དང་པོ།
དོན་འགྲུབ་རྒྱལ་བོས་ཨ་སམ་སོ་གྲོང་ཁྱེར་ནང་འབྱོར་བའི་སོ་ཊའི་དོ་པོ་རྣམས་དོ་ཁང་ཆུང་ཆུང་ནང་ལེགས་པར་བརྩིགས་ཏེ་དོ་དམ་ནན་པོས་རང་བློ་བདེ་བོ་ཆགས་མཚམས་རང་ཡུལ་དུ་ཕྱིར་ལོག་པའི་གྲ་སྒྲིག་གིས་མེ་འཁོར་འབབ་ཚུགས་སུ་སོང་སྟེ་པ་སི་ཉོས། ཁ་ལག་ཡག་པོ་ཞིག་ཟོས་རྗེས་དགོང་དྲོའི་ཆུ་ཚོད་དགུ་བའི་སྟེང་གི་མེ་འཁོར་ལ་སྒུག མེ་འཁོར་གྱི་ཁྲོག་སྒྲ་དང་། མི་མང་གི་འདུར་སྒྲ་ནི་རྒྱུན་ཆད་རྒྱུ་མེད་ལ། མི་མང་གི་སྐད་སྒྲ་ནི་དེ་བས་ཀྱང་རྒྱུན་ཆད་རྒྱུ་མེད། དོན་འགྲུབ་རྒྱལ་བོས་རས་གདན་བརྡབ་བརྡབ་བཏང་སྟེ་ངོས་གཅིག་ཏུ་ལེགས་པར་བཏིང་པའི་སྟེང་བལ་གོས་ཀྱི་ཞོལ་བལྟབས་ནས་བཞག་པ་དང་། དེའི་སྟེང་དུ་རྒྱབ་ཁུག་སྨུག་ནག་བསྙལ་ནས་བཞག རང་ཉིད་ཀྱང་རས་གདན་སྟེང་དཀྱིལ་ཀྲུང་དུ་བསྡད་དེ་ཐོ་འགོད་དེབ་ཆུང་གི་སྟེང་དེ་རིང་གི་འགྲོ་སོང་བཏང་བ་རྣམས་ལེགས་པར་བྲིས། གདོང་ལ་འཛུམ་མདངས་དང་སེམས་ལ་སྤྲོ་བའི་ཁེངས་བཞིན་ད་ཐེངས་ངས་ནང་མི་ལ་གཏམ་བཟང་ཞིག་བཤད་ཡག་ཡོད། འགྲོ་སོང་ཞེ་དྲག་གཏོང་མ་དགོས་པའི་སྟེང་སོ་ཊ་སྤུས་དག་ངང་འབྱོར་ཡོད་ལ། རྩིས་ཁྲའང་ཁ་གསལ་ཡོད་པས། པ་ལགས་ཀྱིས་ཀྱང་ཐུགས་མཉེས་བོ་གནང་གི་རེད་ཅེས་ཆིག་ལབ་ཅིག་རྒྱབ་སྟེ་ཐོ་འགོད་དེབ་ཆུང་རྒྱབ་ཁུག་ནང་བླུགས། མགོ་བོ་ཡར་བཀྱགས་ནས་ཕྱོགས་གང་སར་བལྟས་པས་སྟོད་གོས་དམར་བོ་གྱོན་ཤིང་དཔུང་བའི་སྟེང་ཨང་རྟགས་བཀོད་པའི་གླ་བ་རྣམས་དང་ཕྱོགས་སོ་སོ་ནས་ཕེབས་པའི་མི་མང་རྣམས་ད་དུང་ཡང་བྲེལ་འཚུབ་ངང་ཡར་རྒྱུག་མར་རྒྱུག་བྱེད་ཅིང་མཆིས། ། དོན་འགྲུབ་རྒྱལ་བོར་སྐད་ཆ་བཤད་རོགས་མེད་སྟབས་ཡང་བསྐྱར་བསམ་བློ་གཞན་ཞིག་བཏང་། ལྡི་ལི་རུ་འབྱོར་མཚམས་རྔན་པ་ཁ་ཤས་ཉོ་དགོས་པའི་ནང་། པ་ལགས་ལ་བོད་ཀྱི་རྒྱལ་དར་ཆེན་པོ་ཞིག་དང་།ཨ་མ་ལགས་ལ་སྤྲིན་བལ་གྱི་ནང་འཇམ་གཅིག ཇ་བག་ཆུང་ལྔ་དང་ཇ་དེམ་གཅིག བཟའ་ཟླ་དང་གཅུང་མོ་གཉིས་ལ་ཕྱུ་པ་དཔེ་གསར་གཉིས་རེ་བཅས་ཉོས་ན་འགྲིག་གི་རེད་བསམ་བཞིན་ཕ་མ་སྤུན་མཆེད་དང་རང་ཡུལ་ཕྱོགས་སུ་ཁ་བསྒྱུར་ནས་བསམ་བློ་བཞི་གསུམ་བཅུ་གཉིས་གཏོང་བཞིན་པའི་སྐབས་དེར། དོན་འགྲུབ་རྒྱལ་བོའི་ཉེ་འགྲམ་དུ་རྒད་པོ་མིག་ལོང་བ་ཅན་ཞིག་དང་། རྒད་མོ་གདོང་པ་རྨ་ཤུལ་ཅན་ཞིག་སྟེ་ཉམ་ཆུང་བཟའ་ཟླ་སློང་མོ་བ་གཉིས་ཀྱིས་མཛུབ་རྡུང་རྔ་ཆ་གཅིག་དང་མཛུབ་གནོན་རོལ་མོ།
སྒོར་རྡོག་ཁ་ཤས་ཡོད་པའི་ཤོག་སྒམ་ཞིག་བཅས་མདུན་ངོས་སུ་བཞག་སྟེ་རོལ་ཆ་དཀྲོལ་བ་དང་གླུ་དབྱངས་ལེན་པའི་མགོ་ཚུགས། སྤྲང་བོ་འདི་ཚོས་ང་ལྷོད་ལྷོད་ངང་སྡོད་བཅུག་ས་མ་རེད་བསམ་བཞིན་པའི་སྐབས། དངོས་གནས་རྒད་པོ་དེས་སྙན་ཆ་དང་འགྱུར་ཁུགས་གང་ཡང་མེད་པའི་འགྲགས་སྐད་ཅིག་གིས་གློག་བརྙན་ནང་གི་གཞས་རྙིང་པ་ཞིག་བཏང་། རྒད་པོས་གཞས་དེ་བཏང་ཚར་བ་དང་ལྟ་མཁན་དང་ཉན་མཁན་མི་མང་དེ་ཙམ་མེད་ནའང་མི་སེམས་བཟང་དེ་འདྲ་ཁ་ཤས་ཀྱིས་དངུལ་ལོར་གཅིག་གཉིས་རེ་ཤོག་སྒམ་ནང་བླུགས་ནས་འགྲོ ཅུང་མ་འགོར་བར་ཡང་བསྐྱར་རྔ་དང་རོལ་དབྱངས་དཀྲོལ་བཞིན་གློག་བརྙན་ནང་གི་ཀི་ཤི་ཀོ་མར་དང་ལའ་ཏཱ་གཉིས་ཀྱིས་བཏང་བའི་གཞས་ཤིག་ཁོང་གཉིས་ནས་ཕོ་མོའི་མཉམ་ལེན་གྱི་ཚུལ་དུ་ལེན།
གཉིད་བྲལ་མཚན་ནམ་རིང་བོར། །
གཟུགས་པོ་ཕར་ལོག་ཚུར་ལོགཁྱེད་རང་གི་བདེན་པ། །
དེ་འདྲ་སྡུག་བསྔལ་མ་བྱེད། །
བྲལ་བའི་དུས་ཚོད་ཐུང་གི །
ཁྱེད་རང་གི་བདེན་པ་ཞེས་པའི་གཞས་ཚིག་དེ་དག་ཉམ་ཆུང་ཤིང་ཡ་ང་བའི་རྒད་མོ་དེས་ཧ་ཅང་སྐད་ངག་སྙན་པོ་ཞིག་གི་འགྱུར་ཁུག་ལས་དྲངས་ཏེ་ཕྱོགས་གཉིས་སུ་ལྷང་ལྷང་ཁྱབ་ནས་ཕྱིན་པས་དེ་གའི་འགྲུལ་བ་རྣམས་ག་ལེར་ཁོང་གཉིས་ཀྱི་ཕྱོགས་སུ་འདུས་ཏེ་མཐའ་སྐོར་དུ་མི་ཚོགས་ཆེན་པོར་གྱུར། ཉམ་ཆུང་ཞིང་ཡ་ང་བའི་རྒད་མོ་དེའི་དྲུག་འགྱུར་ངག་གི་སྙན་ཆ་ལས་ཐོན་པའི་གླུ་གཞས་དེ་ནི་དེ་འདྲ་སྙན་པ་ལ། རྒད་པོ་རྒད་མོ་གཉིས་ཀྱིས་བཏང་བའི་གཞས་སྣ་དེའི་ནང་རྒད་པོའི་སྐད་ངག་དེ་ཙམ་གྱི་སྙན་པོ་མེད་ནའང་རྒད་པོའི་སྐད་གདངས་དེས་རམ་འདེགས་ཀྱི་ཚུལ་དུ་སོང་བས་གཞས་དེ་ཧ་ལས་པའི་སྙན་པོ་ཞིག་ཏུ་གྱུར། མཐའ་སྐོར་གྱི་མི་ཚོགས་ཀྱིས་ཐལ་མོ་བརྡབ་ནས་དགའ་བསུ་ཞུ་བཞིན་ཡོད་པ་མ་ཟད། ཁག་ཅིག་གིས་ཧིན་སྒོར་གཅིག་ལོར་དང་། གཉིས་ལོར། ལྔ་ལོར། བཅུ་ལོར་བཅས་ཤོག་སྒམ་ནང་ཞལ་འདེབས་ཕུལ་མཁན་མང་པོ་བྱུང་བས། མུ་མཐུད་དུ་གཞས་ཁ་ཤས་ཤིག་བཏང་རྗེས་གཞི་ནས་ཤོག་སྒམ་ནང་དངུལ་ལོར་གྱིས་ཁེངས། དོན་འགྲུབ་ཀྱིས་ཀྱང་བསམ་ཤེས་བྱས་ཏེ་གཞས་སྙན་པོ་ཉན་པའི་དོད་དུའམ་དབུལ་ཕོངས་ལ་སྦྱིན་པའི་ཚུལ་དུ་དངུལ་ལོར་ལྔ་ལོར་ཅན་ཞིག་ཤོག་སྒམ་ནང་བླུགས། རྒད་པོ་ལོང་བས་རྔ་རྡུང་བ་དང་གཞས་གཏོང་བ་ལས་གཞན་གང་ཡང་མཐོང་གི་མེད་རྐྱེན་ད་དུང་གཞས་གཏོང་བར་གྲ་སྒྲིག་ཨང་གསར་ཡོད་བཞིན་པའི་སྐབས། རྒད་མོས་མི་ཚོགས་མང་དུ་ཕྱིན་པ་དང་། སྒོར་མོའང་མང་པོ་འདུས་པ་མཐོང་བས་ད་མཚམས་བཞག་ན་ཡག་གི་བསམ་པ་ལོས་ཡིན། རྒད་པོའི་རྣ་རྩར་ཤབ་ཤུབ་ཙམ་བཤད་རྗེས་སྒོར་མོ་རྣམས་བསྡུ་གསོག་གིས་ལག་ཁུག་ནང་བླུགས་ནས་ཕྱིར་ཐོན་པའི་གྲ་སྒྲིག་བྱས། སྐད་སྙན་པོའི་བཀའ་དྲིན་གྱིས་དངུལ་ལོར་མང་ཙམ་འདུས་སོང་། ཁྱད་མཚར་བོ་རེད། སྐད་སྙན་པོ་འདི་འདྲ་ལ་བདག་པོ་མེད་པར་སྤྲང་བོའི་མི་ཚེ་སྐྱེལ་བཞིན་པ་འདི་རེད།ད་དུང་གཞས་ཁ་ཤས་ཤིག་བཏང་ན་ཡག་པོ་འདུག་སྙམ་བཞིན་པའི་དོན་འགྲུབ་ཀྱིས་ཁོང་གཉིས་ཀྱི་ཕྱོགས་སུ་ལྟ་བཞིན་རྗེས་འདེད་བཏང་སྟེ། སྐས་འཛེག་གི་རྩར་སོང་སྟེ་སྐས་འཛེག་གི་ཐེམ་སྐས་རེ་རེ་བཞིན་འགོས་སྟེ་ཟམ་པའི་སྟེང་སླེབས་མཚམས་གཡས་ཕྱོགས་སུ་ཁ་བསྟན་ཏེ་ཕྱིན། དོན་འགྲུབ་རྒྱལ་བོས་ཁོང་གཉིས་མིག་ལམ་ནས་མ་ཡལ་བར་སྐྱེལ་མ་བྱས་ཤིང་། ཁོང་གཉིས་མིག་ལམ་ནས་ཡལ་རྗེས་གཞི་ནས་འོད་སྡེར་རམ་སེ་ཊེ་ནང་གི་གཞས་ཉན་པས་དེ་ཙམ་གྱི་སྙན་པོ་མེད་པའི་ཚོར་སྣང་བྱུང་བ་མ་ཟད། སྤྲང་བོ་སྤྲང་མོ་འདི་གཉིས་ཀྱི་གཞས་སྙན་པོ་གཏོང་བའི་རྣམ་པ་དེ་མི་ཚེ་ནང་གི་ཚོར་བ་ཟབ་ཤོས་ཀྱི་བག་ཆགས་ཤིག་ཏུ་ངོས་འཛིན་
བྱས།
ད་དུང་ཡང་སྤྲང་བོ་གཉིས་ཀྱི་ཕྱོགས་ལ་བསམ་བློ་གཏོང་བཞིན་བསྡད་པས་ཅུང་མ་འགོར་བར་ཆུ་ཚོད་དགུ་བ་ཟིན། མེ་འཁོར་གྱི་འཚང་ཁའི་ནང་ཞུགས་ནས་མེ་འཁོར་གྱི་ཁྲོག་སྒྲ་དང་མི་མང་གི་སྐད་སྒྲའི་ཁྲོད་ཆུ་ཚོད་མང་པོ་བསྐྱལ། ལུས་པོའི་སྟེང་རྔུལ་ཆུ་ངང་འཚང་ཁ་ཆེན་པོ་འདི་འདྲ་ཞིག་གི་ཁྲོད་ཆུ་ཚོད་མང་པོ་བསྐྱལ་རྒྱུ་ལས་སླ་བོ་མིན་ནའང་། ད་ཐེངས་ལས་སླ་བོའི་ངང་ལྡི་ལི་མེ་འཁོར་འབབ་ཚུགས་སུ་འབྱོར། ལམ་སང་རྐང་གསུམ་འཁོར་ལོ་ཤིག་གི་ནང་བསྡད་དེ་བོད་པའི་གཞིས་ཆགས་སུ་སོང་སྟེ། ས་སྐྱ་མགྲོན་ཁང་གསར་བའི་ནང་ཁང་པ་ཞིག་བླངས་ཏེ་གཟུགས་པོ་ཆུ་བཤལ་བཏང་། གྱོན་གོས་བརྗེ་བོ་ལོག་རྗེས་ཊེ་ཊེ་ཟ་ཁང་དུ་ཕྱིན། ཊེ་ཊེ་ཟ་ཁང་ནང་སྐུ་མགྲོན་གྱིས་ཁེངས་ནས་ཡོད་པས་སྐར་མ་ཁ་ཤས་ཀྱི་རྗེས་སུ་གཞི་ནས་སྡོད་ས་ཞིག་རེག དོན་འགྲུབ་རྒྱལ་བོས་ཟས་ཐོ་ནང་ཡག་པོ་ཞིག་བལྟས་རྗེས་རྒྱུ་མ་བརྔོས་མ་སྡེར་མ་གང་དང་། འཐེན་ཐུག་དཀར་ཡོལ་གང་། ཇ་མངར་མོ་བཅས་མངགས་ནས་སྒུག ཟ་ཁང་ནང་ཡར་ཡོང་དང་མར་འགྲོ་སྐུ་མགྲོན་ནི་རྒྱུན་ཆད་རྒྱུ་མེད་པ་མ་ཟད། དེ་ཡང་རྒྱ་གར་གྱི་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་བོད་རིགས་སྐུ་མགྲོན་དང་། ཡུ་རོབ་དང་ཨ་རི་སོགས་ཕྱི་རྒྱལ་ཁག་ནས་ཡོང་བའི་བོད་རིགས། ཕྱི་རྒྱལ་བ་མགོ་སེར་ཁ་ཤས་ཀྱང་བོད་ཟས་ལ་རོལ་བ་དང་བོད་སྐད་བཤད་པ་མཐོང་བས་གཞིས་ཆགས་ཆུང་ཆུང་ནང་འཚོ་སྡོད་བྱེད་པའི་དོན་འགྲུབ་རྒྱལ་བོ་ཧ་ལས་ཤིང་། ལོ་ཁ་ཤས་རྗེས་ཀྱི་མ་ཅི་ཊེ་ལ་གཞིས་སྒར་གྱི་འགྱུར་བ་ལའང་ཧང་སང་བར་གྱུར། ཁ་ལག་ཞིམ་པོ་ཟས་རྗེས་དངུལ་རྩིས་རྒྱབ་སྟེ་ཕྱི་རོལ་དུ་ཐོན། །
སྐས་འཛེག་ནས་མར་འབབ་པའི་སྐབས་ཐག་རིང་པོ་ཞིག་ནས་ངོ་ཤེས་ཤེས་འདྲ་བའི་བུད་མེད་ཅིག་ཡོང་གི་ཡོད་པ་མཐོང་། སྐས་འཛེག་བབས་ནས་གོམ་པ་ཁ་ཤས་སྤོས་པ་དང་བུད་མེད་དེ་དང་གདོང་ཐུག་རྒྱབ། བུད་མེད་དེས་ཁོང་ལ་ཅེར་ནས་བལྟས་བསྡད། དོན་འགྲུབ་རྒྱལ་བོས། ཁྱོེད། ཁྱོད་ལྷ་སྐྱིད་སྒྲོལ་མ་འདྲ་བོ་ཟེར་དུས། ལྷ་སྐྱིད་སྒྲོལ་མས་ལམ་སེང་ངོ་ཤེས་ཏེ་སེམས་བློང་བློང་པོར་གྱུར་ནས་མགོ་ཡུ་འཁོར་བས་ལག་གཡས་པ་ག་ལེར་རྩིག་པའི་ངོས་སུ་བསྙེས། རྣམ་རིག་ཅུང་སྒྲིམ་ནས། ཡིན། ང་ཡིན་ཟེར་བཞིན་མགོ་ག་ལེར་ཡར་བཀྱགས་ནས་དོན་འགྲུབ་རྒྱལ་བོའི་གདོང་ལ་བལྟས། ལྷ་སྐྱིད་སྒྲོལ་མའི་མིག་གཉིས་ལ་མཆུ་མས་བརླན་ཤིང་ངུ་སྐད་ཀྱི་སྒྲ་དེ་དོན་འགྲུབ་ཀྱིས་ཐོས་ལམ་དུ་བཞག་པ་དང་། དོན་འགྲུབ་རྒྱལ་བོས་ལམ་སང་ལྷ་སྐྱིད་ལགས་འདིར་ཕེབས་དང་ངས་ཁང་པ་ཞིག་བླངས་ཡོད། ངེད་གཉིས་སྐད་ཆ་ལྷོད་ལྷོད་བཤད་ཆོག་གི་རེད་ཟེར་བཞིན་ཁོང་གཉིས་མཉམ་དུ་མགྲོན་ཁང་དུ་ཕྱིན། །མལ་ཁང་དུ་འབྱོར་བ་དང་ལྷ་སྐྱིད་ནས་ཁྱེད་རང་བདེ་བོ། དེ་རིང་ག་བ་ནས་ཡོང་ཡིན། ག་བར་འགྲོ་མཁན་ཡིན་ཟེར་བཞིན་དྲིས། དོན་འགྲུབ་ནས་ཨ་སམ་སོར་སོ་ཊ་སྐྱེལ་བར་སོང་ཚུལ་དང་ནང་དུ་ལོག་ཞོར་དུ་ལྡི་ལི་རུ་ཚར་གཅིག་བཅར་ཡིན་ཞེས་ལན་རྒྱབ། །
དོན་འགྲུབ་ཀྱིས་ཁྱེད་རང་ག་འདྲ་ཡོད། བདེ་བོ་མེད་པའི་བཟོ་འདྲ་ཤིག་འདུག་ཟེར་དུས། ལྷ་སྐྱིད་ངག་དཀྱུས་ནས་སྐད་མི་ཐོན་པར་མིག་ཆུ་ལྷང་ལྷུང་དུ་འབབ་བཞིན་ཡོད་ཚད་སྐྱོ་སྣང་དང་། སྡུག་བསྔལ་གྱིས་ཁེངས་ནས་བཟོད་གླག་མེད་པའི་སྡུག་བསྔལ་གྱི་ཁུར་བོ་ཆེན་པོ་དེ་ཁ་ནས་ཚར་གཅིག་བཏོན་དགོས་བྱུང་། ཡིན་ནའང་། ཁ་ནས་ལམ་སང་ཐོན་ཐབས་བྲལ་བ་ཞིག་རེད། །དོན་འགྲུབ་ཀྱིས་ཁྱེད་རང་མ་ངུ་དང་། ག་རེ་བྱས་སོང་། གནས་ཚུལ་ཤོད་དང་ཅེས་དངངས་ཚབ་དང་བཅས་དྲིས། ། ཡུན་ཙམ་ཞིག་ནས་མིག་ཆུ་ཕྱིས། ངུ་མཚམས་བཅད་དེ་གདོང་གཙང་མ་བཟོས་རྗེས་ལྷོད་ལྷོད་ངང་བཀའ་མོལ་གྱི་མགོ་ཚུགས། མ་གཞི་ངས་ཁྱེད་ལ་སེམས་ཁུར་ཐལ་བ་ཞིག་བཟོ་འདོད་མི་འདུག ཡིན་ནའང་། ད་ཐེངས་ཁྱེད་དང་མཇལ་བས་དགའ་བོ་བྱུང་། ངས་ལོ་མང་པོ་རིང་བསམ་བསམ་ནས་སྒུག་སྒུག་ནས་དེ་རིང་བསམ་དོན་འགྲུབ་པ་རེད། ད་ནི་ང་ཤི་ཡང་འགྱོད་པ་མེད། ངས་ཁྱོད་དྲང་བོར་བཤད་ཆོག ངེད་གཉིས་མཐའ་འཇུག་གི་ཁ་བྲལ་བའི་ལོ་དེར་ང་རང་ཡུལ་དུ་འབྱོར་བ་རེད་དེ། ངའི་ལུས་པོ་རང་ཡུལ་སླེབས་པ་མ་གཏོགས་རང་སེམས་ནང་དུ་སླེབས་ཡོད་མ་རེད། དོན་དག་འདི་ཁྱེད་དང་ནམ་མཁའི་ལྷ་ཡི་མ་གཏོགས་སུ་གང་གིས་ཧ་གོ་གི་མ་རེད། བཟའ་ཟླས་ང་ལ་ཐབས་ཤེས་གང་ཡོད་བཏོན་ནས་ངའི་སེམས་འགུག་ཐབས་བྱས་ཀྱང་མ་ཁུག ཉེས་རྡུང་བཏང་ནས་འགུག་ཐབས་བྱས་ཀྱང་ངའི་སེམས་ལ་གདོན་ཞུགས་པ་དང་གཅིག་མཚུངས་རེད་འདུག
ཁྱོ་གའི་ལག་པ་ཙམ་ཡང་རེག་བཅུག་འདོད་མི་འདུག་པ་མ་ཟད། གདོང་ལ་དེ་བས་ཀྱང་ལྟ་འདོད་མི་འདུག རིམ་པར་ངས་བཟའ་ཟླ་དང་བུ་ཕྲུག ཁང་པ། རྒྱུ་ནོར་ཡོད་ཚད་བློས་བཏང་ནས་འདི་གར་ཡོང་། ཁྱེད་རང་ལ་ཐུག་འདོད་དང་བཅས་ཁེར་རྐྱང་གི་འཚོ་བ་གསར་བ་ཞིག་སྐྱེལ་མགོ་བཙུགས། ལོ་གཉིས་བསྐྱལ་བའི་རིང་ཁྱེད་རང་གི་དྲི་མ་ཙམ་མ་ཚོར་བས་ངས་འདུག་རོགས་ཁམས་པ་ཞིག་བཙལ། ལོ་གཉིས་ཀྱི་རྗེས་སུ་ཁོང་གར་སོང་ཆ་མེད་དུ་གྱུར་བས་ཡང་བསྐྱར་ང་བདག་མེད་དུ་གྱུར། དེའི་རྗེས་ངས་མི་ཁ་ཤས་མཉམ་དུ་མི་ཚེ་སྐྱེལ་བར་ཐབས་ཤེས་བྱས་ཀྱང་དེ་དག་ཡོད་ཚད་མགོ་སྐོར་གཏོང་མཁན་ཉག་གཅིག་ཏུ་གྱུར། ལོ་སྔོན་མར་ང་གཟུགས་པོ་བདེ་མིན་གྱི་དབང་གིས་ཕྱི་སྨན་དང་བོད་སྨན་གཉིས་ཀར་བསྟེན་ནས་ཐབས་ཤེས་གང་ཡོང་བྱས་རུང་ཕན་ཐོག་ཆེར་མ་བྱུང་།ད་ལོར་ལོ་གསར་བའི་ནང་ངའི་གཟུགས་པོ་ཇེ་སྡུག་ཇེ་ཞན་དུ་སོང་བས་སྨན་ཁང་ནང་བརྟག་དཔྱད་
བྱེད་པར་འགྲོ་དགོས་འཁེལ། སྨན་ཁང་ནས་བརྟག་དཔྱད་ནན་པོ་བྱས་འབྲས་སུ་ངའི་ན་ཚ་ཟེར་བཞིན་མིག་ཆུ་ལྷང་ལྷུང་དུ་འབབ་བཞིན་ངུས། །དོན་འགྲུབ་ཀྱིས་ན་ཚ་ཅི་ཡིན་ཤེས་འདོད་ཀྱི་དངངས་འཚབ་ལངས་ནའང་། བསམ་བློ་ཞིག་བཏང་ནས། ལྷ་སྐྱིད་ལགས། ད་ངུ་མཚམས་ཞོགས་མ་གཏོགས། བཅྭོ་ལྔའི་དུང་ཟླ་ཤར་རན་སོང་ཟེར་དུས། གདོང་ལ་མཆུ་མས་བརླན་ཞིང་ངུ་ངག་གི་བར་ནས་གད་མོ་ཆུང་ཆུང་ཞིག་ཤོར།
མུ་འགོད་་་
གཅན་ཡེ་རྒྱམ་ལགས་དངོས་གནས་སྙན་པོ་བྲིས་འདུག་སྙིང་རྗེ་ལྷ་སྐྱིད་མོ་ན་ཚ་ཨེ་ཙི་ཡིན་པ་ཐག་ཆོད་དངོས་གནས་ཡིན་ན་སེམས་སྐྱོ་བ་ལ། དངོས་གནས་ཡག་པོ་བྲིས་འདུག་ཁྱེད་ཀྱི་རྩོམ་བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་ཀླགས་པ་དང་བྲོ་བ་གཅིག་རེད་འདུག ཐུགས་རྗེ་ཆེ་ད་དུང་མུ་མཐུད་ནས་ཡིན་ད།
སངས་རྒྱས་སྨན་གྱི་བླ་མ་ལ་ཕྱག་འཚལ་ལོ། །
ཨོམ་ བྷེ་ཁ་ཙེ་ སྭོ་ཧྰ། །
གཅན་ཡེ་རྒྱམ་ལགས་ཀྱིས་རྩོམ་ཡིག་སྙན་པོ་ཞེ་དྲག་སྤེལ་གནང་འདུག་ལ་དེང་སྐབས་ཀྱི་མི་ཚོའི་དཀའ་ངལ་དང་སྔོན་འགོག་བྱེད་དགོས་པའི་དགག་རྩའི་གནད་དོན་དེ་ཡང་དེ་རང་རེད་འདུག དཔེར་ན་བུ་མོ་དེ་ལྟ་བུ་ང་ཚོའི་སྤྱི་ཚོགས་ནང་ག་ཚོད་ཡོད་དམ། ང་ཚོ་ཚང་མས་སྔོན་འགོག་བྱ་རྒྱུར་དོ་སྣང་བྱ་དགོས་རེད།
མུ་མཐུད་འབྲི་རོགས།
སྐུ་ཞབས་རྩོམ་པ་པོ་ལགས།།
ཁྱེད་ཀྱི་རྩོམ་སྟངས་དེ་མིག་ལམ་དུ་གཟུགས་བརྙན་འབུར་དུ་ཐོན་པ་ལྟར་མངོན་པའི་
༼ཕལ་པའི་ཁྱིམ་ཚང་གི་སྐྱིད་སྡུག༽བཀླགས་པ་དང་གནིས་སུ་མ་མཆིས་པའི་བྲོ་བ་
གསོས་པ་རེ་སྟེར་གྱིན་འདུག་པས་མུ་མཐུད་དེ་དོན་བརྗོད་སྙན་ངག་དེ་རིགས་མང་ཙམ་འབྲི་
རོགས་གནང་།། ང་ཚོ་ཚང་མས་རྩོམ་ཡིག་དེ་ནས་རང་རང་ལ་བསླབ་བྱ་ལེན་རྒྱུ་གལ་འགངས་ཤིན་ཏུ་ཆེ་བ་དང་ནད་མནར་བ་རྣམས་ལའང་དངོས་ཤུགས་ཅི་རིགས་ནས་བསམ་བློའི་སློབ་གསོ་དང་རོགས་རམ་གང་མང་བྱ་དགོས་སོ།།
སྒྲུང་རྩོམ་འདི་་ལྟ་བུ་མུ་མཐུད་དུ་འབྲི་བར་དགའ་བསུ་ཞུ