནས་སྔགས་བཙུན་ལྟ་བུ་ཞིག་ཡིན་པར་བཤད་མོད། ཁོང་ནི་སངས་རྒྱས་ཆོས་ལུགས་ཀྱི་གྲྭ་པ་ཞིག་ཡིན་པར་མ་ཟད་བསམ་ཡས་ཀྱི་མཁན་རབས་དགུ་པ་ཡིན་པ་གནའ་རབས་ཀྱི་ཡིག་ཆ་ཏུན་ཧོང་ཡིག་རྙིང་མའི་གྲས་ནས་བདག་གིས་རྙེད་བྱུང་།’’[6]ཞེས་དང་། ཁོང་གི་རྩོམ་ཡིག་གཞན་ཞིག་ཏུའང‘‘གནའ་བོའི་དཔྱད་ཡིག་ཅིག་ནང་དུ་སྦ་གསལ་སྣང་གིས་གཙོས་པའི་བསམ་ཡས་དགོན་གྱི་མཁན་པོའི་མིང་ཐོ་ཞིག་འདུག་པ་དེའི་ཁྲོད་དུ་ལྷ་ལུང་དཔལ་རྡོར་ཞེས་པའི་མིང་དེ་ཨང་དགུ་པར་བཞག་འདུག་པ་ལས་དེ་པ་ནི་བསམ་ཡས་དགོན་གྱི་མཁན་པོ་སྐུ་ཐོག་དགུ་པ་དེ་ཡིན་ཚུལ་བསྟན་ཡོད་དོ།’’[7]ཞེས་གསུངས་ཡོད། གསུང་བབ་འདི་ལ་བརྟེན་ནས་དེང་སང་ང་ཚོས་ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་བསམ་ཡས་ཀྱི་མཁན་པོ་ཞིག་ཡིན་པར་མ་ཟད་མཁན་རབས་དགུ་པ་ཡིན་པར་འདོད་ཀྱིན་ཡོད་ལ། ཏུན་ཧོང་ཡིག་ཆའི་སྐོར་ལ་ཞིབ་འཇུག་གནང་མཁན་ཕྱི་གླིང་གི་བོད་པ་བ་ Sam Van Schaik ལགས་ཀྱིས་ཀྱང་ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་བསམ་ཡས་ཀྱི་མཁན་རབས་དགུ་པ་ཡིན་ཚུལ་འདི་ལྟར“ Lhalung Palgyi Dorjee was the ninth abbot of Samye, the great temple built in the reign of Trisong Detsen.” [8]ཞེས་གསུངས་འདུག ད་དུང་དུས་དེབ་དང་དྲ་ལམ་ཁག་ཏུ་འདི་འབྲེལ་གྱི་རྩོམ་ཡིག་གང་མང་བྲིས་ཡོད་པ་མཐོང་ནའང་། དེ་དག་གིས་བཤད་པའི་ཁུངས་ལུང་ནི་གོང་དུ་དྲངས་པའི་ཚིག་དུམ་འདི་དག་ལ་བཅོལ་ཡོད་པས་འདིར་ལུང་ཚིག་གང་མང་འདྲེན་པའི་དགོས་པ་མ་མཆིས།
དེས་ན། མཁས་དབང་མཁར་རྨེའུ་བསམ་གཏན་ལགས་ཀྱིས་གཟིགས་མྱོང་བའི་ཏུན་ཧོང་ཡིག་ཆ་ནི‘‘ཏུན་ཧོང་ཡིག་ཆ། (ལ་ཝ་ལེ་པུ་སན་1962,No.689/2)’’ཞེས་པ་འདི་ཡིན་པ་འདྲ་ནའང་། ཁོང་གིས་སྤྱི་བམ་ཙམ་གྱིས་ཆོག་པར་གནང་སྟེ་ཏུན་ཧོང་ཡིག་ཆ་དེའི་ཚིག་དུམ་དེ་དག་དངོས་སུ་རྩོམ་ཡིག་ནང་དྲངས་མེད་སྟབས། ང་ཚོས་དོན་དངོས་སུ་ཏུན་ཧོང་ཡིག་ཆ་དེའི་ནང་ག་རེ་བཤད་ཡོད་མེད་ཤེས་ནུས་བྲལ། ཕྲན་གྱིས་ལྷ་ལུང་དཔལ་རྡོར་སྐོར་གྱི་རྩོམ་ཡིག་ཅིག་འབྲི་སྐབས་ཡིག་ཆ་དེར་མཇལ་འདོད་ཤིན་ཏུ་ཆེ་ཡང་མ་ཐོབ་ཀྱང་། དེ་ནས་བཟུང་ཡིག་ཆ་དེ་བཙལ་འཚོལ་བྱས་པ་ཡིན། སྟབས་ལེགས་པ་ཞིག་ལ་ཕྲན་ལ་ཐོབ་པའི་ཏུན་ཧོང་ཡིག་ཆ་དེའི་ཚིག་དུམ་དེ་དག་གསལ་པོར་དྲངས་ན་འདི་ལྟར། ‘‘བོད་ཡུལ་དུ་བྱུང་བའི་དགེ་བའི་བཤེསཉེན་གི་རྒྱུདཀྱི་རྣམ་གྲངས་ལ། རྒྱ་གར་གི་མཁན་པོ་བོ་དེ་སྦོ་དེ་སྦ་དྦ་ལས་བསྦོགས་པའི་སློབ་མ་ནི། དབའ་བཙུན་བ་ཡེ་ཤེས་དབང་པོ། དབའ་དཔལ་དབྱངས། ངན་ལམ་རྒྱལ་མཆོག་དབྱངས། འགོ་འབློམ་རྡོ་རྗེ་རྒྱལ་པོ། ཇེང་གསལ་རབ་རིན་པོ་ཆེ། མྱང་མཆོག་རབ་གཞོན་ནུ་མྱང་གཞག་མྱི་གོ་ཆ། གླེའུ་གཞོན་ནུ་སྙིང་པོ། ལྷ་ལུང་དཔལ་གི་རྡོ་རྗེ། ཆོག་རོ་དཔལ་གི་སེང་གེ། བོག་རོ་བྱམས་པའི་སེང་གེ། ཅོག་རོ་བྱམས་པའི་སེང་གེ། བོག་རོ་འཆོས་ཀྱི་བཤེས་ཉེས། དེ་ལས་བསོགས་པ་ནི་བསམ་ཡས་དང་འཕྲུལ་སྣང་ཡན་བར་གྱི་དགེ་བའི་བཤེས་གཉེན་འལ་སྟོ(ལགས་སོ)། །’’[9]ཞེས་པ་འདི་རེད། ཕྲན་གྱིས་ཚོད་དཔག་བྱས་པ་ལྟར་ན་ཕལ་ཆེར་མཁས་དབང་མཁར་རྨེའུ་བསམ་གཏན་ལགས་ཀྱིས་གོང་དུ་གསལ་བའི་མཁན་ཆེན་བོ་ངྷི་ས་ཏྭའི་སློབ་མ་དང་དགེ་བའི་བཤེས་གཉེན་འདི་དག་ནི་བསམ་ཡས་ཀྱི་མཁན་པོ་ཡིན་པ་དང་། ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་ཡར་ནས་མར་བརྩིས་ན་དགུ་པར་(མཁན་ཆེན་ཞི་བོ་འཚོ་བསྣན་ན་དགུ་པ་དང་། དེ་མིན་བརྒྱད་པ་རེད)འཁེལ་འདུག་པས་མཁན་རབས་དགུ་པར་དགོངས་པར་སྙམ་མོད། འོན་ཀྱང་། འདི་དག་ནི་བསམ་ཡས་ཀྱི་མཁན་རབས་མ་ཡིན་ཚུལ་གཤམ་དུ་འཆད་པར་འགྱུར་རོ།
གོང་གི་ཏུན་ཧོང་ཡིག་ཆ་འདི་ལ་མཇལ་ན་ལྷ་ལུང་དཔལ་གྱི་རྡོ་རྗེ་རབ་ཏུ་བྱུང་བའི་དགེ་སློང་ཞིག་ཡིན་པ་ཤེས་ནའང་། བོད་ཀྱི་ཆོས་འབྱུང་དཔེར་ན«སྦ་བཞེད།»དང་། «ལྡེའུ་ཆོས་འབྱུང་།» «མྱང་ཆོས་འབྱུང་།» « བུ་སྟོན་ཆོས་འབྱུང་།» « ཡར་ལུང་ཇོ་བོའི་ཆོས་འབྱུང་།» མདོར་ན«དེབ་སྔོན»སོགས་ཀྱི་ནང་སད་མི་བདུན་གྱི་མཚན་སྣ་ཚོགས་མཆིས་པ་དེ་དག་གི་ནང་དུ་ལྷ་ལུང་དཔལ་གྱི་རྡོ་རྗེ་རབ་ཏུ་བྱུང་བའི་ལོ་རྒྱུས་མི་གསལ་བར་མ་ཟད། ཁོང་མཁན་ཆེན་ཞི་བ་འཚོ་ལས་རབ་ཏུ་བྱུང་ཡོད་མེད་ཀྱི་ལོ་རྒྱུས་ཀྱང་མི་གསལ། མཁན་ཆེན་ཞི་བ་འཚོར་མཚོན་ནའང་ཁོང་གི་སྐུ་ཚེའི་སྨད་དུ་བོད་ཀྱི་ཁྱིམ་པ་བ་ཚོར་རབ་བྱུང་གི་སྡོམ་པ་མནོས་པའི་ལོ་རྒྱུས་མཇལ་རྒྱུ་མེད་ལ། ཇོ་མོ་གཅེན་ཁྲི་རྒྱལ་མོ་བཙན་དང་སྲུ་བཙན་མོ་རྒྱལ་ལ་སོགས་པའི་མི་བརྒྱ་ལྷག་མཁན་པོ་སྦ་རཏྣ་ལས་རབ་ཏུ་བྱུང་བའི་ལོ་རྒྱུས་ཡོད། ཕྱོགས་གཞན་ཞིག་ནས་བཤད་ན། «སྔོན་གྱི་གཏམ་མེ་ཏོག་ཕྲེང་བ»རུ“རྦ་གསལ་སྣང་དང་བདུན། མཁན་པོ་བོ་ངྷི་སཏྭ་ལས་རབ་ཏུ་བྱུང་ལ་ཤིན་ཏུ་བཟང་བར་བྱུང་སྟེ་རད་ན་ལས་སང་མི་གྲགས་སོ། དེ་ལས་གྱེས་ནས་བཙུན་མོ་གསུམ་གྱིས་དབུ་བྱས་པའི་འབངས་རལ་བ་ཅན་སུམ་བརྒྱ་དུས་གཅིག་ལ་རབ་ཏུ་བྱུང་།”[10]ཞེས་བོད་མི་སུམ་བརྒྱ་ལྷག་སྡེབས་གཅིག་ལ་རབ་ཏུ་བྱུང་བའི་ལོ་རྒྱུས་ཡོད་པས། དུས་ཚོད་ཀྱི་ཆ་ནས་བཤད་ན་ལྷ་ལུང་དཔལ་གྱི་རྡོ་རྗེ་སྐབས་དེ་འདྲ་ཞིག་ལ་རབ་ཏུ་བྱུང་དགོས་པ་འདྲ་ནའང་ད་དུང་ཁ་ཚོན་གཅོད་ཐུབ་པའི་སྤོབས་པ་མ་རྙེད། «ལྡེའུ་ཆོས་འབྱུང»ནང‘‘སད་མི་མི་བཅུ་གསུམ་རབ་ཏུ་བྱུང་།’’[11]ཞེས་འབྱུང་བར་བརྟགས་ན། གོང་གི་ཏུན་ཧོང་ཡིག་ཆར་གསལ་བའི་དགེ་བའི་བཤེས་གཉེན་འདི་དག་གི་གྲངས་ཀ་དང་ཏག་ཏག་མཐུན་པས་འདི་ལའང་བརྟག་དཔྱད་གནང་དགོས་པར་སྙམ། གང་ལྟར། བསམ་ཡས་དང་འཕྲུལ་སྣང་ཡན་བར་གྱི་དགེ་བའི་བཤེས་གཉེན་འདི་དག་གི་མཚན་རེ་ཟུང་སད་མི་བདུན་དང་རྗེ་འབངས་ཉེར་ལྔའི་གྲས་སུའང་མཇལ་རྒྱུ་འདུག
ད་ཕན་བོད་ཀྱི་ཡིག་རྙིང་དང་ཆོས་འབྱུང་ཁག་ཏུ་བསམ་ཡས་ཀྱི་མཁན་རབས་རིམ་བྱོན་གྱི་མཚན་ཐོ་མཇལ་རྒྱུ་མེད་པས། བསམ་ཡས་ཀྱི་མཁན་རབས་རེ་རེ་ངོས་འཛིན་རྒྱུ་དེ་ལས་སླ་པོ་ཞིག་མ་ཡིན། འོན་ཀྱང་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་སྦ་གསལ་སྣང་རབ་བྱུང་བསྒྲུབས་ནས་བསམ་ཡས་ཀྱི་མཁན་པོར་བཞུགས་ཤིང་། མཁན་པོ་གཉིས་པོ་ནི་དབའ་དཔལ་དབྱངས་ཡིན་པའི་ལོ་རྒྱུས་ཀྱི་དཔེ་མཚོན་ཞིག་དྲངས་ན«སྦ་བཞེད»དུ‘‘དེ་དུས་རིང་ཞིག་ན་མཁན་པོ་བོབྷི་སཏྭ་ཕོ་བྲང་རིམ་དགུའི་འོག་ཁང་དུ་རྟས་ཕྲབ་(ཕྲ)རྒྱབ་སྟེ་ལམ་ཆེམས་ཡེ་ཤེས་དབང་པོ་ལ་བཞག་ཏེ་སྐུ་གཤེགས། དེའི་སྤུར་ཁང་ཧས་པོ་རིའི་རྒྱབ་ཏུ་བཞེངས་ནས་མཆོད་རྟེན་ཅིག་ཀྱང་བཞེངས། དེར་བཙན་པོས་ཡེ་ཤེས་དབང་པོ་རིང་ལུགས་སུ་བསྐོས་སོ།’’[12]ཞེས་དང་། ‘‘དེ་ནས་པྲ་ཏི་ཧ་ཏི་མཆོད་པ་བྱས་པའི་དུས་སུ་ཇོ་མོ་བཙན་ཁྲི་རྒྱལ་མོ་བཙན་དང་། སྲུ་བཙན་མོ་རྒྱལ་ལ་སོགས་པ་རྒྱ(བརྒྱ)རབ་ཏུ་བྱུང་བའི་མཁན་པོ་སྦ་རཎས་བགྱིས།’’[13]ཞེས་ཀྱང་འབྱུང་ལ། ‘‘དེ་ནས་ཉང་ལ་སོགས་པས་སྡིག་བསགས་པ་དེས་ཡེ་ཤེས་དབང་པོ་སྒོམ་པར་གསོལ་ཏེ་ཁྲོས་ནས་དབེན་ས་ལྷོ་བྲག་མཁར་ཆུ་བཙན་གྱི་བྲག་ཕུག་ཏུ་མཆིས་པའི་སླད་ན། ཤུལ་དུ་སྦ་དཔལ་དབྱངས་རིང་ལུགས་སུ་བསྐོས།’’[14]ཞེས་པ་འདི་དག་ལ་བསམ་ན་ང་ཚོས་བསམ་ཡས་ཀྱི་མཁན་རབས་དང་པོ་དང་གཉིས་པ་གཉིས་སུ་ཡིན་ཤེས་ཐུབ་མོད། དེའི་ཕྱིས་ཀྱི་མཁན་པོ་རིམ་བྱོན་གྱི་སྐོར་མི་གསལ། ཕྲན་གྱིས་སྦ་བཞེད་མི་འདྲ་བ་ཁག་ལ་ཞིབ་ཏུ་མཇལ་སྐབས། སྦ་ཡེ་ཤེས་དབང་པོ་དང་སྦ་དཔལ་དབྱངས་གཉིས་མཁན་པོར་བཞུགས་སྐབས་ཀྱང‘‘མཁན་པོ’’མིང་ཅན་གྱི་མི་ཡོད་པ་དཔེར་ན‘‘དབའ་བྲན་མཁན་པོ་མཉྫུས་ཤེས་རབ་འབུམ་ལྷ་སྲས་ཁྲི་སྲོང་ལྡེ་བཙན་རྗེ་འབངས་ལ་བཤད་པའི་ཚེ།’’[15]ཞེས་སྦ་བཞེད་དུ་འབྱུང་ལ། ཁོང་ནི་བསམ་ཡས་སྒྲ་བསྒྱུར་གླིང་དུ་ཆོས་ཀྱི་གླེགས་བམ་མང་པོ་བོད་ཡིག་ཏུ་བསྒྱུར་མཁན་དེ་དག་གི་ཁྲོད་ཀྱི་གཅིག་རེད། སྐབས་དེར་སྦ་ཡེ་ཤེས་དབང་པོ་དང་སྦ་དཔལ་དབྱངས་གཉིས་སྐུ་འཚོ་བཞུགས་གནང་བཞིན་པའི་དུས་སྐབས་ཡིན་སྟབས། ‘‘དབའ་བྲན་མཁན་པོ་མཉྫུས’’ཞུ་བ་ནི་བསམ་ཡས་ཀྱི་མཁན་པོར་བཞུགས་སྲོལ་མེད་པ་ལྟ་བུ་ཆགས་ཡོད། འོན་ཀྱང་། སྦ་དཔལ་དབྱངས་སྐུ་གཤེགས་རྗེས་མཁན་པོ་མཚན་ཅན་གྱི་མིང་ཞིག«སྦ་བཞེད»དུ་འབྱུང་བ་ནི་‘“མཁན་པོ་ཤཱནྟི་དང་། སྦ་བཟའ་དགེ་ལྡམ་ལ་སོགས་པས་མངོན་པར་བྱང་ཆུབ་པར་སྔ་བཞིན་བཙུགས་སོ།”[16]ཞེས་པ་འདི་རེད་ལ། ཁོ་བོའི་བསམ་ཚུལ་ལྟར་ན་བསམ་ཡས་ཀྱི་མཁན་རབས་གསུམ་པ་ནི་མཁན་པོ་ཤཱནྟི་ཞུ་བ་འདི་མིན་ནམ་སྙམ།
གོང་གི་ཏུན་ཧོང་ཡིག་ཆར་གསལ་བའི་མི་བཅུ་གཉིས་སམ་ཡང་ན་མི་བཅུ་གསུམ་འདི་དག་བསམ་ཡས་ཀྱི་མཁན་པོར་བཞུགས་ཡོད་ཚེ། ངན་ལམ་རྒྱལ་མཆོག་དབྱངས་ནི་བསམ་ཡས་ཀྱི་མཁན་རབས་གསུམ་པ་ཡིན་དགོས་ཤིང་། ཁོང་གི་རབ་བྱུང་གི་མཚན་ལ་གླང་ཁམས་པ་སུ་གྷ་ཏ་ཝརྨ་རཀྴི་ཏ་ཞེས་གསོལ་ཡོད་པས། སྦ་དཔལ་དབྱངས་སྐུ་གཤེགས་རྗེས་བསམ་ཡས་ཀྱི་མཁན་པོ་དེ་ཁོང་ཡིན་དགོས་ནའང་། ཁོང་ལ་མཁན་པོ་ཞེས་པའི་མིང་སྦྱར་ཡོད་པ་མ་མཐོང་། དེ་བཞིན་དུ་ཏུན་ཧོང་ཡིག་ཆར་གསལ་བའི‘‘ཆོག་རོ་དཔལ་གི་སེང་གེ’’ཞུ་བ་འདི«སྦ་བཞེད»དུ་“བླའི་བཀའ་ལུང་བཞིན་དུ། སུམ་པ་ཁྲི་ལྡེ་བཞི་དགེ་བ་བཙུད། སློབ་མ་ཡང་བཎྡྷེ་གླང་སུ་ཀ་ངྷ་དང་། དཔལ་གྱི་སེང་གེ་དང་། ཨཱ་ཙརྱ་ལ་སོགས་པ་ལགས་ཏེ”[17]ཞེས་འབྱུང་བའི“དཔལ་གྱི་སེང་གེ”ཞུ་བ་དེ་ཡིན་ཚེ། དཔལ་གྱི་སེང་གེ་འདི་ཉིད་ཀྱང་སྦ་དཔལ་དབྱངས་སྐབས་ཀྱི་མི་ཞིག་རེད་ལ། དུས་ཚིགས་དེད་ན་ཁོང་ནི་ལྷ་ལུང་དཔལ་གྱི་རྡོ་རྗེའི་རྗེས་ཀྱི་བསམ་ཡས་ཀྱི་མཁན་པོ་ཞིག་ཡིན་པ་དང་། ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་ཅོག་རོ་དཔལ་གྱི་སེང་གེའི་གོང་རོལ་གྱི་མཁན་པོ་ཡིན་དགོས་པས། དེ་ལྟར་བྱས་ན་སྦ་ཡེ་ཤེས་དབང་པོ་དང་སྦ་དཔལ་དབྱངས་གཉིས་སྐུ་འཚོ་བཞུགས་གནང་བའི་སྐབས་སུ་ལྷ་ལུང་དཔལ་གྱི་རྡོ་རྗེ་བསམ་ཡས་ཀྱི་མཁན་པོ་བཞུགས་པ་ལྟ་བུ་ཆགས་ཡོད་པས། འདི་ལ་རྒྱུ་མཚན་ཆེན་པོ་ཡོད་པར་མ་མཐོང་། ཕྲན་གྱི་བསམ་ཚུལ་ལྟར་ན། གོང་གི་ཏུན་ཧོང་ཡིག་ཆར་གསལ་བའི་སྐྱེ་བོ་འདི་དག་ནི་བསམ་ཡས་ཀྱི་མཁན་པོ་མིན་པར་སྙམ་ལ། ཏུན་ཧོང་ཡིག་ཆར‘‘མཁན་པོ”ཞེས་པའི་མིང་ཟུར་ཙམ་ཡང་སྦྱར་མེད་པ་རེད། ཕལ་ཆེར་སྐྱེ་བོ་འདི་དག་ནི་མཁན་ཆེན་ཞི་བ་འཚོའི་རིང་ལུགས་འཛིན་མཁན་གྱི་དགེ་སློང་ཁ་ཤས་ཡིན་པ་ཙམ་རེད། སྤྱིར་བཏང་ཞི་འཚོ་ཡབ་སྲས་གཉིས་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་འཛིན་མཁན་ཡིན་པ་དང་། སློབ་དཔོན་ཆེན་པོ་པདྨ་སམ་བྷ་བ་ནི་དབུ་མ་ཐལ་འགྱུར་བའི་ལྟ་བ་འཛིན་མཁན་ཡིན་པ་ཡོངས་གྲགས་ལྟ་བུ་ཡིན་པ་གང་ལྟར་ཡང་། ད་དུང་བརྗོད་གཞི་འདིའི་སྐོར་ལ་དཔྱད་པ་ནན་མོ་གཏོང་འདོད་ཡོད་ནའང་། གནས་སྐབས་རིང་བསམ་ཡས་ཀྱི་མཁན་རབས་རྣམས་དང་འབྲེལ་བའི་དཔྱད་ཡིག་མ་རྙེད་པས་རེ་ཞིག་བཞག་པ་ཙམ་མོ།
( ཉེ་ཆར་ཕྲན་གྱིས་རྩོམ་ཡིག་འདི་བྲིས་ཏེ་དྲ་རྒྱ་གཞན་ཞིག་ཏུ་སྤེལ་མོད། དེ་རིང་དགོས་དབང་གིས་འདིར་སྤེལ་བ་ཡིན། བརྗོད་གཞི་འདིའི་སྐོར་ལ་ཐུགས་རྒྱུས་ཡོད་པ་དག་གིས་དགོངས་འཆར་གནང་རོགས་ཞེས་ཞུའོ། )
[1] སྦ་བཞེད་ག་དུས་བརྩམས་སྐོར་ལ་རྩོད་པ་སྣ་ཚོགས་མཆིས་མོད། ༢༠༠༨ལོར་ཨིན་ཇིའི་རྒྱལ་ས་ལོན་ཊོན་ནས་འཚོགས་པའི་ཚོགས་ཆེན་དེའི་སྟེང་དུ་ Sam Van Schaik ལགས་ཀྱིས་ཏུན་ཧོང་ཡིག་ཆའི་ཁྲོད་ནས་སྦ་བཞེད་ཀྱི་ཤོག་དྲིལ་ཞིག་གཟིགས་འབུལ་ཞུས་པ་དེ་ལ་བརྟགས་ན་སྦ་བཞེད་ནི་བཙན་པོའི་དུས་སྐབས་ཀྱི་ཡིག་ཆ་ཞིག་ཡིན་ངེས་མོད། འོན་ཀྱང་ཕྱིས་སུ་ཡིག་ཆ་དེ་ལ་སྣོན་འཕྲི་བཏབ་པའང་ཟུར་བལྟས་ལེབ་མཐོང་ལྟ་བུའི་ཚུལ་དུ་ཡོད།
[2] ཀྲུང་གོའི་བོད་ཀྱི་ཤེས་རིག ༡༩༨༨ ལོའི་དེབ་བཞི་པ།
[3] ལྡེའུ་ཆོས་འབྱུང་། མཁས་པ་ལྡེའུ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༡ ཤོག་གྲངས ༣༥༣
[4] ས་སྐྱ་བཀའ་འབུམ། ཀུན་དགའ་སྙིང་པོ། ཤིང་དཔར་མ། བོད་བ་པར་བཞུགས།
[5] http://www.tsanpo.com/debate/3999.html
[6] མདའ་དང་འཕང་། སྟོད་ཆ། མཁར་རྨེའུ་བསམ་གཏན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ཤོག་གྲངས༡༤
[7] མདའ་དང་འཕང་། སྟོད་ཆ། མཁར་རྨེའུ་བསམ་གཏན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ཤོག་གྲངས ༡༥༧
[8] Tibet: A History. Sam Van Schaik. Yale University Press. Publication 2011. P 46
[9] ཏུན་ཧོང་ཡིག་ཆ་འདི་ནི་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་དགེ་རྒན་ཆེན་མོ་རྨེ་རུ་ཡུལ་ལྷ་ཐར་ལགས་ཀྱིས་ཕྲན་ལ་མཁོ་སྤྲོད་གནང་བྱུང་བར་བཀའ་དྲིན་ཆེ་ཞུ།
[10] བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། བོད་ལྗོངས་ཡིག་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ཤོག་གྲངས་ ༢༡ དང་ ༢༢ བར་གསལ།
[11] ལྡེའུ་ཆོས་འབྱུང་། མཁས་པ་ལྡེའུ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༡ ཤོག་གྲངས། ༣༥༣
[12] སྦ་བཞེད། སྦ་གསལ་སྣང་། མི་རིགས་དཔེ་སྐྲུན་ཁང་། ༡༩༨༠ ཤོག་གྲངས ༦༢
[13] སྦ་བཞེད་ཕྱོགས་བསྒྲིགས། བདེ་སྐྱིད་ཀྱིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས ༤༥
[14] སྦ་བཞེད། སྦ་གསལ་སྣང་། མི་རིགས་དཔེ་སྐྲུན་ཁང་། ༡༩༨༠ ཤོག་གྲངས ༦༤
[15] སྦ་བཞེད། སྦ་གསལ་སྣང་། མི་རིགས་དཔེ་སྐྲུན་ཁང་། ༡༩༨༠ ཤོག་གྲངས ༦༠
[16] སྦ་བཞེད། སྦ་གསལ་སྣང་། མི་རིགས་དཔེ་སྐྲུན་ཁང་། ༡༩༨༠ ཤོག་གྲངས ༨༡
[17] སྦ་བཞེད། སྦ་གསལ་སྣང་། མི་རིགས་དཔེ་སྐྲུན་ཁང་། ༡༩༨༠ ཤོག་གྲངས ༧༩
ལོ་རྒྱུས་ཞིབ་འཇུག་གི་གནས་ཚད་ཁྱད་དུ་འཕགས་པས་རྗེས་སུ་ཡི་རངས་ཞུ། ལྷ་ལུང་དཔལ་རྡོར་ནི་བཙན་པོའི་སྐབས་ཀྱི་བློན་ཆེན་ཞིག་ཡིན་རབས་ཀྱང་འདུག་པས་ཁོང་རབ་ཏུ་བྱུང་བའི་དུས་ཚོད་ནི་དགུང་ན་ཡར་ཙམ་སོན་ཡོད་ཚོད་འདུག འོ་ན་ཁོ་བློན་ཆེན་ནས་རབ་ཏུ་བྱུང་། རབ་ཏུ་བྱུང་རྗེས་བསམ་ཡས་ཀྱི་མཁན་པོར་བཞུགས་ཡོད་པའི་དབང་དུ་བཏང་ན་དགུང་ན་ཧ་ཅང་བགྲེས་བོ་ཞིག་ཏུ་བསླེབས་ཡོད་པ་ཚོད་དཔག་བྱེད་ཐུབ་ལ། དགུང་ན་བགྲེས་བའི་ལྷ་ལུང་དཔལ་རྡོར་གླང་དར་གྱི་ཞལ་ཟིན་པ་མ་ཟད་མདོ་སྨད་དུ་བླ་ཆེན་པོ་ལ་ཡང་འཕྲད་འདུག་པས་དོན་དམ་པར་ལྷ་ལུང་དཔལ་རྡོར་དགུང་ལོ་ག་ཚོད་ཅིག་བཞགས་ཡོད་པའི་ཚོད་དཔག་བྱ་ཐུབ་ཀྱི་རེད་དམ།
ལེགས་སོ།
་་་་་་་་ དེ་དག་གི་ནང་དུ་ལྷ་ལུང་དཔལ་གྱི་རྡོ་རྗེ་རབ་ཏུ་བྱུང་བའི་ལོ་རྒྱུས་མི་གསལ་བར་མ་ཟད། ་་་
འདི་ཙམ་བཀླགས་ཁོམ་བྱུང་བར། སད་མི་བདུན་ནང་ལ་ལྟ་ལུང་མ་དྲངས་པ་ན། དྲུག་ལས་བདུན་མི་འོང་། སད་མི་བདུན་གྱི་ལྷ་ལུང་དཔལ་རྡོར་དེ། གླང་དར་བཀྲོངས་ཡོད་མེད་ངས་མི་ཤེས།
ལྷ་ལུང་མིང་ཅན་ཅིག་གིས་བཀྲོངས་ནི་ས་གྲགས་གནམ་གྲགས་དེ་ལ་རྫུན་བོ་བྱས་བན་བོན་སུ་ལ་ཕན།
དཔྱད་གཞི་འདིར་གནད་ཆེ
་་་་་་་་སྦ་བཞེད་ནི་བཙན་པོའི་དུས་སྐབས་ཀྱི་ཡིག་ཆ་ཞིག་ཡིན་ངེས་མོད། འོན་ཀྱང་ཕྱིས་སུ་ཡིག་ཆ་དེ་ལ་སྣོན་འཕྲི་བཏབ་པའང་ཟུར་བལྟས་ལེབ་མཐོང་ལྟ་བུའི་ཚུལ་དུ་ཡོད། ་་་་་་
སུ་རུང་ཞིག་གིས། འཕྲི་སྣོན་གང་དང་གང་བཏབ་པ་རེད། ཅེས་འདིར་ཟུར་བཀོལ་སུས་ཐུབ་བམ། ལགས།
གླང་དར་མ་ནི། མིང་འདོགས་ཡིན་པས་ན། ཕྱིས་སུ་བཏགས་པ་བདེན་སྲིད། དེ་ཡང་སློབ་དཔོན་རིན་པོ་ཆེས། ལུང་བསྟན་དུ་ཁྲི་སྲོང་གི་རྒྱལ་བརྒྱུད་ལ་བདུད་ཀྱི་སྤྲུལ་པ་འོངས་ངེས། གསུངས་པ་དང། མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཆོས་འབྱུང་གཉིས་ལ་བརྟེན་ནས། གླང་གི་མིང་ཐོབ་དགོས་སྟངས་ཀྱང་དེར་ངེས་པ་འདྲ།
ཡིག་ཆར་ལྷ་སྲས་དར་མ་དང་འུ་དུམ་བཙན་པོ་སོགས་འཁོད་ངེས། ཐོག་མར་ཁྲི་ལ་ཕེབས་སྐབས་ལྷ་སྲས་ཀྱི་མཚན་དོན་ལྟར། ནང་པའི་ལྷ་ཁང་བཞེངས། མཆོད་འབུལ་བྱས། ནང་ཆོས་ལྟར་སྨོན་ལམ་ཡང་བཏབ་ཡོད་པ་འདྲ། དེ་ནས་ནག་ཕྱོགས་བློན་པོ་སོགས་ལ་བརྟེན་ནས། ཆོས་བསྣུབས་ཙང་། བོད་ལ་བསྟན་པ་སྔ་དར་དང་ཕྱི་དར་ཞེས་བསུབ་ཏུ་མེད་པའི་ལོ་རྒྱུས་དེ་དག་ཆགས་པ་རེད།
འདི་བཤད་ཞོར་དུ་སྐབས་དོན་ལྟར་ན། དར་མ་བཀྲོང་མཁན་ལྷ་ལུང་དཔལ་རྡོར་ནི། ཁྱིམ་རྒྱུད་མཐོ་ས་ཅིག་ལ་འཁྲུངས་པ་དང་། མདའ་སོགས་དཔའ་རྩལ་ཆེ་ལ། ཆོས་སེམས་ཤིནད་ཏུ་ཆེ་དྲག་ནས་བསྟན་པ་ལ་མ་བཟོད་ནས་བཙན་པོ་བཀྲོངས་པ་གསལ་ཡོད་རེད། ད་དུང་བོད་ཕྱི་ནང་གི་ཡིག་ལ་རྙིང་ལ། དེའི་སྐོར་གྱི་བརྗོད་དོན་གསར་པ་སྔར་མ་གྲགས་པ་ཡང་ཐོན་སྲིད།
‘‘བོད་ཡུལ་དུ་བྱུང་བའི་དགེ་བའི་བཤེསཉེན་གི་་་་རྒྱུད་་་ཀྱི་རྣམ་གྲངས་ལ། རྒྱ་གར་གི་མཁན་པོ་བོ་དེ་སྦོ་དེ་སྦ་དྦ་ལས་་་་བསྦོགས་་་་པའི་སློབ་མ་ནི། དབའ་བཙུན་བ་ཡེ་ཤེས་དབང་པོ། དབའ་དཔལ་དབྱངས། ངན་ལམ་རྒྱལ་མཆོག་དབྱངས། འགོ་འབློམ་རྡོ་རྗེ་རྒྱལ་པོ། ཇེང་གསལ་རབ་རིན་པོ་ཆེ། མྱང་མཆོག་རབ་གཞོན་ནུ་མྱང་གཞག་མྱི་གོ་ཆ། གླེའུ་གཞོན་ནུ་སྙིང་པོ། ལྷ་ལུང་དཔལ་གི་རྡོ་རྗེ། ཆོག་རོ་དཔལ་གི་སེང་གེ། བོག་རོ་བྱམས་པའི་སེང་གེ། ཅོག་རོ་བྱམས་པའི་སེང་གེ། བོག་རོ་འཆོས་ཀྱི་བཤེས་ཉེས། དེ་ལས་བསོགས་པ་ནི་བསམ་ཡས་དང་འཕྲུལ་སྣང་ཡན་བར་གྱི་དགེ་བའི་བཤེས་གཉེན་འལ་སྟོ(ལགས་སོ)། །’’
རྒྱུད་་་ཀྱི་རྣམ་གྲངས་ལ་ཞེས་པ་དེ་ཕལ་ཆེར་མཁན་བརྒྱུད་ཀྱི་རྣམ་གྲངས་ལ་གོ་བ་ཡིན་ནམ་བསམ། གཞན་་་རྒྱུད་་་ཀྱི་རྣམ་གྲངས་ལ་ཞེས་དམིགས་ཀྱིས་བཀར་ནས་སྨོས་དགོས་དོན་མིན་འདུག །
བསྦོགས་་་་པའི་སློབ་མ་ནི་ཞེས་པའི་་་་བསྦོགས་་་ཅེས་པ་ནི་འདུལ་སྡོམ་ཞུས་པ་དང་གནང་བའི་དོན་ལ་གོ་བ་རེད། ནི་སྒྲ་དེ་ནི་ཕལ་ཆེར་གང་ཟག་དེ་རྣམས་ངེས་པར་བཟུང་གི་སྒྲ་ཡིན་ས་རེད་དོ། །
དེ་འདྲ་ཡིན་དུས་ལ་ལུ་པ་རྡོརརརར་ཁོ་ཟུར་འཇོག་བྱས་ན་འོས་ས་རེད་དམ། །།
སད་མི་མི་བདུན་གྱི་ལྷ་ལུང་དཔལ་རྡོར་ལས་གཞན་པའི་ལྷ་ལུང་དཔལ་རྡོར་ཅིག་གིས་བཙན་པོ་དར་མ་བཀྲོངས་པ་མིན་ནམ། སྙམ་ཡང་དེའི་ཁུངས་རྙེད་མ་སོང་། ང་ཚོའི་རྒྱལ་རབས་དང་ཆོ་འབྱུང་སོགས་ཀྱི་ནང་གི་ཡབ་ཡུམ་རྒྱལ་པོ་མིན་ན། ཕ་མའི་མིང་མེད་པ་འདི་ནི། སྔར་གྱི་ལོ་རྒྱུས་འབྲི་པོས་ཞན་ཆ་ཅིག་རེད་འདུག
ཡང་སྐབས་འཚོལ་རིང་ལུགས་པ་ཞིག་གིས་འདི་ན་བསྡོམས་ཆེན་པོ་རྒྱག་བཞིན་འདུག འདི་ཚོ་ཚང་མ་སློབ་གསོ་སྤྲོད་སྟངས་མ་འགྲིགས་པ་རེད། གླང་དར་གྱི་གསུང་རབ་མང་པོ་མེ་སྲེག་བཏང་དཔལ་འབྱོར་ཀྱི་ཁུངས་སྒོ་བཅད། རྒྱ་གར་ཀྱི་མཁས་བ་མང་པོ་མཐར་སྤྲོད་བཏང་། ཆོས་དད་བོད་མི་མང་པོ་དམར་གསོད་བཏང་བ་སོགས་ཀྱི་ལོ་རྒྱུས་མ་ཤེས་བར་ད་རུང་ཞིབ་འཇུག་པ་ཟེར
༼བོད་ཡུལ་དུ་བྱུང་བའི་དགེ་བའི་བཤེསཉེན་གི་་་་རྒྱུད་་་ཀྱི་་་རྣམ་གྲངས་་་ལ།༽
རྣམ་གྲངས་་་་ཀྱི་གོ་དོན་ནི་གོ་རིམ་མ་འཁྲུགས་པར་རིམ་པ་བཞིན་དུ་གྲངས་སུ་བསྒྲངས་བའི་དོན་ལ་གོ་བ་ཡིན་ནམ་སྙམ། །
འདུལ་བའི་གཞུང་ལུགས་ལྟར་བྱས་ན། ཕལ་ཆེར། གྲྭ་བརྒྱུད། དགེ་སློང་གི་བརྒྱུད། ཨ་ནིའི་བརྒྱུད། སློབ་དཔོན་གྱི་བརྒྱུད། དཔང་པོའི་བརྒྱུད། དགེ་བཤེས་ཀྱི་བརྒྱུད། སྤྲུལ་སྐུའི་བརྒྱུད། ཟེར་ནས་བརྒྱུད་རིམ་བརྩི་སྲོལ་ཞིག་ཨ་ཡོད་ན། འོན་ཀྱང་མཁན་བརྒྱུད་ཅེས་མཁན་པོའི་བརྒྱུད་རིམ་སྲོལ་ཡོད་པ་འདུལ་གཞུང་གིས་དངོས་བསྟན་ཡིན་ས་ཡོད། དེ་འདྲ་བྱས་དུས་ཏུན་ཧོང་ཡིག་རྙིང་གི་་་༼བོད་ཡུལ་དུ་བྱུང་བའི་དགེ་བའི་བཤེསཉེན་གི་་་་རྒྱུད་་་ཀྱི་་་རྣམ་གྲངས་་་ལ།༽་་་ཞེས་པའི་རྒྱུད་དེ་མཁན་བརྒྱུད་ལ་མ་གཏོགས་གོ་ས་མེད་པ་ལྟ་བུ་རེད་སྙམ་མོ། མཁན་པོ་ཡིན་ནའང་དགེ་བའི་བཤེས་གཉེན་ནི་ལོས་ཡིན་ཆོག །
རྟོག་འཆར་ཙམ་དུ་ཕུལ།
རྒྱུད་ཀྱི་གོ་དོན་དེའི་དུས་ཀྱི་བོད་ཡིག་གི་འགྲོ་སྟངས་དང་བསྟུན་དགོས། སད་མི་བདུན་ནི། བོད་ཀྱི་ནང་པའི་རབ་འབྱུང་གི་མི་རབས་དང་པོ་དེ་རེད། སད་མི་བདུན་གྱི་ནང་གི་ལྷ་ལུང་དཔལ་རྡོ་ཡིན་ན། མཁན་རྒྱུད་ཡང་བརྒྱད་པ་དགུ་པ་འདྲ་པོ་མང་པོ་དེ་འདྲ་མི་སྲིད་པ་རེད། རྒྱ་གར་ལ་བོད་པ་འབྱོར་ནས། མཁན་པོ་དང་པོ་དེ་ནས་ད་ལྟའི་བར་ལ་དགོན་པ་གཅིག་གི་མཁན་པོ་བརྒྱད་དུགུ་་བརྗེས་མི་དགོས་པ་དང་འོངས་མི་སྲིད་ལྟ་བུ་ལྟར་རེད།
སད་མི་བདུན་་་ཟེར་ནས་ཁྱེད་རྣམ་པས་ཆེ་ཆེ་རྫིག་རྫིག་ཞེ་བོ་ཤོད་ཀྱི་འདུག ད་འོ་ན་་་་སད་མི་་་་ཞེས་པའི་དོན་གང་ཡིན་ནམ། ལན་རྒྱག་ཐུབ་ན་ཕ་བཟང་གི་བུ་ཡིན།
སད་མི་ཞེས་པ་ནི། སྲོད་བཙན་ཡབ་ཀྱི་བར་དང་། ཁྲིས་སྲོང་དུས་་སུ་བོན་ཆོས་སུ་གཤེན་པོ་མ་གཏོགས་རབ་འབྱུང་མེད་ཙང་། བོད་ཀྱི་མི་ཡིས་རྒྱ་གར་དགེ་སློང་གྱི་སེར་པོ་ལྟར་བོད་མིས་ཀྱང་རབ་འབྱུང་གི་སྡོམ་པ་སྲུང་ཐུབ་བ་མི་ཐུབ་ཅེས་ཉམས་སད་པའམ། བརྟག་དཔྱད་ཀྱི་ཆེད་དུ་མཐོ་རིམ་མི་སྣ་དད་ལྔན་དྲག་གྲས་བདུན་ལ་ཐོག་མར་མཁན་ཆེན་ཞི་བ་འཚོས་ནང་པ་སངས་རྒྱས་པའི་སྡོམ་པ་ཐོག་མར་འབོག་པ་ལ་ཟེར། ད་ཡང་བོན་པོ་ཚོས་སད་ཀྱི་གོ་དོན་གསར་བཟོ་འདྲ་ཅིག་ཡོད་ན་དེ་ཡང་གསུང་གྲོགས་མཛོད།།
ཀརྡོ་གཉེར་ཕྱག་པ་ལགས།
སྐུ་ཉིད་ཀྱི་འགྲེལ་བརྫོད་དེ་ཡིད་ཆེས་པོ་རང་ནི་མ་བྱུང་། ཡིན་ནའང་ཁུངས་ལུང་འདྲ་སྟོན་རྒྱུ་ཡོད་དམ། གལ་སྲིད་སྟོན་རྒྱུ་ཡོད་ན་ཁུངས་ལུང་དེའི་ཁུངས་ལུང་དེ་ཚོ་ལའང་བདག་གིས་བརྟག་པར་འདོད།
ཁྲིས་སྲོང་དུས་་སུ་བོན་ཆོས་སུ་གཤེན་པོ་མ་གཏོགས་རབ་འབྱུང་མེད་ཙང་གསུངས་པ་དེ་ཡང་ག་འདྲ་ཡིན་ནམ། བོན་གྱི་འདུལ་བའི་བརྒྱུད་རིམ་སོགས་ཀྱི་ནང་དུ་སྟག་གཟིག་གི་མཁན་བརྒྱུད། ཞང་ཞུང་གི་མཁན་བརྒྱུད། བོད་ཀྱི་མཁན་བརྒྱུད་ཅེས་རིམ་པས་བརྩི་རྒྱུ་འདུག་པས་དེ་ཚོ་ག་འདྲ་བྱས་ནས་བྱུང་བ་ཡིན་ནམ།
སད་མིའི་གོ་དོན་དེ་ཐག་ཉེ་པོ་ཞིག་ནས་འགྲེལ་ན་དོན་ལ། ལྷ་མིའམ་ཡང་ན་ལྷ་ཡི་མི་ལྟ་བུར་འགྲེལ་ན་གོ་རྒྱུ་ཆེ་བར་སེམས། བརྡ་རྙིང་ཁག་གི་ནང་་་སད་་་ཅེས་པའི་མིང་ཚིག་འདི་ཧ་ཅང་མང་པོ་ཡོད་ས་རེད། བོན་པོ་ཚོས་ཟེར་ན་ཞང་ཞུང་གི་སྐད་ཡིན་པར་སྨྲ་དོན་ལ་་་ལྷ་་་ལ་གོ་བར་འགྲེལ། སད་མི་་་ཞེས་པ་དེ་དོན་ལ་དུས་སྐབས་དེ་དུས་ཀྱི་ཆེ་བ་རྫོད་སྟངས་ཤིག་ཡིན་ནམ་སྙམ། དཔེར་ན། སྟོན་པ་ལྷའི་གཤེན་པོ་སྟེ། གཤེན་རྒྱལ་སྐུ་ལ་ཕྱག་འཚལ་ལོ།ཞེས་པ་ལྟ་བུར་གོ་དགོས་པར་སེམས། །
ི
ཁས་བླངས་མ་ཡིན་དམ་བཅའ་ཡིན། དམ་ལ་འགལ་ན་འབྲས་བུ་ཚིགས། གསུངས་ཡོད་པ་རེད། འདུལ་བའི་སྲུང་ཁྲིམས་ལ་ཉམས་ཚོད་ལེན་ས་ཞིག་ཨ་ཡོད་ན། དེ་འདྲ་བྱས་ན་སངས་རྒྱས་ཀྱི་བསྟན་པ་རྩེད་ཆས་སུ་མི་འགྱུར་རམ། འདུལ་དཔེ་གཞིར་བཞགས་ནས་སྐད་ཆ་བཤད་ན་ཡག་བར་སེམས་སོ། །
#15 BONPO ་ལགས་ཀྱིས་སྤེལ་དོན།:
August 31st, 2016 at 10:08 pm
ཀརྡོ་གཉེར་ཕྱག་པ་ལགས།
སྐུ་ཉིད་ཀྱི་འགྲེལ་བརྫོད་དེ་ཡིད་ཆེས་པོ་རང་ནི་མ་བྱུང་། ཡིན་ནའང་ཁུངས་ལུང་འདྲ་སྟོན་རྒྱུ་ཡོད་དམ། གལ་སྲིད་སྟོན་རྒྱུ་ཡོད་ན་ཁུངས་ལུང་དེའི་ཁུངས་ལུང་དེ་ཚོ་ལའང་བདག་གིས་བརྟག་པར་འདོད། ་་་་་
ལནདུ།
དྲ་གྲོགས་བོན་པོ་ལགས། ངའི་མི་རབས་འདི་ཡི་ནང་ལ་བན་བོན་ཡོངས་གྲགས་ཤོད་སྲོལ་ལྟར་ན། ཉག་ཁྲི་ནས་མར་བརྩིས་པ་གཤེན་སྟོན་སྐད་གྲགས་ཅན་མང་པོ་ཡོད་པ་དང་། ད་དུང་གྲིམ་གུམ་སྐབས་ལ་མང་ན་ཡང་། སྟོནགཤེན་དེ་དག་ཆོས་ཕྱོགས་ཙམ་མ་ཡིན་རྒྱ་གར་ལ་ཧིནྡུའི་ཨ་རྱྰ་རྒྱ་རྒྱལ་པོའོ་དབུ་བླ་དང་རྒྱལ་མཉམ་དུ་ཆོས་སྲིད་བསྐྱངས་པ་ལྟར། ཁྲི་སྲོང་བཙན་གོང་གི་བར་ལ་རྒྱལ་པོ་མཐུན་པའི་བོན་གཤེན་དང་མ་མཐུན་པའི་བོན་འགའ་ཡོད་པ་ངས་ཤེས་བྱུང་ཡང་། དེ་དག་གིས་སྨན་དང་རྩིས། ལྷ་འབེབས་དུར་བཏབ། གསོན་ཆོས་གཤིན་པོར་དགེ་གཏོང་སོགས་བྱ་བ་ལ་མཁས་ཤིང་། སྐབས་འགར་མངོན་ཤེས་དང་། རྗུ་འཁྲུལ་སོགས་མངའ་བརྙེས་པ་ཡོད་པ་ལྟར་སྣང་ཡང་། རབ་འབྱུང་གི་འདུལ་བརྒྱུད་ཅིག ཁྲི་སྲོང་གི་སྔོན་ལ་ཡོད་པར་ངས་མི་འདོད་པས། དེ་རིང་དེ་ཙམ་མོ།། །།
བོན་གྱི་འདུལ་བའི་གཞུང་ལུགས་ནི་ཚིག་དོན་གཉིས་ཀྱིས་ཕྱུག་པའི་སོ་ཐར་གྱི་སྡོམ་ཁྲིམས་བསྟན་པའི་གནའ་དཔེ་ཞིག་རེད། དེ་ལ་སྟག་གཟིག་དང་ཞང་ཞུང་མངའ་རིས་ཁམས་དབུས་གཙང་ཀྱི་འདུལ་བའི་བརྒྱུད་རིམ་ཆ་ཚང་ལྡན་པའི་འདུལ་གཞུང་ཚད་དང་ལྡན་པ་འགྲོ་སྟངས་ཡོད་པ་ཞིག་ཡིན་པ་རེད། བོན་གྱི་འདུལ་བའི་གཞུང་ལུགས་ནི་ལོ་རྒྱུས་ཀྱི་རང་རྐང་ཚུགས་ཅིང་རྣམ་དཔྱོད་ཀྱི་དཔལ་འབར་བའི་བོན་རང་ལུགས་ཀྱི་འདུལ་གཞུང་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་ཡིན་པ་རེད། འདུལ་ཁྲིམས་བཤད་དུས་མདོ་སྡེ་དང་འབུམ་སྡེའི་གཞུང་ལུགས་ཁག་ལ་འབྲེལ་ཆགས་ནས་ཤོད་དགོས་པ་རེད་མ་གཏོགས་འདུལ་ཁྲིམས་གཅིག་པུ་བཤད་ནས་ས་ཆོད་ས་ཞིག་ག་ན་ཡོད། ལྟ་བ་ཡས་ཕུབ། སྤྱོད་པ་མས་འཛེགས། སྙིང་རྗེའི་གཞི་བཟུང་། ཕར་རོལ་ཕྱིན་བཅུ་སྤྱོད། གསུངས་པའི་རྣམ་བཞག་འདི་ཚོ་ཤེས་པའི་ཐོག་ནས་བོན་གྱི་འདུལ་བའི་གཞུང་ལུགས་འཆད་དགོས་པ་རེད་མ་གཏོགས། སྦུ་དམ་སར་ནམ་གཱ་ཆ་མི། ན་མམ་པར་ནམ་གཱ་ཆ་མི། ཟེར་ནས་དུས་ཚོད་སྐྱེལ་ས་ཞིག་ག་ན་ཡོད། བོན་གྱི་འདུལ་གཞུང་ནི་ཁྱེད་ཚོའི་འདུལ་དཔེ་ལས་ཀྱང་བརྒྱ་ཆ་བརྒྱ་ཐམ་པ་ཆ་ཚང་བ་དང་དོན་དང་ལྡན་པ། ལོ་རྒྱུས་ཡོད་ལ་གནའ་ཚིག་གིས་བརྒྱན་པ། ལྟ་སྒོམ་སྤྱོད་གསུམ་གྱིས་ཕྱུག་པ་ཞིག་ཡིན་ལེ་རེད། །
འདིར་བོན་གྱི་འདུལ་སྡེ་ཆགས་སའི་དགོན་གནས་ཤིག་འདུག་གཟིགས་པར་འཚལ། http://www.himalayabon.com/monastery/mountain/2016-05-28/783.html
སད་མི་བདུན་ལ་སད་ཅེས་པ་བོན་གཞུང་ཁག་ནང་ཡང་ཡང་ཐོན་པའི་ཞང་ཞུང་གི་མིང་ཚིག་གིས་བརྒྱན་པ་འདི་ལ་རྒྱུ་མཚན་ངེས་ཅན་ཞིག་ཏན་ཏན་ཡོད་ངེས་པས་རྩོམ་པ་པོ་ཚོས་དཔྱད་པར་བྱ་བའི་གནས་ཤིག་ཡིན་པར་སེམས། སད་ཀྱི་གོ་དོན་གསར་བཟོ་བྱེད་མཁན་དེ་ཁྱེད་རང་ཚོ་ཡིན་ས་རེད་མ་གཏོགས་གཞན་སུ་དང་གང་ཡོད་བཟོ་མི་འདུག་གོ། །
ང་ལ་དེ་ལྷག་ཤོད་ཡ་མེད། བོན་ལུགས་བོན་པོས་སྤེལ་དགོས། ང་བན་འཁོག་ཅིག་གིས་ཤེས་པ་ནི། དེ་ཙམ་མོ།།
ལོ་རྒྱུས་སོགས་ལ་ཉམས་ཞིབ་བྱེད་པར་ཡག་པོ་རེད། ཡིན་ནའང་ཕྱོགས་ཞེན་མེད་པའི་ཐོག་ནས་གནང་བ་ཡིན་ན་ལོ་རྒྱུས་ཁ་གསལ་ཡོང་བ་དང་གཞན་གྱི་ལོག་རྟོགས་སེལ་བར་ཕན་པ་སོགས་ལེགས་ཆ་མང་པོ་ཡོད་རེད་།དེ་མིན་ཁྱོད་ཁ་ངའི་སྣ་ཡིས་རྣམ་རྟོག ཕྲ་དོག འགྲན་སེམས། ང་རྒྱལ་སོགས་ཉོན་མོངས་འཕེལ་བའི་རྒྱུར་གྱུར་པ་ལས་གཞན་ཕན་པ་གང་ཡང་མེད། མིང་བྱང་གང་གི་ཁྱད་པར་ཙམ་ལས་སྡིག་པ་མི་དགེ་བ་ལ་སྤང་བྱ་དགེ་བ་བཟང་སྤྱོད་ལ་བླང་བྱར་འཛིན་མཁན་ཤ་སྟག་ཡིན་པ་བརྗོད་མ་དགོས་རེད་སྙམ། གང་ལྟར་ཡང་ང་ཚོའི་བོད་ཀྱི་ལོ་རྒྱུས་ཙམ་མིན་པར་རྒྱལ་ཁབ་མང་པོ་ཞིག་གི་ལོ་རྒྱུས་ནང་ལོ་ཚིགས་དང་མིང་མི་མཐུན་པ་སོགས་ཡོང་གི་ཡོད་རེད་ཁྱེད་རྣམ་པས་མཁྱེན་གསལ་རེད། ཞུ་དོན་ཁུངས་གཏུགསཡིག་ཆ་འགའ་རེར་བརྟེན་ཐག་གཅོད་ཐུབ་པ་དཀའ་བོ་རེད། ཐུགས་རྒྱ་ཡངས་པོའི་ཐོག་དཔྱད་གནང་བར་ཞུ། །