ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་བོད་མི་གཞོན་སྐྱེས་གཉིས་བྱུང་བའི་ནང་གི་གཅིག་ནི་མིང་ལ་དར་རྒྱས་དང་། རང་ལོ་ ༢༥ ཡིན་པ་ཁོང་གི་ཕ་མིང་ལ་ལོ་དེ་དང་། མ་མིང་ཞེས་སྐྱིད་ཟེར། ཁོང་ནི་རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ་སྡེ་བ་ནས་ཡིན་ཞིང་། ཁོང་ཚང་ལ་སྤུན་དྲུག་ཡོད་པའི་ནང་གི་ཆུང་ཤོས་ཁོང་ཡིན་འདུག ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས་ཤིང་། ལོ་ཤས་གོང་སྐྱ་སར་བབ་ནས་ལྷ་སར་ཡོད་པའི་ཨ་མདོ་རྔ་པའི་ཚོང་པ་ཆུ་སྐལ་ཚང་གི་ཟ་ཁང་ནང་དུ་དངུལ་གཉེར་གྱི་ལས་ཀ་བྱས་ནས་ཡོད་ཅིང་། དོན་རྐྱེན་བྱུང་རྗེས་ཟ་ཁང་གི་སྦྱིན་བདག་ཆུ་སྐལ་དང་བཟའ་ཟླ་སོགས་ནང་མི་ཚང་མ་འཛིན་བཟུང་གིས་བཀག་ཉར་བྱས་ཡོད་འདུག དར་རྒྱས་ཀྱི་ནང་མིར་དར་རྒྱས་ཀྱིས་རང་ལུས་མེ་སྲེག་བྱས་འདུག་ཀྱང་ད་ལྟ་གྲོངས་མེད་ཚུལ་ཙམ་ལས་གང་དུ་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གཅིག་ཀྱང་བརྗོད་མི་འདུག
དེ་བཞིན་དེང་སྐབས་ལྷ་སར་ཡོད་པའི་ཨ་མདོ་རྔ་པའི་ད་ལོའི་སྤྱི་བ་སྒྲོལ་མ་སྐྱབས་དང་། མྱུར་མགྱོགས། རྟ་མགྲིན་སྐྱབས། སངས་གྲགས་སོགས་སྤྱི་བ་མི་དྲུག་དང་། དེ་མིན་ལྷ་སའི་གླིང་གི་ཟ་ཁང་དང་ཚོང་ཁང་སོགས་ཀྱི་ནང་ལས་ཀ་གཉེར་ནས་ཡོད་པ་ཚོ་དང་། གནས་སྐབས་འདུག་ཐོའི་ལག་ཁྱེར་(དན་ཏོའུ་དྲན་)མེད་པ་ཁག གཟའ་ལྷག་པའི་ཉིན་དམིགས་བསལ་བོད་ཆས་གྱོན་མཁན་བཅས་འཛིན་བཟུང་བཙན་ཁྲིད་བྱས་དང་བྱེད་མུས་ཀྱིས་གར་སོང་ཆ་མེད་དུ་གྱུར་བཞིན་ཡོད་འདུག
འདི་ནས་ཤེས་གསལ་ལ་རྔ་པའི་ཕྱོགས་ཀྱི་བོད་མི་ཚོའི་ཁ་པར་དང་གློག་ཀླད་སོགས་ལ་དམིགས་བསལ་དམ་དྲག་གིས་ད་ལྟ་ཕྱི་ཕྱོགས་སུ་མ་ཟད་ཨ་མདོ་རྔ་པ་དང་ཁྲིན་ཏུའུ་སོགས་ལ་ཡང་འབྲེལ་བ་བྱེད་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་འདུག
དེ་མིན་འཛིན་བཟུང་མ་བྱས་པའི་ཁམས་དང་ཨ་མདོའི་ཕྱོགས་ཀྱི་ཚོང་པ་སོགས་གཞི་ཆགས་ནས་ཡོད་པའི་བོད་མི་རྣམས་མུ་མཐུད་ནས་བོད་ཀྱི་རྒྱལ་ས་ལྷ་སར་འདུག་ཐུབ་མིན་ལའང་ཧ་ཅང་ཉེ་ཁ་ཆེན་པོ་ཆགས་ཡོད་འདུག ཕྱི་ལོ་ ༢༠༠༨ ལོའི་ཞུ་རྒོལ་ལ་ཁག་བཞགས་ནས་གདན་ས་གསུམ་དུ་སློབ་གཉེར་གནང་བཞིན་པའི་མདོ་སྟོད་སྨད་ཀྱི་དགེ་འདུན་པ་ཡོད་ཚད་ཕྱིར་འབུད་ཀྱིིས་ད་ལྟ་གདན་ས་གསུམ་སྟོང་ལ་ཉེ་བར་ཆགས་ཡོད་པ་ལྟར། ཕྱི་ལོ་ ༢༠༡༡ ལོར་ཨ་མདོ་རྔ་པའི་ནང་བློ་བཟང་ཕུན་ཚོགས་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྐབས་ནས་ལྷ་སར་ཡོད་པའི་ཨ་མདོ་རྔ་པའི་ཕྱོགས་ཀྱི་བོད་མི་ཚོར་ཉེས་མིང་སྣ་ཚོགས་འོག་འཛིན་བཟུང་དང་དོགས་འདྲི་སོགས་བྱས་ནས་ད་བར་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་ཡོད་འདུག་ལ། ལྷག་ཏུ་ཉེ་སྔོན་མདོ་སྨད་འབོ་ར་ནས་ཡིན་པའི་རྡོ་རྗེ་ཚེ་བརྟན་དང་། ཨ་མདོ་རྔ་པའི་དར་རྒྱས་གཉིས་ཀྱིས་ལྷ་ས་ནས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་བར་ཁ་གཡར་ནས་དེང་སྐབས་ལྷ་སར་སྔར་ལས་ལྷག་པའི་དམ་དྲག་དང་འཛིན་བཟུང་། ཕྱིར་འབུད་བཅས་ཀྱི་ལས་འགུལ་གྱི་རླུང་འཚུབ་དྲག་ཏུ་གཡོས་བཞིན་ཡོད་འདུག
གཞན་ཡང་གསར་དུ་ཤེས་རྟོགས་བྱུང་བར་ཕྱི་ལོ་ ༢༠༠༩ ལོའི་ལོ་མཇུག་ཙམ་ལ་ཨ་མདོ་རྔ་པ་རྔ་སྟོད་སྒོ་མང་མཐའ་བའི་ཚོང་པ་ཆོས་ཁོ། རང་ལོ་ ༤༩ ཙམ་ཡིན་པ་ཁོང་བོད་དང་བལ་ཡུལ་ས་མཚམས་འགྲམ་ནས་འཛིན་བཟུང་གིས་གཞིས་ཀ་རྩེ་དང་ལྷ་ས་ནས་ཡུན་རིང་བཀག་ཉར་བྱས་རྗེས་མཐར་རྒྱ་གར་ལ་བོད་མི་ལམ་འཇུག་བྱས་པའི་ཉེས་མིང་འོག་ལོ་༤ བཙོན་འཇུག་ཁྲིམས་ཐག་བཅད་དེ་བོད་རང་སྐྱོང་ལྗོངས་ཀྱི་བཙོན་ཁང་(གྲ་བཞི་བཙོན་ཁང་)དུ་བཙོན་འཇུག་བྱེད་མུས་ཡིན་འདུག་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས།
ཕྱི་ལོ་ ༢༠༡༢ ཟླ་ ༦ ཟླ་ ༡ ལ།
གནས་སྟངས་དེ་གསར་བ་ཞིག་མ་རེད། ལྷ་ས་ནས་གནས་ཚུལ་འདྲ་བྱུང་ན་ལྷ་སའི་ཉེན་རྟོག་པ་ཚོས་ཁམས་དང་ཨ་མདོ་ནས་ཡོང་བའི་ཆོས་མཇལ་བ་ཚོ་མིག་གི་མཐཽང་ས་མེད། དོན་མེད་མཚན་གུང་ལ་ཡོང་ནས་གཅར་རྡུང་ཡང་བྱེད།
དཀའ་ངལ་དེ་འདྲ་ལོ་བཅུའི་སྔོན་ལ་ང་ལྷ་སར་ཡོད་དུས་ཡང་འཕྲད་སོང་།
གནས་ཚུལ་གང་ཞིག་སྤེལ་བ་ཡིན་ན་བདེན་པ་བདེན་རྐྱང་བཤད་རྒྱུ་གལ་ཆེན་རེད།ཕྱོགས་ལ་ལ་ནས་ང་རང་ཚོ་ཐལ་དྲག་སོང་བ་ཡང་ཡོད་པ་མཐོང་བྱུང་།དཔེར་ན་ཉེ་ལམ་རྔ་བ་དང་ཁྲིན་ཏུའུ་ལ་འབྲེལ་བ་བྱེད་རྒྱུ་ཁག་པོ་རེད་ཟེར་བ་དེ་ལྟ་བུ་རེད།ངས་ཉེ་ལམ་འབྲེལ་བ་རབ་དང་རིམ་པ་བྱས་པ་ཡིན་མོད་དཀའ་ངལ་བྱུང་མ་སོང་།དེ་བཞིན་དུ་གྲོགས་པོ་ཚོ་ལ་ཡང་དཀའ་ངལ་འཕྲད་ཀྱིན་མི་འདུག དེ་ཡང་རྔ་བ་ལ་དྲྭ་རྒྱ་དང་བརྡ་འཕྲིན་གྱི་སྒོ་རྒྱབ་པ་ནི་ད་ཐེངས་འདིས་རྐྱེན་མ་རེད། ད་དེ་ལོ་གཅིག་དང་ཟླ་བ་ཁ་ཤས་འགྲོ་ཀི་ཡོད་པ་རེད།དེ་ལས་སོགས་པས་མཚོན་མང་པོ་འདུག ང་ཚོས་ངོས་ནས་བོད་ནང་གི་གནས་སྟངས་བདེན་པ་དཔང་ཡོད་ཀྱི་སྟེང་ནས་སྤེལ་དགོས་པ་གཞི་རྩ་རེད། ད་དུང་དེ་ནང་བཞིན་དུ་འབྲེལ་ཡོད་མི་སྣ་དག་ལྷང་ལ་མ་བུད་བར་དུ་མིང་འབྲི་བ་དང་ལས་ཀ་སོགས་གསལ་བོ་བརྗོད་ན་ཡག་པོ་མི་འདུག