ཆུ་སྐྱེས་སྒྲོལ་མས།
འཛམ་གླིང་སྲིད་པའི་རྩེ་མོ་གངས་ལྗོངས་ཀྱི།།
ཆབ་དཔལ་རིག་གསུམ་གཏེར་བཞིན་བརྡོལ་བའི་ཞིང༌།།
དབུས་འགྱུར་ཉི་མ་ལྷ་སའི་གྲོང་ཁྱེར་ཏེ།།
སྔོན་ཚེ་ངམ་ཤོད་འམ་འོད་འོམ་འོད་ཅེས།།
མིང་བརྡའི་ཐ་སྙད་འབོད་པ་དེ་ལྟར་ཡང༌།།
ས་ཡི་ཚངས་དབང་སྲོང་བཙན་ཞབས་སྐྱེས་རྡུལ།།
འདི་ནས་འཕྱུར་བའི་མཛད་འཕྲིན་ཉི་འོད་ཀྱིས།།
ལྷ་ཡི་ཕུན་ཚོགས་འཇིག་རྟེན་མི་ཡུལ་ནས།།
རོལ་བའི་རྫོགས་ལྡན་བསྐྲུན་པས་ལྷ་སར་ཐོགས།།
འོན་ཏེ་བཙན་པོའི་རྒྱུད་ལ་ལྷའོ་ཞེས།།
དེ་ཡི་བཞུགས་སར་དེ་ལྟར་ཐོགས་པའང་བཤད།།
གྲོང་ཁྱེར་ལྟེ་བ་མི་དབང་སྲོང་བཙན་རྗེས།།
ངོ་མཚར་བཞེངས་སྐྲུན་ར་སའི་འཕྲུལ་སྣང་སྟེ།།
ར་ལ་ས་བཀལ་ངོམ་ཐང་མཚོ་བསྲུབས་པས།།
གཙུག་ལག་སྤོ་མཐོར་བརྩེགས་པའི་ཁང་བར་འབོད།།
གཞན་ཡང་ཆོས་བོན་སྔགས་འབངས་དགའ་བའི་ཕྱིར།།
དགའ་བཞི་འཕྲུལ་སྣང་གཙུག་ལག་ཁང་ཞེས་གྲགས།།
ཕྱོགས་ཀྱི་ཁོར་ཡུག་བཀོད་པའི་གཟི་བྱིན་ལ།།
རིགས་གསུམ་ལྷ་ཁང་ཕྱོགས་བཞི་མཚམས་བརྒྱད་དང༌།།
དེ་ཡི་ཉེ་འཁྲིས་འཇིགས་བྱེད་ལྷ་ཁང་བཞི།།
ལྷ་ཡི་ཁང་བཟང་རྣམ་པར་རབ་རྒྱལ་བ།།
ས་ཆེན་འདི་ལ་འཕོས་བཞིན་ཡིད་དུ་འོང༌།།
དེ་ཡི་ནང་རྟེན་ཤཱཀྱ་མུ་ནེའི་སྐུ།།
ཐུབ་པ་རང་གིས་རབ་གནས་མེ་ཏོག་གི།
བཀྲ་ཤིས་བྱིན་ཆར་ཕབ་པའི་འཛུམ་བག་ལ།།
འགྲོ་བའི་དོན་རྒུ་འཇོ་བའི་མཆོད་སྡོང་བཞུགས།།
བར་སྐོར་བྱང་ཆུབ་ལམ་ཆེན་དབང་ཕྱོགས་སུ།།
དགའ་ལྡན་ཚེ་དབང་དཔལ་བཟང་མངའ་རིས་ནས།།
གཡུལ་ལས་རྒྱལ་རྟེན་དགའ་ལྡན་དར་ཆེན་དང༌།།
ཤར་ལྷོ་དུང་མཚོའི་ཟུར་དུ་ཙོང་ཁ་བས།།
ལྷ་ལྡན་སྨོན་ལམ་སྲོལ་འབྱེད་རྟེན་འབྲེལ་དུ།།
བསྒྲེངས་པའི་དར་ཆེན་བཅོ་ལྔ་བསྒྲེངས་པའི་ཁོངས།།
དེང་ཡང་ལྷབ་ལྷུབ་གཡོ་ལྡན་ཤར་སྐྱ་རིང༌།།
ལྷོ་རུ་རྒྱལ་མཆོག་སྐལ་བཟང་རྒྱ་མཚོའི་སྡེ།།
གསེར་གྱི་ཁྲི་ལ་བཀོད་པའི་རྟེན་འབྲེལ་དུ།།
བསྒྲེངས་པའི་བསྐལ་བཟང་གསེར་གྱི་དར་ཆེན་དང༌།།
ས་སྦོག་སྒང་བརྒྱུད་ཇོ་བོའི་དབུ་སྐྲའི་ནུབ།།
མཁྱེན་ཡངས་སྡེ་བ་བསོད་ནམས་ཆོས་འཕེལ་གྱིས།།
བཙུགས་པར་གྲགས་པའི་ཇུས་ཡག་དར་ཆེན་དང༌།།
བྱང་དུ་ཀུན་གཟིགས་ཆོས་ཀྱི་རྒྱལ་མཚན་གྱིས།།
དངོས་སུ་བཙུགས་པའི་བཀྲ་ཤིས་དར་ཆེན་ཡོད།།
གཙུག་ལག་སྤོ་མཐོར་བརྩེགས་པའི་གན་ངྷོ་ལ།།
འདི་ཡི་བྱང་དུ་རྒྱས་བཏབ་ར་མོ་ཆེར།།
མི་བསྐྱོད་རྡོ་རྗེའི་བྱིན་རླབས་གཟི་འོད་ཀྱིས།།
འགྲོ་བའི་མུན་པ་མཐའ་རུ་གསལ་བྱེད་དང༌།།
གསང་ཆེན་རྒྱུད་སྟོད་རྒྱུད་སྨད་རྨེ་རུ་སོགས།།
བསོད་ནམས་མཆོད་པའི་ཞིང་མཆོག་བགྲངས་ཡོད་མིན།།
དབང་ཕྱོགས་སྦྲ་ནག་ཞོལ་དུ་གྲགས་པ་དེར།།
སྔོན་ཚེ་སྟོད་སྨད་ཁམས་ཀྱི་ཚོང་པ་རྣམས།།
སྦྲ་གུར་ཕུབ་ནས་བཞུགས་པས་དེ་ལྟར་ཐོགས།།
ནུབ་ཏུ་ཕྱིང་གུར་ཕུབ་པའི་སོག་པོའི་རིགས།།
དཔོན་དང་འགྲུལ་བ་བཞུགས་པར་ཕྱིང་གུར་ནང༌།།
གཏན་ཕུང་རྡོ་སྒོར་རག་ཁ་ཆུ་མིག་སོགས།།
ལོ་རྒྱུས་དོན་སྙིང་ལྡན་པའི་ཆུ་མིག་དང༌།།
སྐྱིད་ཆུའི་གཡས་གཡོན་གཞུང་སྒེར་གླིང་ཁ་ལ།།
སྤྲོ་སྐྱིད་གཏོང་བར་སུས་ཀྱང་དགག་བྱ་མེད།།
ཕྱི་ནང་ཁོར་ཡུག་གང་སར་དད་ལྡན་ཚོས།།
སྐལ་བཟང་རྡོ་ཕུང་དམག་ཟོར་རྡོ་ཕུང་སོགས།།
རྡོ་ཡི་མཎཌལ་ཕུལ་བ་དཔག་མེད་ཡོད།།
ལྷ་དང་དྲང་སྲོང་བག་ཡངས་རྒྱུ་བ་ཡི།།
གྲོང་འདིའི་ནུབ་ཕྱོགས་ལྷ་ས་དམར་པོ་རིར།།
མཐོ་རིས་དགེ་མཚན་གཅིག་ཏུ་སྤུངས་པས་ཀྱང༌།།
བསྐྲུན་མེད་སྲིད་གསུམ་ཟུར་ཕུད་པོ་ཏ་ལ།།
འདྲེན་བྱེད་དྲི་མ་མེད་པའི་འདབ་བརྒྱ་བ།།
བཞད་ལ་ཉི་མ་བཞིན་དུ་འབར་བ་སྟེ།།
ཕྱི་ནང་བཀོད་པའི་ངོ་མཚར་རིག་བྱེད་འཕྲུལ།།
རེ་རེ་མཛུབ་རྩེས་བགྲངས་པ་སུ་ཡིས་སྤོབས།།
དགེ་བཅུ་མངོན་པར་མཐོ་བའི་དོ་ཤལ་དེ།།
ཕྱོགས་ཀྱི་བུ་མོའི་མགུལ་ལ་རབ་མཛེས་པ།།
ལྷ་ཡི་ཞལ་ལས་གྲུ་འཛིན་ཕོ་བྲང་ཞེས།།
འཛམ་གླིང་ཡང་རྩེའི་རྒྱན་གྱི་དཔལ་དུ་འཕགས།།
འདི་ཀོ་འཁོར་ལོས་བསྒྱུར་རྒྱལ་སྟོང་ཕྲག་བརྒྱ།།
རྫོགས་ལྡན་མགྲོན་དུ་འབོད་པའི་ལྷའི་བསྟི་གནས།།
གངས་ལྗོངས་ཆོས་སྲིད་བྱེ་བའི་རིན་ཆེན་གསེར།།
གནས་མཆོག་འདི་ནས་འགྲོ་བའི་གསོས་སུ་བསྟབས།།
ཨ་ཏི་བསྟན་རྒོད་མི་དཔོན་མེ་ཏོག་གི།
ལྗོན་ཤིང་ལྗང་མདོག་རབ་ཏུ་མཚར་དངར་བའི།།
ལྕང་གསེབ་བཞི་རུ་གྲགས་པ་དེ་ལྟར་གནས།།
བདེ་ལྡན་ཚལ་གྱི་ཡིད་འོང་བྱ་རྣམས་ཀྱང༌།།
ད་ལྟ་ཉིད་དུ་འབྲོས་པར་མ་གྱུར་ཏམ།།
ཡུན་རིང་ཟུང་གནས་སྨོན་གྲོལ་ཞི་ཁྲོ་ཁང༌།།
ལྷ་ཡུལ་ཁེངས་བྱེད་ལྷ་ཁང་བཞི་རུ་འབོད།།
སྣང་རྩེ་འགའ་རུ་སྟག་ལུང་སྒང་མཁར་གནས།།
ཤག་བཞིར་གྲགས་འདི་རྣ་བའི་བདུད་རྩིར་གྲུབ།།
འཇོག་པོའི་ཕོ་བྲང་སྙེམས་པ་ཕམ་བྱེད་པའི།།
དགའ་ལྡན་དཔལ་རབ་རབ་བསྟན་སྦྱར་པ་ཁང༌།།
ཁང་གསར་བཞི་རུ་འབོད་པ་དེ་ལྟར་ལགས།།
གངས་ལྗོངས་ནོར་འཛིན་བུ་མོའི་མངལ་ཁུར་ལ།།
འཇམ་དབྱངས་ཆོས་རྗེའི་ཕྱག་ལས་ལྷུང་བ་ཡི།།
དཔལ་ལྡན་འབྲལ་དཀར་སྤུངས་འདྲའི་ཆོས་ཀྱི་སྡེ།།
གཞུང་བརྒྱའི་དཔྱད་བསྡུར་ལུང་རིགས་དབྱར་སྐྱེས་རྔ༌།།
དུས་བཞིར་གཡོ་བ་མེད་པར་ལྡིར་བའི་དབྱངས།།
འགྲོ་བའི་སྙན་དབང་གསོ་བའི་བདུད་རྩི་རུ།།
ཇི་བཞིན་འཇོ་བའི་ཕུན་ཚོགས་དབྱར་མཚོ་བཞིན།།
ཐེག་ཆེན་ཕར་ཕྱིན་གཞུང་ལུགས་ཟབ་མོའི་གནད།།
ཤཱཀྱ་ཡེ་ཤེས་མཁྱེན་རླབས་ཐུགས་མཚོ་ལས།།
ལེགས་འཁྲུངས་པད་དཀར་སེ་ར་ཐེག་ཆེན་ཞེས།།
འཇིག་རྟེན་གསུམ་ལ་ཁྱབ་པའི་རྒྱ་མཚོའི་རླབས།།
དང་པོའི་ཕོ་ཉའི་བཞིན་འཛུམ་རབ་ཏུ་རྒོད།།
ས་ཡི་ཚངས་དབང་སྲོང་བཙན་སྒམ་པོ་ཡིས།།
ཆོས་སྲིད་གཙུག་ལག་ཀུན་གྱི་སྒོ་མོ་སྟེ།།
ཡི་གེའི་སྦྱོར་ཀློག་བསླབ་ནས་མཁས་པའི་སར།།
བགྲོད་པའི་རྩ་ལག་གནས་མཆོག་ཕ་བོང་ཁའི།།
ཤར་གྱི་བྲག་འོག་དབང་ཕྱུག་རང་བྱོན་དང༌།།
ལྷ་མོ་ཨུ་མའི་གསང་གནས་མཚོན་བྱེད་ཀྱི།།
བདུད་རྩི་འོ་མའི་ཆུ་རྒྱུན་རབ་དྭངས་པས།།
ནད་གྲིབ་བཙོག་གྲིབ་སེལ་བའི་ཆུ་མིག་ཡོད།།
རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོའི་སྡེ།།
དང་པོར་བལྟམས་པའི་གནས་མཆོག་ཁང་གསར་གོང༌།།
བསོད་ནམས་སྟོབས་ལ་དགེ་བཅུའི་ཡོ་ལང་གིས།།
དུས་གསུམ་ཤིས་པ་དཔྱིད་ཀྱི་ལང་ཚོར་འགྲན།།
འགྲོ་མགོན་གཡུ་གྲགས་ཡེ་ཤེས་རོལ་གར་གྱིས།།
ལེགས་བཞེངས་ཚལ་གྱི་གུང་ཐང་གཙུག་ལག་ཁང༌།།
ལུགས་གཉིས་ཡར་ཟླར་སྙེགས་པའི་ཕུན་ཚོགས་རླབས།།
འགྲོ་བའི་ཡིད་ལ་འཕྱོ་བའི་རྩེད་འཇོ་རྒོད།།
སློབ་དཔོན་པད་འབྱུང་ཕྱག་བསྣམས་རིན་ཆེན་འཁར།།
བྱེ་མའི་ཀློང་དུ་བཙུགས་ནས་ཐོན་པ་ལས།།
བརྡོལ་བའི་གཞུང་པ་ལྷ་ཆུ་མཛེས་ལྡན་མ།།
སྐྱེ་འགྲོའི་ཉེས་ཟུངས་འཁྲུད་པའི་དགའ་སྟོན་རྨད།།
ལྷ་ཁང་བཞི་དང་རགས་བཞི་ཟམ་བཞི་དང༌།།
སྦུག་བཞི་མཆོད་བཞི་རི་ཆེན་བཞི་ལ་སོགས།།
ལྷ་ཡི་ཁང་བཟང་རྣམ་པར་རབ་རྒྱལ་བ།།
ས་ཆེན་འདི་ལ་བབས་བཞིན་ཡིད་དུ་འོང༌།།
ཞིབ་ཏུ་འགོད་པ་ཚིག་ཚོགས་མང་མཐོང་ནས།།
དྲན་པའི་ཡིད་ངོར་གསལ་བའི་རི་མོ་རྣམས།།
ཕྱི་རབས་གཞོན་སྐྱེས་རྣམས་ལ་དྲན་རྟེན་དུ།།
ཕུལ་བ་དེ་ཡང་སྐལ་བཟང་ཉིད་དུ་བསམ།།
བསྐལ་བ་ཆགས་གནས་འཇིག་སྟོང་གི།
ལོ་རྒྱུས་ཡང་དག་ལེགས་ཤེས་ན། །
སྐལ་བ་བཟང་ངོ་བོན་འབངས་རྣམས། །
རྒན་གཞོན་ཁྱད་མེད་གངས་ཅན་པ། །
ཆོས་སྲིད་ཉམས་རྒུད་མེད་པར་སྨོན། །
ཤར་གྱི་བྲག་འོག་དབང་ཕྱུག་རང་བྱོན་དང༌།།
ལྷ་མོ་ཨུ་མའི་གསང་གནས་མཚོན་བྱེད་ཀྱི།།
བདུད་རྩི་འོ་མའི་ཆུ་རྒྱུན་རབ་དྭངས་པས།།
ནད་གྲིབ་བཙོག་གྲིབ་སེལ་བའི་ཆུ་མིག་ཡོད།།
ད་ལྟའི་བར་གངས་རིན་པོ་ཆེ་དང་མཚོ་མ་ཕམ་པ་མ་གཏོགས། རྒྱ་གར་བའི་གནས་སྐོར་བོད་ལ་འགྲོ་བ་ངས་མི་ཤེས་པས། གོང་གསལ་དབང་ཕྱུག་ཨུ་མའི་གནས་ཆུར་གནས་སྐོར་འགྲོ་མཁན་རྒྱ་གར་བ་ཡོད་དམ་མེད་ཅེས་འདྲི་བར་སྤྲོའོ།
ཀརྡོ་རབ་བྱམས་པ་ལགས།
ལྷ་མོ་ཨུ་མ་དང་དབང་ཕྱུག་གི་སྐོར་འདི་རྣམས་དམངས་ཁྲོད་ཀྱི་ཤོད་རྒྱུན་ལ་ཡོད་པ་ཞིག་ཡིན་པ་ལས། དེ་མིན་ཡིག་ཆ་ཁག་ན་ཁུངས་ཡོད་མེད་དེ་ང་ལ་དེ་ཙམ་རྒྱུས་མངའ་མེད། དགོངས་དག
ལགས། ལགས་སོ། ལན་གནང་བར་ཐུགས་རྗེ་ཆེ།