(གཤམ་གྱི་སྙན་རྩོམ་འདི་ནི་ཕྱི་ལོ་2002་ལོར་ས་རཱར་སློབ་གཉེར་སྐབས་སུ་བྲིས་ཏེ་ལྷོ་ཕྱོགས་ལྡུམ་ར་དུས་དེབ་ཀྱི་འགྲན་རྩོམ་དུ་བཀོད་མྱོང༌། སྙན་ རྩོམ་འདི་འབྲི་སྐབས་ནི་རང་གིས་སློབ་གཉེར་ལ་འབད་པ་བྱེད་པའི་དུས་ཡིན་ལ། སྔོན་ཆད་ཕ་ཡུལ་དུ་ཡོད་སྐབས་རྒན་རྒོན་ཚོའི་ངག་རྒྱུན་སྣ་ཚོགས་གོ་མྱོང་བ་དང་༌། དཔེ་དེབ་ལྟ་ཀློག་གི་འབྲས་བུ་ཙམ་རེད་བསམ་མྱོང༌།འོན་ཀྱང་ཁ་སྔོན་ནག་ཚང་ཞི་ལ ིའི་སྐྱིད་སྡུག་གི་དེབ་དེ་བཀླགས་རྗེས་རང་ཉིད་རང་གི་སྙན་རྩོམ་དེར་ཡིད་ཆེས་ ལྟ་བུ་ཞིག་སྐྱེས་བྱུང་།ད་དུང་སྙན་རྩོམ་དེར་(1949་ནས་2002)བར་གྱི་བྱུང་རིམ་སྤྱི་སྡོམ་དང་ཞིབ་འཇུག་གི་རིན་ཐང་ལྟ་བུ་ཞིག་ཀྱང་འདུག་ཨང་སྙམ་བྱུང༌། འདི་ནི་རང་གི་འདོད་པ་ཙམ་ལས་དོན་དུ་རིན་ཐང་ཡོད་མེད་ཀློག་པ་པོས་གཟིགས་འཚལ་ལོ༎)
ལྷ་སྲས་ལགས། པོ་ཏ་ལའི་གསེར་ཁྲི་ལ་ས་རྡུལ་ཆགས་འདུག
སུམ་དུས་ཞེ་གསུམ་པར་ཕུལ་བའི་ཞེ་ནད།
གཅན བཟོད་རྒྱམ།
——
དུ་བ་མཇུག་རིང་གིས་དགུ་ཚིགས་ཐད་ཀྱིས་བཅད
འུ་ཚང་གི་གྱང་ཁ་ནས་ཁྭ་ཏས་ཐན་སྐད་བསྒྲགས
ཤར་ཕྱོགས་ནས་གནམ་ས་གཡོ་བའི་སྒྱོགས་སྒྲ་ལྡིར
ལས་དབང་གི་མདེའུ་གྲངས་མེད་སྦྲ་སླས་ནས་མེ་རུ་འབར་དུས
‘‘མང་ཁ་ཉུང་བས་མ་བརྟན’’ ‘‘དྲག་པོ་འཇམ་པོས་མ་ཁོག’’
ཁྱི་སྤྱང་གི་འདུར་རྒྱུགས་གང་སར་རྒོད་པས རི་ལུང་ཁྲི་ཕྲག་གི་ལྟེབས་ཁུག་ན
ཤ་ཁྲག་གི་རྔམ་ཁ་ཧ་ཅང་མཐུག
མེས་པོ་གྲངས་མེད་ཅིག་གཤིན་རྗེ་སྒོ་དྲུང་ན་འཚང་ཁ་རྒྱག་དུས
བྱིས་པ་ཚོས་སྡུྡུག་ཡས་ངུ་གདངས་ལ་བསྐྱོན་ཏེ་རི་ལུང་གི་བྲག་ཅར་བཏབས
དུས་དེར མཐོ་སྒང་གི་ལྷུ་ལག་འཐོར་ལ་ཉེ་བའི་དུས་དེར
ཁྱེད་རང ལང་ཚོར་མི་འཚམ་པའི་རོལ་དབྱངས་ཤིག་གིས
གསེར་ཁྲི་མཐོན་པོར་ལྗིད་ཏུག་གེར
རལ་ཧྲུལ་དུ་གྱུར་བའི་ལོ་རྒྱུས་ཀྱི་གླེགས་བམ་ཕུལ་ཏེ
རེ་ལྟོས་མོད་པོའི་རྨུ་ཐག་གི་སྣེ་མོ་ཁྱོད་ལ་གཏད་ཀྱང་
ལྷ་སྲས་ལགས
ཁ་བ་བུ་ཡུག་གི་འཚུབ་ཁ་རྐྱེན་པའི་མཚན་མོ་དེར
ཧ་ཅང་མདངས་ཉམས་པའི་ཟླ་ངོགས་ནས
ཁྱེད་ཀྱི་ཞབས་ཟུང་གི་སྟངས་སྟབས་གང་ལ་བསྒྱུར་་་་་་
‘‘རྙིང་བཞི་རྩ་གཏོར’’་དང་‘‘ལྷ་འདྲེ་གདོན་བགེགས་ལ་རྒོལ་བའི’’་མེ་ལྕེ་ཁྲོད
ཉི་ཟླའི་འཁོར་སྐྱོད་ཀྱི་རང་དབང་བཟའ་ཡིས་ཟིན་ཅིང
ཕ་མེས་ཁྲི་ཕྲག་གི་ཚེ་སྲོག་རླུང་ལ་སྤུར
དེ་དུས ཕ་ཡུལ་དུ་སླར་ཡང་ལས་དབང་གི་ཁ་བ་ནག་པོ་བབས་པ་
སུ་ཞིག་གིས་བསྐལ་བར་བརྗེད་སྲིད་དམ
དུར་ཁྲོད་དུ་ལུས་པའི་བྱིས་པ་སྣབས་ལུག་ཚོ
‘‘བདེ་སྐྱིད་ཁང་’’དང་‘‘མཚན་སློབ་འཛིན་གྲྭ’’
‘‘སྦྲ་གུར་སློབ་ཆུང་’’སོགས་ན
མགོ་ན་ཞྭ་དང་རྐང་ན་ལྷམ་མེད་རུང རྩ་ལྡུམ་གྱི་བྲོ་བ་མྱོང་བཞིན
‘‘ང་ཚོ་ཀྲུང་གོའི་བྱིས་པ་ཡིན་’’ལ ‘‘ང་ཚོའི་ཕ་མ་ཀྲུང་གོ་ཡིན’’
ཧ་ཅང་རྩ་ཆེ་བའི་མའོ་ཡི་གསུང་རྩོམ་ལས
‘‘ཆ་མི་ཚང་བའི་དབྱངས་གསལ’’་རེ་བཏུས་ཏེ
རང་ཉིད་ན་ཚོད་སྨིན་པར་རེ་སྒུག་བྱས
ན་ནིང རིགས་ཞེན་གྱི་དུངས་པ་ལྕི་བའི་ཁུ་བོ་ཚོའང
འཐོར་རླུང་གི་འཚུབ་ཀ་རེ་རེ་ནས
འཁྲེང་སེམས་ཀྱི་ཕྱི་མིག་པོ་ཏ་ལར་ཕྱོགས
མིག་འབྲས་ལྟ་བུའི་སྐུ་ལོས་ཀྱང
རྒྱང་རིང་གི་གྲོགས་པོ་དྲན་པའི་གསང་བ་ཕྱི་ལ་ཤོར
འཁྱོལ་དཀའ་བའི་བགྲང་བྱ་ཞེ་གསུམ་རིང རེ་སྒུག་དང་བཟོད་སྒོམ
དངངས་སྐྲག་གི་བླ་འོག་ནས
འདི་ལྟར སྤུན་ཟླ་ཚོའི་ལང་ཚོར་ཆགས་གྲུམ་ཤོར་ཡང
འགྱེལ་ས་ནས་ལངས་དགོས་པའི་ཁྱེད་ཀྱི་ཞལ་གཙུགས་ལ་ཡིད་ཆེས་བརྟན
དེ་རིང་ཡང ཕུ་ནུ་ཚོ་རེ་རེ་བཞིན
མིག་ཆུ་དང་འཁང་ར་མོད་པའི་རྡོག་ཁྲེས་བསྒྲིགས་ཏེ
ཕྱིར་འོང་མེད་པའི་དུར་ཁྲོད་དེར་ཆས་པ་ཅི་འདྲའི་ཕངས་ཨང
སང་ལོ ང་ཚོས་ཀྱང
འགྱོད་གདུང་ཁྱོར་བ་གང་རེ་དང་ཁར་སྦྱོར་བཞིན
རང་ཉིད་ཀྱི་ཚེ་སྲོག་སྲུང་ཐབས་བྲལ
ཀྱེ ལྷ་སྲས་ལགས
ཁྱེད་ཀྱིས་གོ་ལ་ཟླུམ་པོའི་ཡང་རྩེ་ནས
རྒྱང་བཞུད་ཀྱི་གོམ་ཁ་ཕ་ཡུལ་དུ་བསྒྱུར་དང
པོ་ཏ་ལའི་གསེར་ཁྲི་ལ་ས་རྡུལ་ཆགས་འདུག
ཕྱི་ལོ་༢༠༠༢།༣།༧།ཉིན་རྒྱ་གར་བྱང་ཕྱོགས་ཧི་མ་ལ་ཡའི་རི་འདབས་ས་རཱ་མཐོ་སློབ་ཏུ།
(ལྡུམ་ར།)སྤྱིའི་འདོན་ཐེངས་བཅུ་གཉིས་པར་བཀོད། ༢༠༠༢ལོར་འབྲས་སྒོ་མང་ནང་པའི་རིག་གཞུང་ཚོགས་པས་འདོན་སྤེལ་ཞུས།
ཨ་ལེ།
ཡག་པོ་ཞིག་བྲིས་འདུག་ག
སྙན་ངག་ཡག་པོ་བྲིས་འདུག་པས་ཕྲན་བཤད་ཅིག་འབྲི་འདུན་ཆེ་ཡང།ལས་བྲེལ་གྱིས་དབང་གིས་ཁོམ་པ་མ་བྱུང།རྗེས་ཕྱོགས་ཀྱང་རིན་ཐང་གིས་ཕྱུག་པའི་སྙན་ངག་མང་ཙམ་འབྲི་ཐུབ་ན་ལེགས།ཤེས་རྟོགས་ལྟར་ན་ཁྱེད་རང་ལོ་རྒྱུས་རིག་པར་སྤྲོ་་སྣང་དང་འཇུག་པ་ཡངས་པར་མ་ཟད།དེའི་ཐད་ཀྱི་དཔྱད་བརྗོད་ཀྱང་གང་འཚམ་ཞིག་ཡོད་སྙམ།དེའི་ཕྱིར་ཁོ་བོས་ཞུ་འདོད་པ་ནི་མ་འོངས་པར་ཡང་ལོ་རྒྱུས་ཐད་ཀྱི་དཔྱད་བརྗོད་འདིར་བཀོད་ཐུབ་ན་བཟང་ངོ།བཀའ་དྲིན་ཆེ།
ཚ་བོ་ཅིག་བྲིས་འདུག ངོ་མ་བྲོ་བ་ལྡན་གི
དཔྱད་རྩོམ་ཐུང་ཐུང་རེ་འབྲི་ཤེས་མཁན་ཞིག་མེད་པ་རེད་དམ། གོང་གོ་དྲ་གྲོགས་རྒན་པ་ཀླུ་སྨྱོན་གཙོ་བའི་མི་གསུམ་གྱིས་བསྟོད་པ་ཞིག་བྱས་དེ་བཟང་གི་ཟེར་བ་དང་ཡག་གི་ཟེར་བ། ཚ་བོ་བྲིས་འདུག ཨ་ལེ་ཟེར་བ་སོགས་ལས་སྙན་ངག་འདི་ལ་དཔྱད་པ་རེ་གནང་ཐུབ་ན་ལེགས་པོ་ཞིག་མ་རེད་དམ།
བཅོས་ གོང་གི་