སྙན་བཟང་གཡུང་དྲུང་ཚེ་རིང་།
ཁ་སང་ཁེ་ཉིན་ཁ་བརྡ་དྲ་བར་བསྟན་འཛིན་ཞུ་བ་ཞིག་གིས‘‘ལྷ་སའི་ཇོ་བོའི་སྐུ་རྒྱུ་གང་ལས་གྲུབ་བམ’’ཞེས་དྲི་བ་ཞིག་བཏང་འདུག ཁོང་གིས‘‘ཐོག་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཇོ་ཁང་རིག་གནས་ཤུལ་བཞག་སྡེ་ཚན་ལ་ཐོ་འགོད་བྱེད་སྐབས། ཇོ་བོའི་སྐུ་རྒྱུ་གང་ཡིན་གསལ་པོ་མེད་པ་དང་། ད་ལྟའང་། ཇོ་བོའི་སྐུ་རྒྱུ་གང་ཡིན་ད་དུང་མཁྱེན་གྱི་མེད་སྟབས། མ་འོངས་ཞིག་གསོའི་སྐོར་ལམ་སྟོན་ཡིག་ཆ་བཟོ་བར་འགལ་རྐྱེན་ཆགས་ཡོད་གསུངས། མཉམ་འབྲེལ་རྒྱལ་ཚོགས་ནས་བོད་རིག་པའི་འབྲེལ་ཡོད་མཁས་དབང་འགའ་ལ་འབྲེལ་བ་ཞུས་ནས་ཇོ་བོའི་སྐུ་རྒྱུའི་སྐོར་ལ་ཞིབ་འཇུག་གནང་གི་ཡོད་ཚོད། ད་དུང་དཔང་འཕེར་གནས་ཚུལ་གསལ་པོ་མཁྱེན་མཁན་མ་རྙེད་གསུངས།’’[1]ཞེས་དང་། ད་དུང་ཁོང་གིས‘‘ང་ཚོ་བོད་པའི་ནང་ལ་མཁས་པ་མང་པོ་ཡོད་མོད། ཤེས་བྱ་ཆུང་ངུ་ཇོ་བོའི་སྐུ་རྒྱུ་གང་ཡིན་པ་ཤེས་མཁན་མེད་ཚོད། ཡོད་ན་རྩོམ་འབྲི་བའི་དུས་ལ་བབ་འདུག’’[2]ཅེས་བྲིས་འདུག
ཕྲན་ནི་མཁས་པ་ཞིག་མིན་ལ། མཁས་པ་ཞིག་ཏུ་འགྱུར་བར་རེ་བའང་མེད་མཁན་ཞིག་ཡིན་མོད། འོན་ཀྱང་ཁོང་གི་དྲི་བ་དེ་གནད་འགག་ཆེ་ཙམ་ཡོད་པ་མཐོང་བས། ཁོམ་ལོང་གི་དུས་ཚོད་ཐུང་ཐུང་ཞིག་སྤྱད་དེ་ལྷ་སའི་ཇོ་བོ་དང་འབྲེལ་བའི་ལོ་རྒྱུས་དང་ཡིག་ཆ་སོགས་བཙལ་བ་ཡིན། «རིན་པོ་ཆེ་བཟོ་ཡི་ལས་ཀྱི་བསྒྲུབ་པའི་རྒྱུ་དང་ཇ་དང་དར་གོས་ཆེན་དང་རྟ་རྒྱུད་ཚུགས་བཟང་ངན་གྱི་བརྟག་པ»ཞེས་པའི་ཤིང་སྤར་མའི་ནང་དུ། ‘‘དང་པོ་རྒྱ་གར་ཡུལ་དུ་ལི་ཁྲ་དང་། །ལི་དཀར་ལི་དམར་གསུམ་དུ་དབྱེ་བ་ལས། ། ལི་ཁྲ་རིན་ཆེན་སྣ་ཚོགས་འདུས་པ་སྟེ། ། ངོ་བོ་ལི་དམར་རྩོད་མེད་ལས་ཅུང་དཀར། ། ལེགས་པར་བརྟགས་ན་འཇའ་འོད་ལྟ་བུ་ཡོད། །འདི་ལ་ཛྷཻ་ཀྵིམ་མཆོག་ཏུ་བཤད་པ་ཡིན། ། ལྷ་སའི་ཇོ་བོ་རིན་ཆེན་སྐུ་རྒྱུ་བཞིན། །ལི་དཀར་དཀར་དྭངས་ཅུང་ཟད་སེར་ཉམས་ཡོད། ། ལི་དམར་དམར་དྭངས་ཅུང་ཟད་སེར་ཉམས་ཡོད། །’’[3]ཅེས་འབྱུང་ངོ་། ། བསྟན་བཅོས་འདི་མཁས་པ་སུ་ཞིག་གིས་མཛད་མིན་མ་ཤེས་ཀྱང་། འཇམ་མགོན་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི«རབ་གནས་དོན་གསལ་གྱི་གསལ་བྱེད་དངོས་གྲུབ་འབྱུང་བའི་བསྟན་བཅོས་ཆེན་པོའི་དགོངས་དོན་རྣམ་པར་བཤད་པ་རབ་གནས་བསྟན་པ་རྒྱས་པའི་ཉིན་བྱེད»པའི་ནང་དུ་ལུང་འདྲེན་གནང་འདུག་[4]ལ། དགེ་སློང་པད་མ་དཀར་པོས་མཛད་པའི«རྟེན་བརྟག་པའི་རབ་བྱེད་ཉུང་ངུ་སྨྲ་མཁས་འདོད་པའི་ཁ་རྒྱན»ཞེས་པའི་བསྟན་བཅོས་སུའང་ལུང་འདྲེན་གནང་ཡོད་[5]པ་མཐོང་བྱུང་།
«རྒྱ་བོད་ཡིག་ཚང་ཆེན་མོ»ཞེས་པའི་ནང་དུ‘‘བརྒྱ་བྱིན་གྱི་ལྷ་མིའི་རིན་པོ་ཆེ་སྣ་ཚོགས་དང༌། འཆིང་བུ་ལྔ་བཅུ་རྩ་གཅིག་ལ་སྤྲུལ་སྐུའི་རྟེན། སངས་རྒྱས་དགུང་ལོ་བརྒྱད་པ་དང༌། བཅུ་གཉིས་པ་དང༌། ཉི་ཤུ་རྩ་ལྔའི་སྐུ་ཚད་གསུམ་བཞེངས་ནས། ཆེ་བ་དེ་བརྒྱ་བྱིན་རང་གི་ཡིད་དམ་མཛད། ཆུང་བ་གཉིས་རྒྱ་གར་དུ་རྒྱལ་པོ་གསལ་རྒྱལ་གྱི་ཡི་དམ་མཛད། བར་སྐབས་ནས་རྒྱ་ནག་དང་བལ་ཡུལ་དུ་ཕེབས། མཐར་བོད་དུ་འགྲོ་དོན་ལ་ཕེབས་པར་ལུང་བསྟན་པ་བཞིན་ད་ལྟ་ལྷ་ས་འཕྲུལ་སྣང་དང༌། ར་མོ་ཆེ་ན་བཞུགས་པའི་ཇོ་བོ་མཆེད་གཉིས་ཡིན་ནོ། སྐུ་ཚབ་རྣམས་ཀྱི་རབ་གནས་སངས་རྒྱས་ཉིད་རང་གིས་མཛད་ཅིང༌། ལྷ་བཟོ་བ་ བི་ཤྭ་ཀརྨ་དང་༌།’’[6]ཞེས་གསལ་མོད་ཞིབ་ཏུ་མ་ངེས་སོ། ། སངས་རྒྱས་རང་གིས་ལྷ་སའི་ཇོ་བོ་འདི་ལ་རབ་གནས་མཛད་པ་དང་། ཇོ་སྐུ་བཞེངས་མཁན་ནི་ལྷ་བཟོ་བ་བིཤྭ་ཀརྨ་ཡིན་པར་དོགས་པ་མེད་མོད། གོང་གི་ཚིག་དུམ་དེའི་ནང་ན‘‘བརྒྱ་བྱིན་གྱི་ལྷ་མིའི་རིན་པོ་ཆེ་སྣ་ཚོགས་དང༌། ་་་ ’’ཞེས་གསལ་བ་དང་། ‘‘རིན་པོ་ཆེ་སྣ་ཚོགས’’ཞེས་འབྱུང་བར་བལྟས་ན་ཕལ་ཆེར་ཇོ་བོའི་སྐུ་རྒྱུ་ལི་ཁྲ་གཅིག་པུའང་ཨེ་ཡིན་སྙམ། དེའི་རྒྱུ་མཚན་ནི«རྒྱལ་རབས་གསལ་བའི་མེ་ལོང»དུ‘‘བདག་གི་མཆོད་གནས་སྟོན་པའི་སྐུ་གཟུགས་འདི། །ཡོན་བདག་ལྷ་དབང་བརྒྱ་བྱིན་ཁོང་གིས་མཛད། རྒྱུ་ནི་རིན་ཆེན་རྣམ་པ་བཅུ་ལས་གྲུབ། ། འདི་ཡི་བཟོ་བོ་བྱི་ཤོ་སྐར་མས་མཛད། །’’[7]ཞེས་འབྱུང་བས་རེད།
རྒྱལ་མཆོག་ལྔ་པ་ཆེན་པོས་ཀྱང‘‘སྤྱིར་ཡང་བརྒྱ་བྱིན་གྱིས་སྦྱིན་བདག་བྱས་ནས། རྒྱལ་བ་ཉིད་དགུང་ལོ་བརྒྱད་པའི་སྐུ་ཚད་དུ་བཞེངས་པར། སངས་རྒྱས་ཉིད་ཀྱིས་རབ་གནས་མཛད། ཇོ་བོ་ཤཱཀྱ་མུ་ནེེ་དང་འདི་ཉིད་སྐུ་རྒྱུ་གཅིག་པར་ཆོས་འབྱུང་འགའ་ཞིག་ཏུ་སྣང་བ་ནི། རིན་ཆེན་སྣ་ཚོགས་འདུས་པར་བཤད་པ་དང་གུང་འགྲིག་པ་ཙམ་ཡིན་ཞིང་། ཐུབ་པ་ལྷ་ཡུལ་མ་ཇོ་བོའི་བཟོ་ཕུད་དུ་བཞེད་པ་ལྟར་ན་དཔྱད་དགོས་སོ།’’[8]ཞེས་དོགས་སློང་མཛད་འདུག གནས་སྐབས་རིང་རྒྱལ་དབང་ལྔ་པས་ཆོས་འབྱུང་གང་དང་གང་ལ་གཟིགས་པ་བཙལ་འཚོལ་མ་བྱས་ཀྱང་། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི«ས་སྐྱའི་ཆོས་འབྱུང་གཅེས་བསྡུས»དང་། ཉེ་རབས་པར་སྐྲུན་བྱས་པའི«རྒྱ་བཟའ་དང་བལ་བཟའི་རྣམ་ཐར་»དུའང་ཇོ་བོའི་སྐུ་རྒྱུ་ནི་རིན་ཆེན་སྣ་ཚོགས་ཀྱིས་བཞེངས་ཚུལ་བྲིས་འདུག
འོན་ཀྱང་། ཛྷཻ་ཀྵིམ་ཞེས་པ་ནི་ལི་ཁྲ་ལ་གོ་ཡི་ཡོད་པ་འདྲ་ལ། རྒྱ་གར་གྱི་ལི་ལ་ལི་ཁྲ་དང་། ལི་དཀར། ལི་དམར་གསུམ་དུ་ཡོད་པར་བཤད་ཅིང་། ལི་དཀར་ནི་དཀར་པོ་ཤིན་ཏུ་དྭངས་པ་ཅུང་ཟད་སེར་ཉམས་ཡོད་པ་དང་། ལི་དམར་ནི་དམར་པོ་ཤིན་ཏུ་དྭངས་པ་ཅུང་ཟད་སེར་ཉམས་ཡོད་པར་བཤད། ལི་ཁྲ་དང་ལི་དཀར་དང་ལི་དམར་གསུམ་ལས་མཆོག་ཏུ་གྱུར་པ་ནི་ལི་ཁྲ་སྟེ་ཛྷཻ་ཀྵིམ་ཡིན་པ་འདྲའོ། ། དེས་ན། གོང་གི་ཚིགས་བཅད་དེར་བརྟགས་ན་ཇོ་བོའི་སྐུ་རྒྱུ་ནི་རྒྱ་གར་གྱི་ལི་ཁྲ་མིན་ནམ་སྙམ།
སྤྱིར་བཏང་ལིའི་རིགས་ལ་ཡང་། རྒྱ་གར་གྱི་ལི། སྟོད་ཧོར་གྱི་ལི། ཡུ་གུར་གྱི་ལི། བོད་ཀྱི་ལི། རྒྱ་ནག་རྙིང་མའི་ལི། ཧོར་གྱི་ལི་བཅས་བདུན་དུ་འབྱུང་བར་བཤད། འཇམ་མགོན་ཨ་མེས་ཞབས་ཀྱིས་སྐུ་གཟུགས་ཀྱི་རྒྱུ་རྣམས་ཀྱི་ནང་ནས་ཛྷཻ་ཀྵིམ་ཉིད་ཁྱད་པར་དུ་འཕགས་པར་བཤད་ཅིང་། ཛྷཻ་ཀྵིམ་ལ་ཡང་རང་བྱུང་གི་ཛྷཻ་ཀྵིམ་དང་། བཅོས་བུའི་ཛྷཻ་ཀྵིམ་གཉིས་བཤད་པའི་སྔ་མ་ནི་ཆུ་བོ་སིནྡྷུའི་འགྲམ་དུ་གསེར་བཞིན་དུ་ཆགས་པ་ཀླུའི་རིན་ཆེན་སྣ་བདུན་པོ་མ་ལུས་པར་འདུས་པའི་རིན་པོ་ཆེའི་གོང་བུ་གསེར་དམར་དུ་གྲགས་པ་དེ་ཉིད་ཡིན་ཏེ། འདི་ལ་ཞིབ་ཏུ་བརྟགས་ནས་བལྟས་ན་འཇའ་འོད་སྣང་ཞིང་། དུག་ཆུ་བསྐུས་ན་འཇའ་ཚོན་སྣ་ལྔ་གསལ་པོར་སྟོན་པ་བཤད་ལ། བཅོས་བུའི་ཛྷཻ་ཀྵིམ་ནི། གསེར། དངུལ། ཟངས། ལྕགས། ཞ་ཉེ་དཀར་ནག རྡོ་ཤེལ། དངུལ་ཆུ་སྟེ་བརྒྱད་པོ་བཞུ་བཏུལ་བྱས་པ་དེ་ཉིད་ཡིན་པས་འདི་ལ་ཛྷཻ་ཀྵིམ་རྗེས་མཐུན་པ་ཞེས་བྱ་ཞིང་། སྔ་མ་དང་མིང་ཙམ་མཐུན་པ་མ་གཏོགས་ཁྱད་པར་ཤིན་ཏུ་ནས་ཆེ་བར་གསུངས་སོ། །[9]
མཐར་གསལ་བཤད་ཅིག་ཞུ་འདོད་པ་འདི་ལྟར། ཕྲན་གྱིས་ཁོམ་ལོང་གི་དུས་ཚོད་ཐུང་ཐུང་ཞིག་སྤྱད་དེ་ལྷ་སའི་ཇོ་བོ་དང་འབྲེལ་བའི་ལོ་རྒྱུས་དང་ཡིག་ཆ་ཁ་ཤས་བཀླགས་རྗེས་གང་ཤེས་པ་དང་རྙེད་པ་ཙམ་བྲིས་པའི་ཁུལ་ཡིན། འོན་ཀྱང་ཚད་མར་འཛིན་མི་རུང་ལ། ད་དུང་ང་ཚོས་མུ་མཐུད་དུ་ཇོ་བོའི་སྐུ་རྒྱུ་གང་ཡིན་སྐོར་ཞིབ་འཇུག་བྱེད་དགོས་པར་སྙམ།
ལུང་འདྲེན་ཡིག་ཆ།
[1] https://www.khabdha.org/?p=93279#comment-243747
[2] https://www.khabdha.org/?p=93279#comment-243747
[3] རིན་པོ་ཆེ་བཟོ་ཡི་ལས་ཀྱི་བསྒྲུབ་པའི་རྒྱུ་དང་ཇ་དང་དར་གོས་ཆེན་དང་རྟ་རྒྱུད་ཚུགས་བཟང་ངན་གྱི་བརྟག་པ། ཤིང་སྤར། ལྡེབ་གྲངས་༧
[4] དཔལ་ས་སྐྱ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་འབུམ་པོ་ཏི་བཅུ་གཉིས། པོད། ན། ཤིང་སྤར། ལྡེབ་གྲངས་༣༩-༤༠
[5] བཟོ་རིག་ཉེར་མཁོ་བདམས་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ཤོག་གྲངས་༢༦༦
[6] རྒྱ་བོད་ཡིག་ཚང་ཆེན་མོ། སྟག་ཚང་དཔལ་འབྱོར་བཟང་པོ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། ༢༠༠༧ ཤོག་གྲངས་ ༢༧
[7] རྒྱལ་རབས་གསལ་བའི་མེ་ལོང་། བསོད་ནམས་རྒྱལ་མཚན། རྒྱ་མོ་བཟའ་ཀོང་ཇོ་གདན་དྲངས་པའི་ལེའུ་སྟེ། བཅུ་གསུམ་པའི་ནང་གསལ། ཤིང་སྤར། ལྡེབ་གྲངས་ ༢༣༨
[8] ལྷ་ལྡན་གཙུག་ལག་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། རྒྱལ་མཆོག་ལྔ་པ་ཆེན་པོ། ༡༩༨༧ ཤོག་གྲངས་༤༦
[9] དཔལ་ས་སྐྱ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་འབུམ་པོ་ཏི་བཅུ་གཉིས། པོད། ན། ཤིང་སྤར། ལྡེབ་གྲངས་༤༢
་་་་་་་ བར་སྐབས་ནས་རྒྱ་ནག་དང་བལ་ཡུལ་དུ་ཕེབས། མཐར་བོད་དུ་འགྲོ་དོན་ལ་ཕེབས་པར་ལུང་བསྟན་པ་བཞིན་ད་ལྟ་ལྷ་ས་འཕྲུལ་སྣང་དང༌། ར་མོ་ཆེ་ན་བཞུགས་པའི་ཇོ་བོ་མཆེད་གཉིས་ཡིན་ནོ། སྐུ་ཚབ་རྣམས་ཀྱི་རབ་གནས་སངས་རྒྱས་ཉིད་རང་གིས་མཛད་ཅིང༌། ལྷ་བཟོ་བ་ བི་ཤྭ་ཀརྨ་དང་༌།’’[6]ཞེས་གསལ་མོད་ཞིབ་ཏུ་མ་ངེས་སོ། ། ་་་་་་་་
ལྷ་བཟོ་བ་བི་ཤྭ་ཀརྨ། འདི་མི་ཞིག་རེད་དམ། ལྷ་ཞིག་རེད། ལགས།།
ཁེ་ཉིན། ཞེས་པས་རྩོམ་ཡིག་འབྲི་བ་པོ། སྙན་བཟང་གཡུང་དྲུང་ཚེ་རིང་མཆོག་ལ་ཁེ་བཟང་བྱུང་བ་འདྲ། གང་ཉིད་ཀྱི་བོད་མིང་ཚིག་དག་པར་ཡོད་པ་ལ་འོས་པ་ཞིག་གོ ཁས་ཉིན། ཞེས་པ་རྗེས་འཇུག་ས་འགྲེང་པོ་ལྟ་བུར་འབོད་པ་བོད་དབུས་གཙང་དང་། ཤར་ཕྱོགས་པ་དག་གིས་འབོད། ངའི་ལུང་པའི་ཁ་སྐད་དུ། ཁས་ཉིན་ལ། ཁར་ཚན་ཞག་ཟེར། ཛྷཻ་ཀྵིམ། ཞེས་པ་ལེགས་སྦྱར་ཚིག་མཛོད་ཆུང་བ་གཉིས་ལ་བལྟས་པ་མ་མཐོང་།
ཁ་ནུབ་བམ། ཁ་ཉིན་མོ།
མདང་།
དེ་རིང་།
སང་ཉིན།
གནངས་ཉིན།
གཞེས་ཉིན།
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ལྷ་ཇོ་བོ་ལ་ཞིབ་འཇུག་གནང་དུས་ཇོ་བོ་འདི་ཐང་སན་བླ་མ་དང་ཤཀྱའི་རྒྱལ་པོ་གཉིས་སུ་ཡི་འདྲ་སྐུ་ཡིན་མིན་ཞིབ་འཇུག་བྱེད་ན་ཡག་པོ་རེད། མགོ་ལ་གཙུག་ཏོར་ཡོད་མེད་ཞིབ་འཇུག་མཚན་རིག་དང་མཐུན་པ་ཞིག་བྱས་ན་ཕན་ཐོགས་ཡོང་བ།
སྙན་བཟང་གཡུང་ཚེ་ལགས། སྐུ་ཚབ་རྣམ་གཉིས་ཀྱི་རབ་གནས་སངས་རྒྱས་རང་གིས་མཛད་ཅིང་། ལྷ་བཟོ་བ་བིཤྭ་ཀརྨ་དང་ཞེས་པ་སོགས་གསལ་མོད་ཞིབ་ཏུ་མ་ངེས་སོ་།།ཟེར་བར་མ་ངེས་པའི་རྒྱུ་མཚན་གསུང་རོགས་ཞུ།
ཅོ་རི་ཉི་མ་ལགས། ཇོ་བོ་རིན་པོ་ཆེ་ལ་དབུ་རྒྱན་གསོལ་མཁན་རྗེ་རིན་པོ་ཆེ་བློ་བཟང་གྲགས་པ་ཡིན་པ་གོ་མྱོང་ཡོད། དམངས་ཁྲོད་དུ་བཤད་སྲོལ་ལ་རྗེ་བཟང་གྲགས་པས་བློ་ངན་དྲན་ ལྷ་ཇོ་བོའི་འགོ་ལ་ཟང་ཐུར་བཙུག་ཟེར་བ་ཐོས་མྱོང།
ཨ་ཁུ་འབྲོག་པ་ལགས། ངས་ཞིབ་ཏུ་མ་ངེས་ཞེས་བཤད་དགོས་དོན་འདི་ལྟར། སངས་རྒྱས་རང་གིས་ལྷ་སའི་ཇོ་བོ་འདི་ལ་རབ་གནས་མཛད་པ་དང་། ཇོ་སྐུ་བཞེངས་མཁན་ནི་ལྷ་བཟོ་བ་བིཤྭ་ཀརྨ་ཡིན་པར་དོགས་པ་བྱེད་ཀྱི་མེད། འོན་ཀྱང་ཚིག་རྐང་དེའི་གོང་ན‘‘བརྒྱ་བྱིན་གྱི་ལྷ་མིའི་རིན་པོ་ཆེ་སྣ་ཚོགས་དང༌། ་་་ ’’ཞེས་གསལ་བས། ‘‘རིན་པོ་ཆེ་སྣ་ཚོགས’’ཞེས་གསལ་བར་བལྟས་ན་ཕལ་ཆེར་ཇོ་བོའི་སྐུ་རྒྱུ་ལི་ཁྲ་གཅིག་པུའང་ཨེ་ཡིན་སྙམ་པ་རེད། དེའི་རྒྱུ་མཚན་ནི« རྒྱལ་རབས་གསལ་བའི་མེ་ལོང»དུ‘‘བདག་གི་མཆོད་གནས་སྟོན་པའི་སྐུ་གཟུགས་འདི། །ཡོན་བདག་ལྷ་དབང་བརྒྱ་བྱིན་ཁོང་གིས་མཛད། རྒྱུ་ནི་རིན་ཆེན་རྣམ་པ་བཅུ་ལས་གྲུབ། ། འདི་ཡི་བཟོ་བོ་བྱི་ཤོ་སྐར་མས་མཛད། །’’ཞེས་འབྱུང་བས་རེད། འོན་ཀྱང་ཛྷཻ་ཀྵིམ་ཞེས་པ་ནི་ལི་ཁྲ་ལ་གོ་ཡི་ཡོད་པ་འདྲ། གང་ལྟར། ཁ་སང་ངས་བྲེལ་སྟབས་ཀྱིས་རྩོམ་ཐུང་འདི་བྲིས་སྟབས། « རྒྱལ་རབས་གསལ་བའི་མེ་ལོང»དུ་གསལ་བའི་ལུང་འདི་འདྲེན་ཁོམ་མ་བྱུང་། དེ་རིང་སྣོན་པ་བཏབ་ཡོད། ད་དུང་ང་ཚོས་མུ་མཐུད་དུ་ཇོ་བོའི་སྐུ་རྒྱུ་གང་ཡིན་སྐོར་ཞིབ་འཇུག་བྱེད་དགོས་པར་སྙམ། ཐུགས་རྗེ་ཆེ།
བོད་ཁམས་སྡེས་ཆོས་ལུགས་འཐེན་འཁྱེར་གྱི་དུག་དྲངས་ནས། རང་རྩོམ་དམངས་གཞས་ལ་ཁ་གཡར་ནས། དོན་མེད་སྐྱེས་བུ་དམ་པར་ཁ་གཏོང་བ་འདི་སྡར་མའི་གཤིས་རེད། གལ་ཏེ་ཁྱེད་ཀྱི་དགོངས་པ་ཡིན་ན། ཅིའི་ཕྱིར་དམངས་གཞས་ཅེས་ཁ་གཡར་དགོས་སམ། དོན་མེད་བོད་མི་དམངས་རང་གི་སྡིག་པའི་རྒྱབ་རྩར་འཁུར་བ་དེ་ལ་བློ་ཕམ་སོང་།
དེང་སང་ཆབ་སྲིད་པ་ཚོ་དང་། དྲ་འབུ་ཚོས། མི་དམངས་ཀྱི་རྒྱབ་ལ་ཡིབ་ནས། བོད་ལ་བཀའ་དྲིན་ཆེ་བའི་བླ་མ་དང་བྱས་རྗེས་ཅན་ཚོར་ཁ་གཏོང་བ་དེ་ངོ་མ་སྡར་མའི་གཤིས་ཀ་རེད།
ཁ་གཏོང་མཁན་ལ་སྐྲག་གི་མི་འདུག་ལ། ཕྱི་གསལ་ནང་གསལ་བྱས་ན་གུས་ཞབས་ཡོད། འོན་ཀྱང་མི་མང་དང་འདས་པོ་འབའ་ཞིག་ཁ་ལ་འཁྱེར་ཡོང་བ་འདི་མི་ངན་གྱི་རྟགས་རེད། དེ་ལ་ངོ་རྒོལ་ཡོད།
ཇོ་བོ་རིན་པོ་ཆེན་གྱི་དབུ་ཞྭ་འདི་ཐང་རྒྱལ་རབས་ཀྱི་གྲྭ་པ་བླ་མའི་ཞྭ་མོ་རེད་འདུག་པར་མ་གཏོགས་དགེ་ལུགས་པའི་ཞྭ་མོ་རེད་མི་འདུག་ག་་་བོད་ཁམས་སྡེ་ལགས། རྗེ་བདག་ཉིད་ཆེན་པོས་ཇོ་བོའི་མགོ་ལ་ཞྭ་མོ་གོན་པ་ཡིན་ན་དགེ་ལུགས་པའི་ཞྭ་མོ་སེར་པོ་དེ་གོན་མདོག་ཁག་པོ་རེད་བ།་་་་་་ངས་བལྟས་ན་ཇོ་བོའི་མགོ་ཡི་ཞྭ་མོ་དེ་ཐང་རྒྱལ་རབས་ཀྱི་ཆོས་ཞྭ་རང་འདུག
རྩོམ་བྲིས་པ་ཡག ཇོ་སྐུའི་རྒྱུ་ཆ་ངོ་མ་གང་ཡིན་ཇོ་སྐུ་རང་གློག་འོད་འཕྲུལ་ཆས་ཀྱི་ནང་དུ་སྐར་མ་གཅིག་བཞག་ན་ཐག་ཆོད་ཀི་རེད། དེ་མིན་གླང་དར་སྐབས་དང་རིག་གསར་སྐབས་སོགས་སུ་ཇོ་བོའི་དབུ་ལ་ཡང་ཨོ་བརྒྱལ་སྣ་ཚོགས་བྱུང་བས། ལོ་ཉིས་སྟོང་ལྔ་བརྒྱའི་སྔོན་གྱི་ཇོ་སྐུ་དེ་རང་ཡིན་མིན་ཡང་སུས་ཤེས། དེ་མ་རེད་ན་ཇོ་བོ་རིན་པོ་ཞེས་མནའ་སྐྱེལ་ཨེ་ཐུབ།
ཟུར་གནས་ལགས་ འདིིར་ལྷ་སའི་ཇོ་སྐུའི་གླེང་གཞིའི་སྐོར་ལ་ང་རང་ཉིད་ཀྱིས་དེ་སྔོན་གང་ཐོས་པ་དེ་བྲིས་པ་ལས་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་བྱས་པ་ཞིག་མ་ཡིན་ལགས། མ་གཞི་དུས་རྒྱུན་དུ་སོ་སོར་བོད་པ་ཞིག་དང་ནང་པ་ཞིག་ཡིན་བསམ་པ་ལས་ཆོལ་ཁ་དང་ཆོས་ལུགས་ལ་དེ་ཙམ་གྱིས་དོ་སྣང་ཡོད་མཁན་གཅིག་མིན་ལགས། ངས་ཁྱེད་ལ་དྲི་བ་གཅིག་ཡོད། ཇོ་བོའི་དབུ་རྒྱན་དེ་དང་པོ་ཉིད་ནས་ཡོད་པ་ཞིག་ཡིན་ནམ་ཡང་ན་ཕྱི་སུ་སྒྲོན་པ་ཞིག་རེད་ལེན་ཞིག་ཡོད་ན་གནང་རོག་ཞུ།
ཇོ་བོའི་སྐུ་དེ། སྤྲུལ་སྐུ་དགེ་སློང་གི་རྣམ་པར་བཞེངས་ཡོད་ན་ཡང་། རྗེ་རིན་པོ་གཙོས་པའི་དད་ལྡན་ཁག་གིས། ཇོ་བོ་ལོངས་སྐུ་ལྷ་ཡི་རྣམ་པར་རིན་ཆེན་གྱི་དབུ་རྒྱན་བསྒྲོན་པ་ཙམ་ལས། གཞན་ཁྱད་པར་གང་ཡང་ཕྱིན་ཡོད་མ་རེད།
དྲ་འབུ་གློས་རྒན་འགས་ཇོ་ཁང་ལ་མེ་སྐྱོན་བྱུང་བ་དང་དེའི་གོད་ཆག་སྐོར་གླེང་བར་མི་བརྩོན་པར་ཇོ་བོ་ལ་དབུ་རྒྱན་སུས་ཕུལ་ནས་འགོ་བཙུགས་ནས་རྗེ་རིན་པོ་ཆེ་དང་དགེ་ལུགས་པ་ལ་ཁ་ཡོང་ཚད་རེ་ཟེར་ཨེ་ཤེས་ལ་འབད་ཀྱིན་འདུག
གློས་རྟགས་འདུག
ལྷ་སའི་ཇོ་སྐུའི་བྱིན་རླབས་དངོས་སུ་བྱུང་། གནས་སྐོར་པ་ཞིག་ལྷ་སར་སླེབས་ན། ལྷ་སའི་ཇོ་སྐུ་མཇལ་མ་ཐུབ་ན། སེམས་འགྱོད་ཆེ། ལྷ་ས་ན་བྱིན་རླབས་ཅན། ལྷ་སྐུ་གཞན་རྣམས་མཇལ་མ་ཐུབ་ན་ཡང་། སེམས་འགྱོད་མེད་པ་དེ་ཇི་ལྟར་བྱུང་ངམ།
བོད་ཁམས་སྡེ་ལགས།
ད་ལྟ་ཇོ་བོའི་སྐུ་ལ་མེ་སྐྱོན་ཤོར་བའི་སྐོར་བགྲོ་གླེང་བྱེད་པའི་གནས་སྐབས་ལ། ཁྱེད་ཀྱིས་ཆོས་ལུགས་ཀྱི་དུག་ཆུས་བརླམས་པའི་ཆུ་སྙིགས་ཤིག་འདིའི་སྒང་ལ་སྟོར་བཞིན་པ་དེ་ལ་བློ་ཕམ་བྱུང་།
སྟོར་བཞིན་པ་དང་། གཏོར་བཞིན་གོ་བ་ཡོད་ཀྱང་། བདག་ལྟ་བུ་དག་གིས་བློ་གཟབ་པ་དགོས་སོ།
ཇོ་བོ་རིན་པོ་ཆེའི་སྐུའི་རྒྱུ་རིན་པོ་ཆེ་ཡིན་ན་ཇོ་རིན་པོ་ཆེ་ཡིན་རྒྱུ་དང་། ཇོ་བོ་རིན་པོ་ཆེའི་སྐུའི་རྒྱུ་ས་ཡིན་ན་ཇོ་བོ་རིན་པོ་ཆེ་མིན་ནམ།
ཇོ་བོ་རིན་པོ་ཆེ་གསེར་དངུལ་ཟངས་ལྕགས་ས་རྡོ་ཤིང་གསུམ་གང་ཡིན་ཡང་རུང་། ཇོ་བོའི་རིན་ཐང་ངོ་མ་ནི་བོད་མི་རིགས་ཀྱིས་ཇོ་བོ་ལ་བཅངས་བའི་རིག་གནས་ཀྱི་འདུ་ཤེས་འཛིན་སྟངས་དེ་ཡིན་པ་ལས་སྐུ་རྒྱུ་ག་ལ་ཡིན། ཇོ་བོ་ཤིང་ཡིན་པས་ད་རེས་སོལ་བར་འགྱུར་ནའང་། ཇོ་བོ་ས་ཡིན་པས་ད་རེས་སོ་ཕག་ཏུ་གྱུར་ནའང་། གང་ལྟར་ཇོ་བོ་མེ་ལྷ་ལ་འཐིམ་སོང་ནའང་། ཇོ་ཁང་གི་ཤུལ་དུ་ར་སྐོར་ཞིག་མ་གཏོགས་མ་ལྷག་ནའང་། ཡང་ན་ཤིང་ཕྲན་ཞིག་གམ རྩྭ་ལྡུམ་ཞིག་མ་གཏོགས་མེད་ནའང་བོད་མི་རིགས་ཀྱིས་ཇོ་བོ་ལ་བཅངས་བའི་རིག་གནས་ཀྱི་འདུ་ཤེས་དང་། ལོ་རྒྱུས་ཀྱི་རིན་ཐང་ལ་ཉམས་ཆག་གང་ཡང་འགྲོ་མི་སྲིད་དོ། ཡིད་ཆེས་དང་དད་སྟོབས་ནི་ཆེས་སྲ་ཞིང་བརྟན་པ་དེའོ།
གང་ལ་མོས་པ་གཙོ་བྱས་པ། །
དེ་ཡི་མདུན་དུ་ཐུབ་དབང་བཞུགས། །
ཇོ་བོའི་སྐུ་རྒྱུ་ཅི་ཡང་རུང་། །
མ་དད་པ་ལ་ཅི་ཡང་ཉེས། །
ཇོ་བོར་གཅེས་པ་གནའ་དངོས་གཅེས། །
ཇོ་བོར་དད་པ་ཆོས་ལ་དད། །
ཇོ་བོར་བཀུར་བ་ལོ་རྒྱུས་བཀུར། །
ཇོ་བོ་བསྲུང་བ་བང་མཛོད་བསྲུངས། །
ཇོ་བོར་རྒྱ་གར་ཡུལ་དུ་འཁྲུངས། །
དེ་ནས་རྒྱ་ནག་རྒྱལ་པོར་ཕུལ། །
རྒྱ་ཡིས་བོད་པར་ཕུལ་དགོས་འདི། །
སྲོང་བཙན་བཙན་པོས་བྱས་རྗེས་རེད། །
ཁྱེད་ཀྱི་མཆན་འདི་མངོན་པར་སྟོད་དོ་།