རེབ་ཐོག་མདའ།
ཆུང་ཆུང་བྱིས་དུས་སྐབས་ཞིག་ལ་ལྷ་ས་རྣ་བས་གོ་མྱོང་ཡོད།།
ཉི་ཤུ་ན་ཚོད་དལ་གྱིས་རྫོགས་དུས་རྡ་སའི་རི་ནས་ཉལ་མྱོང་ཡོད།།
ཁ་སང་དེ་རིང་འཚོ་བའི་ཀློང་ནས་ལྷ་ས་རྡ་སའི་བར་ཐག་ཞིག།
ལོ་ངོ་བཅུ་ཡི་མྱོང་བའི་ཁྲོད་ནས་སེམས་འདི་ཡི་གེར་འབྲིོ་རྒྱུ་དྲན།།
ཡབ་མེས་དམ་པའི་དད་པའི་མིག་ཆུ་ལྷ་སའི་ཇོ་བོའི་གདོང་ན་ལུས།།
ཁ་ཡ་ན་ཟླའི་རེ་བའི་མིག་ཟུང་རྡ་སའི་མྱི་ཡི་ཁ་ན་ལུས།།
བཙན་པོ་ཞིག་གི་རྒྱུད་དུ་སྐྱེས་པའི་གདོང་དམར་བོད་པའི་བུ་ཡིན་ན།།
ཁ་དང་སེམས་པ་ཁ་ཁར་བྱས་ཏེ་སྒེར་དོན་སྤྱི་ལ་མ་བསྲེས་རོགས།།
ལྷ་ས་ལྷ་ཡི་གྲོང་ཁྱེར་ནང་གི་ལྷ་མི་གཉིས་ཀ་ཚོང་ལ་བྲེལ།།
རྒྱང་རིང་རྡ་སའི་རི་གྲོང་འདི་ན་དཔོན་ཆེན་རྒྱུ་ཆེན་ཕྱི་ལ་བྲེལ།།
མི་ལོ་དྲུག་ཅུའི་ལོ་ཟླའི་ཀློང་གི་ང་དང་ཁ་བའི་ལས་དབང་འདི།།
ལྷ་ས་རྡ་སའི་བར་ན་ཡལ་བའི་མདང་གི་རྨི་ལམ་རབ་རིབ་ཞིག།
ལྷ་ས་བོར་བའི་ཉི་མ་དེ་ནི་མི་རབས་ཤིག་གི་ནག་ཉེས་ཡིན།།
རྡ་སའི་འཚོ་བའི་ལོ་ཟླ་དེ་ནི་ས་ཡ་དྲུག་གི་ན་ཟུག་ཡིན།།
ཁྱོད་དང་ང་ཡི་བར་ཐག་རིང་ཡང་ཕུ་ནུའི་བརྕེ་བ་བརླག་མེད་ན།།
བླ་མཁར་དམར་པོ་ཁེར་རྐྱང་ཀློང་ན་བདག་མེད་ཡིན་པ་དྲན་དགོས་མཆི།།
རྒྱལ་ས་ལྷ་ས་བོད་དྲི་ཡལ་ནས་ལོ་ངོ་གང་འཚམ་འདས་ནས་ཐལ།།
རྡ་སའི་མྱི་ཡིས་བོད་ཡིག་བོར་ནས་མྱི་གཞི་གཙང་མ་བརླག་གིན་གདའ།།
ཁ་བ་ཅན་གྱི་གནས་མཆོག་འབོད་པའི་རྡ་ས་ལྷ་སའི་གྲུ་དག་ན།།
རྒྱ་མ་བོད་ཀྱི་ལས་དབང་འཁུར་བའི་མི་ཡི་ཚོགས་ཤིག་འཚང་ཁསའདུར།།
ལྷ་སའི་ཁྲོམ་ན་རྒྱ་གཞས་ལེན་པའི་རྒྱ་ཡི་རྒྱུད་པ་མང་པོ་ཞིག།།
རྡ་སའི་གྲོང་ན་ཕྱི་ལ་དུངས་པའི་ནུབ་ཀྱི་ཚ་བོ་ཚ་མོ་ཞིག།།
གངས་རིའི་ཁ་དོག་དཀར་པོར་གནས་ཀྱང་བོད་པའི་ཁ་དོག་བརྗེས་བཞིན་པས།།
དུས་རབས་གསར་པའི་མྱི་དག་མཐོང་ན་རེ་བ་རྒྱག་ས་མི་འདུག་སྙམ།།
ཨ་མའི་སྙིང་གི་ལྷ་སའི་གྲོང་ན་རྒྱ་ཁྱིའི་རྔ་མ་ཇེ་རིང་རེད།།
ཨ་ཕའི་སེམས་ཀྱི་རྡ་སའི་རི་ན་སྐད་རིགས་བསྲེས་མ་ཇེ་མང་རེད།།
གཞིས་ཁྱིམ་དྲོད་མོར་ལྷན་འཛོམས་ཉི་མ་སྤྲིན་གྱིས་བསྒྲིབས་པའི་ཁ་སང་ནས།།
གངས་རིའི་བླ་མའི་བཀའ་ལ་བདོ་བའི་མྱི་ངན་ཁ་ལས་ཇེ་དར་རེད།།
ལྷ་ས་བསྐྱུར་ཏེ་རྡ་སར་སླེབས་དུས་རྡ་སའི་རི་ཁུག་ཁུ་སུམ་རེད།།
རྡ་སའི་རི་ནས་ལྷ་སར་བལྟ་དུས་ལྷ་སའི་ངོ་གདོང་སྐྱ་བོ་རེད།།
ལས་དབང་ལྷ་དང་བླ་མར་བཅོལ་བཞིན་ཕ་ཡུལ་ཕྱོགས་ལ་སེམས་འཁྲེང་ཡང་།།
ལྷ་སའི་ཕོ་བྲང་སེམས་ནས་བོར་བའི་རྡ་སའི་མྱི་ལ་ཨ་ཐང་ཆད།།
རྩྭ་བའི་བླ་མ་ལྷ་སར་ཕེབས་པ་རྡ་སའི་བུ་ངའི་སྨོན་ལམ་ཡིན།།
རྡ་སའི་མིང་བྱང་ལྷ་སར་བསྒྱུར་བ་མ་འོངས་ང་ཚོའི་འོས་འགན་ཡིན།།
ལྷ་ས་རྡ་སའི་གངས་རིའི་མྱི་ཚོས་རང་དོན་ཁོ་ན་མི་སྒྲུབ་པར།།
གཞིས་བྱེས་གཉིས་ཀའི་རེ་སྒུག་ཉི་མ་ལན་གཅིག་འཆར་བར་འབད་ན་བསམ།།
ཕྱི་ལོ ༢༠༡༣ ཟླ ༢ ཚེས ༢༨་ལ་རྡ་ས་ནས། མཁས་དབང་དགེ་ཆོས་མཆོག་གི་༼ལྷ་ས་དང་ར་ས༽་ཟེར་བའི་མིང་དེ་ལ་༼ལྷ་ས་དང་རྡ་ས༽་ཟེར་བའི་མིང་ལ་བཅོས་ནས་བྲིས།
ཡིག་ནོར་ལ་ཡིད་གཟབ་ཅིག་བྱོས་དང་ཡོང་གི་འདུག
སྙན་མོ་བྲིས་འདུག་ག