བླ་ནག་པ་ཡེ་ཤེས་བཟང་པོའམ་ལྡོང་ཕྲུག
གླེང་གཞི།
ས་སྒང་གི་ཟེ་བའི་ཁྲོད་ནས་སྒྱུ་འཕྲུལ་གྱི་མེ་ལོང་ཇི་བཞིན་མངོན་འོངས་པའི་ལྷ་ས
རྣལ་འབྱོར་བ་ཞིག་གི་ཏིང་འཛིན་དང་དང་ཕྱག་རྒྱའི་ཁྲོད་ནས་འཁྲུངས་པའི་ལྷ་དང་མཁའ་འགྲོ་མའི་དཀྱིལ་འཁོར
རྫོང་གོག་དང་ལྷ་ཁང་མང་བོའི་ལོ་རྒྱུས་དང་དམ་ཆོས་ཀྱི་ལྷ་ས
སྟོད་ལུང་གི་ཕ་བོང་འོག་ཞག་ཏུ་སྡོད་པའི་བྱིས་པ་གསུམ་དང་ཁོ་ཚོའི་མེ་ཕུང་ཁྲོད་ཀྱི་ལྷ་ས
སྲིད་པ་འདིར་ཆེས་གཏིང་མཐའ་བྲལ་བའི་དུཿཁ་དང་ཐོག་དང་དྲག་ཆར་ཁྲོད་ཀྱི་ལྷ་ས
འཇིག་རྟེན་ན་ཆེས་མཐོ་བའི་རི་བོ་དེ ཁྱོད་ཀྱི་རྒྱབ་རི་ཡིན
མི་ཡུལ་ན་ཆེས་རིང་བའི་གཙང་བོ་དེ ཁྱོད་ཀྱི་མངའ་ཐང་ཡིན
ཀོང་ཏུང་བ་ཚོའི་པར་སྒོ་ན འཇའ་ཚོན་ལས་ཀྱང་ཡིད་དུ་འོང་བའི་ངའི་ལྷ་སའི་ཡུལ་ལྗོངས
ཨ་རི་བ་ཚོའི་མིག་ལམ་ན མི་ནག་ལས་ཀྱང་ཆེས་གཉོམ་པའི་ངའི་ལྷ་སའི་སྤུན་ཟླ
ཀ དབུས་ལམ་རིང་མོ
པདྨའི་སྦུབས་ནས་འཁྲུངས་བའི་སྐྱེས་རབས་དང་གཏམ་རྒྱུད་ཁྲོད་འཁྱིལ་བའི་ཁྲི་ཤོར་རྒྱལ་མོ
བློན་པོ་དཔའ་མཛངས་ཅན་ཞིག་གི་ངོ་མཚར་བའི་ངག་རྒྱུན་དང་དབྱེར་མེད་འདྲེས་པའི་གསེར་ཆེན་རྫ་རི
མཐའ་ཡས་བའི་མི་སེམས་ཀྱི་མྱ་ངམ་ཐང
རྒྱུན་ཆད་ལ་ཉེ་བའི་ཆེས་མཐའ་མཇུག་གི་རྔ་མོང་གི་ཁྱུ་ཚོགས
དབུས་ཚྭ་མཚོ་སྔོན་མོ་དང་ར་ལ་ཚྭ་ཁུ་བཀལ་ཏེ་ལ་དྭགས་འགྲིམ་པའི་མི་ཕོ
རྩྭ་མེད་ཆུ་མེད་ཀྱི་ཚྭ་འདམ་གཤོང་ས་དང་གཏེར་ལེན་ཁ་གྲོང་ཁྱེར
ངའི་ཡབ་མེས་རྣམས་ཀྱི་སྐྱོ་སྡུག་དང་དབེན་ཐིང་གི་དུར་ས་ཆེན་པོ
གོ་ཐོས་ལྟར་ན ངའི་མེས་པོ་ཞིག་གིས་གནས་དེ་ནས་གངས་རི་ངད་རྩྭ་ཐང ད་དུང བེའུ་དང་ལུག་ཁྱུ་དྲན་མྱོང་ཟེར
གོ་ཐོས་ལྟར་ན བོད་པའི་མི་ཆེན་དང་རྟོག་གེ་བ་མང་བོ་ཞིག་གིས་གནས་དེ་ནས
རང་གི་གཅིན་པ་རང་གིས་འཐུང་མྱོང་ཟེར
ལྗིད་ཏིག་གེར་ཤར་ནས་ནུབ་ཏུ་བརྐྱངས་བའི་ཁུ་ནུ་རི་བོ
མེ་ལྕེ་དང་འདྲ་བའི་བྲག་རི་དང་གནའ་བོའི་རྟ་དྲེལ་གྱི་འགྲུལ་ལམ་དག་གིས
དྲིལ་ཆུང་གི་སྒྲ་དབྱངས་ལྷང་ལྷང་ཁྲོད་ལོ་ཟླའི་དབེན་པ་ཞིག་གིས་མུ་ནས་མུ་རུ་སྒྲོག་པར་བྱེད
ས་ཆེན་འདོམས་ལ་འཇལ་བའི་དཔའ་སྤོབས་དང་ཨ་རྐྱོ་བའི་ཉི་ནུབ
མེ་མདའི་སོ་ཁ་རུ་ཡལ་ལ་ཉེ་བའི་འབྲོང་རྒོད་དང་གཙོད་ཀྱི་ལྷག་འཕྲོ
རི་ཆུ་འཕྲེད་དུ་གཏུབས་པའི་དུག་སྦྲུལ་དང་ཁོའི་འཇིགས་རུང་གི་ཁུང་བུ་རེ་རེ
འབྱམས་ཀླས་བའི་བྱང་ཐང་གི་སྐྱི་བསེར་དང་འབྲོག་དགོན་གྱི་འཆར་ཡན
མཛོ་བོ་ཁྲ་ཁྲའི་རྒྱབ་གཟུགས་དང་མཚུངས་པའི་གངས་རི་དང་དེ་ལས་འཕྲོས་བའི་ངོ་མཚར་གྱི་རྟོགས་བརྗོད་སྣ་ཚོགས
འདི་ནི ངའི་རྨི་ལམ་གྱི་ཡོལ་བ་ཕྱེས་དུས་མངོན་འོངས་བའི་དབུས་ལམ་རིང་མོ
འདི་ནི ངའི་སྐྱེས་རབས་དང་དྭངས་གཙང་གི་ཚེ་སྲོག་ཁྲོད་འཁྱིལ་བའི་དབུས་ལམ་རིང་མོ
འདི་ནི ངའི་མི་ལོ་ཉེར་གསུམ་གྱི་གཏམ་རྒྱུད་ཁྲོད་ཀྱི་བྱིས་པ་གསུམ་དང་ཁོ་ཚོའི་སྟོང་སེམས་དང་ངལ་དུབ་ཀྱི་སྣེ་རུ་བརྐྱངས་བའི་དབུས་ལམ་རིང་མོ
ཁ པོ་ཏ་ལ།
ལྷ་སྒྲུང་དང་མངོན་སུམ་ལས་གྲུབ་པའི་ཁང་མིག་དགུ་བརྒྱ་དགུ་བཅུ་གོ་དགུའི་བློས་བསླངས་དང་སྒོ་ཐེམ
ལ་ཐོད་དཀྲིས་བའི་མི་ཕོ་ཞིག་གི་སྒམ་དཀྱེལ་དང་བཀའ་ཤོག
པོ་ཏ་ལའི་སྒེའུ་ཁུང་རེ་རེ་ལས་རྔམ་ཟིལ་གྱིས་འཕུར་ཏེ
སྦྲང་རྩི་ལས་ཀྱང་ཞིམ་པའི གནམ་བསྐོས་གོང་མའི་རྨི་ལམ་རྨང་ནས་དཀྲོགས་ཤིང
འཕྱོར་སྒེག་དང་གཡེར་བག་ཆེ་བའི རྒྱ་མོ་ཞིག་གི་ལང་ཚོ་དང་ཟུར་མིག་གཅུན
དེ་ནི གཏམ་རྒྱུད་གྱི་ལྷན་པ་བརྒྱབ་པའི་ཁ་སང་གི་ལྡེབས་རིས་གསོན་པོ་སྟེ
དེ་རིང ཚ་དྲོད་ཡལ་བའི་ཕོ་བྲང་གི་རྡོ་སྐས་རེ་རེའི་སྟེང
རྒྱ་རིགས་གནས་སྐོར་བ་མང་བོ་ཞིག
དབུཊ་ཧལ་ཧལ་ངང་ཡར་འཛེགས་མར་འབབ་བྱེད་ཀྱིན་འདུག
བྲག་ཁུང་ཡང་ཡིན་ལ་ཕོ་བྲང་ཡང་ཡིན་པའི་ཆོས་རྒྱལ་སྒྲུབ་ཕུག
རྒྱ་བཟའ་མའི་ལུས་དྲི་དང་བལ་བཟའ་མའི་རྐང་གདུབ་ཀྱི་སྒྲ་དབྱངས་ཁྲོད
བཙན་པོའི་ཉམས་རྟོགས་དང་མངའ་ཐང་འདོམ་ལ་གཞལ་བའི་ཕྱག་རྒྱ་བཙན་པོ་སྟེ
བློན་པོ་མགར་གྱིས་ཁྲི་ཤོར་རྒྱལ་མོའི་རླབས་སྒྲ་དང་བྱ་ཁྱུ་བཙན་གྲོལ་གཏོང་སའི་སྒོ་གླེགས་ཡིན་སོང
ཞག་ཆར་ཐེངས་གཅིག་ཁྲོད་ཀྱི་པོ་ཏ་ལ་ནི
མཚན་མོར་སྲང་ལམ་དུ་ཉལ་བའི་གནས་མཇལ་བ་ཞིག་དང་འདྲ་བར
ངའི་འཆར་ཡན་དང་སྐྱོ་ཤས ད་དུང་སྙན་ངག་བརྒྱུད་ནས
བགྲང་ལས་འདས་བའི་ཁ་སང་གི་ཕྱོགས་སུ་བྲེལ་སྟབས་ཀྱིས་བཞུད་སོང
འབྲུག་སྒྲ་དེ་ག་ལེར་རྒྱང་དུ་ཡལ་ཤུལ་དུ
བར་སྐོར་གྱི་ཁང་མིག་ཅིག་ནས་ངའི་ཉམ་ཆུང་གི་གྲིབ་གཟུགས་མངོན་བྱུང
ག གཙུག་ལག་ཁང
བོད་པ་ཚོའི་མནའ་ཚིག་ཁྲོད་འོད་ལམ་ལམ་དུ་འཚེར་བའི་ལྷ་སའི་ཇོ་བོ་ནི
ཨ་མདོ་ནས་བརྐྱང་ཕྱག་འཚལ་གྱིན་འཚལ་གྱིན་བསླེབས་པའི
གནས་མཇལ་བ་ཞིག་གི་སྙིམ་པའི་མཐིལ་ནས་ད་གདོད་མཇལ་བྱུང
ར་ལ་ས་བཀལ་བའི་ངོ་མཚར་བྱུང་རབས་དང
རྒྱ་མོ་བཟའ་ཞིག་གི་དད་འདུན་གྱི་འཇའ་གུར་ཟླུམ་པོ
གཙུག་ལག་ཁང་གི་ལྡེབས་རིས་ཁྲོད་འབུར་དུ་ཐོན་པའི་ལྷ་སྐུ་རེ་རེ་བཞིན
བགྲང་ལས་འདས་བའི་ལོ་ཟླའི་ཕ་རོལ་ནས་འཚང་ག་ཤིག་ཤིག་གིས་འོངས་ཏེ
ང་ཚོའི་མིག་ལ་སྣང་ཞིང་སེམས་པའི་ཟབ་སར་འཛུལ་ལ་ཉེ
ང་ཚོས་བསྐྱར་དུ་ལོ་རྒྱུས་ལ་ཕྱི་མིག་ཅིག་འཕངས་ཚེ
ང་ཚོའི་སེམས་སུ་སྦྲུམ་པ་ནི་མེས་པོ་ཚོའི་རྟ་ལྕག་དང་རུ་དར་ལས་གཞན
མི་སྐད་ལྷང་ལྷང་སྒྲོག་པའི་བྱིན་རླབས་ཀྱི་རྡོ་སྐུ་དེ་དག་ཡིན་སྲིད་དམ
གཙུག་ལག་ཁང་གི་ལྷས་ར་ན་དལ་ཅག་གེར་གཟིགས་པའི་དབོན་ཞང་རྡོ་རིང་གིས
གཡས་ནས་གཡོན་དུ་བཞུར་བའི་ལོ་རྒྱུས་ཀྱི་མི་ཚོགས་ལ་ཤབ་ཤུབ་ངང་ཅི་ཞིག་
བཤད་སོང
རྒས་གཉེར་གྱིས་བཏུམས་པའི་ཨ་མ་རྒན་མོས་ལག་ཟུང་སྙིམ་པར་སྦྱར་ནས
འཛུམ་དམུལ་དམུལ་གྱི་ལྷ་སའི་ཇོ་བོར་ཅི་ཞིག་ཞུས་སོང
ང བར་སྐོར
བར་སྐོར་ལ་འཁྱིལ་བའི་ཡིག་དྲུག་གི་ལག་ཟུང་འཇམ་པོ་དེས
འཁྱར་འཁྱོར་དུ་འགྲོ་བའི་ཨ་མ་རྒན་མོའི་སེམས་པའི་སྟེང་གི་རྨ་ཁར་བྱིལ་བྱིལ་བྱས་ཤིང
ཕྱི་གླིང་བ་དེའི་འགྲོ་ཞོར་གྱི་པར་ཆས་ལས
གཟུགས་མེད་ཀྱི་བཟོ་བཀོད་གང་ཞིག་པར་དུ་བརྡབས་སོང
རྒྱ་རིགས་གཞོན་ནུ་མ་དེས་ང་ལ་པོ་ཏ་ལའི་འདྲ་པར་རྙིང་བ་ཞིག་རིན་གོང་སླ་མོས་བཙོངས་ན་ཡང
ངས་རང་གི་སེམས་པའི་ཕྱེད་ཀ་དེ་ནས་ལུས་པ་རྗེས་སུ་མ་གཏོགས་ཤེས་མ་བྱུང
ལྭ་བ་ལྗང་ཁུ་གྱོན་པའི་ཕོ་གཞོན་གྱི་ཁྱུ་ཚོགས་དེ་དག
རྩིག་གསེབ་ནས་ལུད་ཡོང་བའི་དུག་སྡོམ་གྱི་དཔུང་ཁག་རེ་རེ་དང་འདྲ་བར
གཟུགས་མེད་ཀྱི་དྲ་རྒྱ་རེ་རེ་ཞོགས་པ་ནས་ས་སྲོད་བར་དུ་བཀྲམས་ཏེ
དུག་གིས་སྦོས་བའི་རང་ཉིད་ཀྱི་ལྟོ་བ་ཆེན་པོ་དེའི་འཚོ་བཅུད་གང་ཞིག་ལ་སྒུག་
འདུག
ཨར་འདམ་དང་རྣོ་ལྕགས་ཀྱིས་ཧྲིག་ཧྲིག་ཏུ་ལྡོད་པའི
གནའ་བོའི་རྡོ་རྩིག་དང་ལྡེབས་རིས་སྣུམ་པོ
ངའི་སེམས་པའི་གཏིང་རོལ་ཅིག་ན་རྣག་ཁྲག་གི་གོང་བུར་སྨིན་ན་ཡང
ང་ནི་ང་རང་སྟེ ཉིན་འགའི་རྗེས་ནས་ཅིས་ཀྱང་ཕྱིར་རང་གི་ཕ་ཡུལ་དུ་ལྡོག་དགོས་པའི་གནས་སྐོར་བ་ཉམ་ཆུང་ཞིག
ཅ རྫོང་རྒྱབ་ཀླུ་ཁང
ཡིད་དུ་འོང་བའི་བྱེའུ་ཆུང་ཞིག པོ་ཏ་ལའི་དྲ་མིག་ལས་འཕུར་ཏེ
ཀླུ་ཁང་གི་ལྗོན་ཚལ་དུ་བབས་སོང
ཆོས་གོས་གྱོན་མེད་པའི་ཕོ་གཞོན་ཞིག
རྒྱ་ཕིབས་དང་གཡེར་དྲིལ་གྱི་རྨི་ལམ་ཁྲོད
རྩེ་ཕོ་བྲང་གི་རྡོ་སྐས་ལས་འཇབ་འཇབ་ཀྱིས་བབས་ཏེ
ས་སྲོད་ཀྱི་ཁྱི་སྐད་ཁྲོད་ག་ལེར་ཐིམས་སོང
ལི་ཐང་གི་ཕྱོགས་སུ་འཕུར་བའི་ཁྲུང་ཁྲུང་གི་ཁྱུ་ཚོགས་བཞིན
གཡུ་བྱུར་ལས་ཀྱང་ལྕི་བའི་མགུར་གླུ་ཡི་ཚིག་འབྲུ་རེ་རེ
མཐོ་རུ་བརྩེགས་པའི་གླེགས་བམ་གྱི་ལྕགས་རིས་ཀྱང་མ་ཁོག་པར
སྤྲིན་དཀར་འོག་ག་ལེར་འགུལ་གྱིན་པའི
རྒྱང་རིང་གི་འཕྱོང་རྒྱས་གཞུང་ལ་འཐོར་སོང
རྫོང་རྒྱབ་ཀླུ་ཁང སྔོན་དུས་ཡིད་དུ་འོང་བའི་གཞོན་ནུ་མ་ཞིག་གི་ཁྲུས་རྫིང་ཡིན་ན་ཡང
ད་ལྟ དམ་ལ་བཏགས་པའི་ཀླུ་སྲིན་གདུག་པ་ཅན་ཞིག་གི་བཙོན་ཁང་ཡིན་སྐད
པོ་ཏ་ལའི་ལྡོག་གཟུགས་ཁྲོད་ག་ལེར་རྒྱུ་བའི་ངང་ངུར་དེ་ཚོ
པར་ཆས་དང་མཚར་སྣང་ཁྱེར་བའི་རྒྱ་རིགས་ཕོ་གཞོན་ཞིག་གི་མིག་མདངས་འོག་ ཤིག་ཤིག་འགུལ་ཅིང
ལྟོ་གཟན་ཕྲན་བུ་སྟེར་བའི་མི་རྣམས་ལ་འདྲིས་ལོབས་སུ་སོང་ན་ཡང
མི་རིང་བརརྫས་འགྱུར་གྱི་ཁ་རླངས་ཁྲོད་ཚེ་སྲོག་གི་ཉེན་ཁ་གང་ཞིག་ལ་ཉེ་བར་བཅར་སྲིད
ཆ ནོར་བུ་གླིང་ག
གསེར་གྱི་རྒྱ་ཕིབས་དང་དངུལ་གྱི་གཡེར་དྲིལ་འཕྱོ་བའི་ཕོ་བྲང
ཉི་འོད་འཇམ་པོའི་ཁྲུས་ལ་རོལ་བའི་མེ་ཏོག་གི་སྐྱེད་ཚལ་ཆེན་པོ་དེ་མཐོང་དུས
ངའི་ཡིད་ལ་མི་ཚོགས་ལང་ལོང་གཡོ་བའི་ནོར་བུ་གླིང་གའི་ས་སྲོད་ཅིག་དྲན་ཡོང
མདུན་གྱི་མཚེའུའི་ཁྲོད་བག་ཡངས་རྒྱུ་བའི་གསེར་ཉ་དེ་དག
དུས་རབས་ཕྱེད་ཀའི་སྔོན་གྱི་བྲེད་ཤ་ཆེ་བའི་གསེར་ཉ་དེ་དག་ཡིན་སྲིད་དམ
རང་ཉིད་ཀྱི་མལ་གདན་དང་གོས་བེར་ཤུལ་དུ་བསྐྱུར་བའི་སྐྱེས་བུ་དེ་ཚོ
ནམ་ཡང་བཅོས་བསྒྱུར་དང་སྔོན་ཐོན་ལ་བརྩོན་པའི་ཆབ་སྲིད་པ་རེ་རེའམ
ཡང་ན རིགས་དྲུག་གི་འོ་དོད་སྙིང་ལ་བརྣགས་བའི་རླབས་ཆེན་གྱི་མ་ཡུམ་རེ་རེ་ཨེ་ཡིན
ང་དང་མཉམ་དུ་པར་ལེན་རྒྱུར་དགའ་བའི་ཕྱི་གླིང་གི་ལྕུག་ཕྲན་མ
ཡོད་ཚད་བརྙན་ཕབ་ཏུ་གསོག་པར་སྤྲོ་བའི་རྒྱ་རིགས་གྱི་གཤིས་བཟང་མ
ཁོ་ཚོས་ནམ་ཡང ངའི་སེམས་ཁོང་གི་རྨ་ཁ་དང
ངའི་གློ་མཆིན་གྱི་ན་ཟུག་ཤེས་ཐབས་བྲལ
ཇ ས་སྐྱ་དགོན་པ
ཧྲིཿ་ཡིག་གི་འཕྲོ་འདུ་དང་ལུང་བསྟན་གྱི་མཛུབ་ཀེར་ཞིག་གིས
ངེས་བར་དུ་ས་སྐྱ་བོའི་ཁྲོད་དུ་ཆགས་དགོས་བའི་དགོན་སྡེ་ཞིག
ཞིང་ཁའི་གྲོ་མྱུག་དམའ་མོ་དང་ཡུལ་མིའི་ངོ་གདོང
ངལ་རྩོལ་གྱི་དཀའ་སྡུག་ལས་བཀྲུས་པའི་རྒས་གཉེར་གྱི་གཤོང་ཀ
ཡར་ཀླུང་གཙང་བོའི་མཚན་མོ་དང་གཞིས་ཀ་རྩེའི་ཉི་འོད་བརྒྱུད་ནས
དུས་རབས་འདིའི་ལོ་ཟླ་ག་གེ་མོ་ཞིག་ལ་གློ་བུར་དུ་ཁྱེད་ཀྱི་པང་དུ་བསླེབས་དུས
ཁྱེད་ནི བཟོ་རྩལ་གཞན་དང་མི་འདྲ་བའི་ཁེར་རྐྱང་གི་ལྷ་ཁང་དམར་བོ་ཞིག
ཁྱེད་ནི དུས་ཚོད་ཀྱིས་སྣང་མེད་དུ་བོར་བའི་རི་ཁུག་གི་གྲོང་ཚོ་ཆུང་ཆུང་ཞིག
རྗེས་དཔག་དང་བསམ་གཞིག་གི་མིག་ཟུང་ཆེ་རུ་ཕྱེས་ཏེ
མིག་མདུན་ན་ཀྲོང་ངེར་འགྱིངས་བའི་ལྷ་ཁང་ཆེན་མོ་དེར་ཅེར་གྱིས་ལྟ་དུས
སྤེན་མའི་ཀ་རིང་དང་ཆོས་འཁོར་གྱི་ལྟེ་བ་ལས་སྨུག་རྒྱུ་བཞིན་མངོན་འོངས་བ་ནི
ལོ་རྒྱུས་ཀྱི་རི་གསེབ་ནས་ཆས་ཏེ་མུ་མེད་ཀྱི་བྱེ་ཐང་བརྒྱུད་པའི་སེར་མོ་བ་ཞིག
མངའ་ཁོངས་ཆོས་ཀྱིས་བླུས་བའི་ཐབས་ཤེས་ཟུང་སྦྱོར་གྱི་སྒྱུ་འཕྲུལ་ཞིག
ཡིག་དྲུག་གི་སྲུང་འཁོར་བསྒོམས་ཏེ་སོག་དམག་གི་མཚོན་ཆར་བཟློགས་པའི་སྐྱེས་རབས་ཀྱི་གཏམ་རྒྱུད་མཚར་བོ་ཞིག
ཉ ཡུམ་བུ་བླ་སྒང
དམུ་ཡི་ཐེམ་སྐས་དང་ཕྱྭ་ཡི་ཁྱིམ་རྒྱུད་ཆེན་མོ
ཕྱུགས་རྫི་ཡི་གཉའ་བར་དབང་བསྒྱུར་བའི་མཁས་མཛངས་དཀྱེལ་ཡངས་ཀྱི་མི་བོ
བྱ་རྒོད་བཞིན་བང་སོ་གནམ་ལ་བཏབ་པའི་ཁྲི་རབས་ཀྱི་རྟོགས་བརྗོད་རིང་མོ
རེ་རེ་བཞིན དྲན་པའི་ཕ་རོལ་ཏུ་ཡལ་ནས་ལོ་མང་འགོར
ཡུ་མོའི་བརླ་ཤ་དང་འདྲ་བའི་རི་སྒང་དེའི་སྤོ་རུ་
དུས་ཚོད་དང་རླུང་གི་ཁ་གཏད་དུ་ཀེ་རེར་འགྲེང་སྟེ
ཡབ་འབངས་རུས་དྲུག་གི་སྦྲ་ཁྱིམ་དང་དུ་ཞགས་ཁྲོད
རྒྱལ་ཕྲན་བཅུ་གཉིས་ཀྱི་དར་རྒུད་དང་ཐུལ་ཀ་བགྲང་བཞིན་ལོ་མང་འགོར
དེ་རིང བསང་རྩི་སྤར་མོ་གང་མེ་རུ་སྦར་ཏེ
ཁྱེད་ཀྱི་བརྗིད་ཉམས་དང་བྱིན་རླབས་ཀྱི་འོད་ཀོར་ལ
སྙིང་ནས་གསོལ་བ་བཏབ་ཅིང་སེམས་ནས་ཁས་ལེན་བགྱིས་ཏེ
ཡར་ཀླུང་གཙང་བོའི་བཞུར་རྒྱུན་ལ་བྱི་དོར་ཐེངས་ཤིག་བྱ་བར་མོས
མུ་མེད་ཀྱི་བྱེ་ཐང་དྲན་བཞིན དུས་གཏན་དུ་ཁྱེད་ཀྱི་རི་འདབས་ནས་ལུས་བའི་རྔ་མོང་དེས
ང་ལ་ཆུ་རྒྱུན་དང་བྲལ་བའི་གསེར་ཉ་ཆུང་ཆུང་ཞིག་ཀྱང་རྟོག་བཟོ་བྱ་རུ་བཅུག་སོང
རྟ་ལ་ཞོན་རྒྱུར་དགའ་བའི་དབུས་གྲོགས་དེས་ང་ལ་དགོད་ཁ་ཐེངས་ཤིག་བསླངས་པ་དེ་ཡང་
ད་ལྟ ཡུམ་བུ་བླ་མཁར་གྱི་ཉི་འོད་བཞིན་སེམས་ངོ་ནས་ཡལ་ལ་ཉེ་ཡང
ཡར་ཀླུང་གཙང་བོས་ཀྱང་མི་འདག་པའི་ངའི་སེམས་ཁོང་གི་སྡུག་ཡུས་དང་ནོངས་འགྱོད་ནི
བཙན་པོའི་འཇིམ་བརྙན་གྱི་ཚོགས་པ་བཞིན་གནས་འདི་ནས་གཏན་དུ་ལུས་སོང
ཏ བཙན་པོའི་བང་སོ
མཚན་གྱི་ཡིག་འབྲུ་རེ་རེར་གསེར་འོད་འབར་བའི་བཙན་པོ་དེ་ཚོ
ད་ལྟ་ས་དམར་གྱི་དེའུ་འབུར་རེ་རེའི་འོག་ན་གཏན་དུ་གཟིམས་འདུག
འཕྱོར་སྒེག་དང་གཡེར་བག་ཁྲོད་ན་མེ་ཏོག་གི་ཁ་རླངས་ལྡང་བའི་བཙུན་མོ་དེ་ཚོའང
ད་ལྟ་ས་དམར་གྱི་དེའུ་འབུར་རེ་རེའི་ཞབས་ན་གཏན་དུ་གཉིད་འདུག
དུས་ཚོད ཚེ་སྲོག འཆི་བ ཆོས་ཉིད
ཇི་འདྲའི་གོ་དོན་ཟབ་ཅིང ཇི་འདྲའི་དབང་ཤུགས་ཆེ་བའི་ཐ་སྙད་རེ་རེ་ཨང
འཕྱོང་རྒྱས་ཀྱི་ཉི་ནུབ་ཁྲོད
ངལ་དུབ་དང་རེ་འདུན་ལྕིད་ཏིག་གེ་བ་ཞིག་ཁུར་ནས
བང་སོའི་མདུན་དུ་ཐོད་པ་ས་ལ་གླན་དུས
ངུ་སྙིང་ཞིག་སེམས་པའི་གཏིང་ནས་འཕྱུར་ན་ཡང
རེ་ཞིག དམ་བཅའ་གང་ཞིག་གིས་བསྐུལ་ནས་ཨམ་གཙིགས་ནན་གྱིས་སྡོམ་དགོས་བྱུང
བཀའ་ཤོག་དང་ཐམ་ཀ དྲོད་ཀྱིས་བཏང་ནས་རིང་ཞིག་འདས
རྟ་དམག་དང་རུ་དར གཉིད་དུ་ཡུར་ནས་ལོ་མང་འགོར
རི་ཚོགས་ཀྱིས་བསྐོར་བའི་འཕྱོང་རྒྱས་ལུང་གཞུང་གི
བཙན་པོའི་བང་སོའི་ཁ་གཏད་དུ་ལུས་པའི
མཁར་ཕྱིང་བ་སྟག་རྩེའི་རྗེས་ཤུལ་མཐོང་དུས
ངའི་ཡིད་ངོར ཕྱིང་ཞྭ་གྱོན་པའི་མི་ཕོ་དར་མ་ཞིག་དྲན་ཡོང
ཁོ་ནི་ལྷ་ཆེན་ཞིག་གམ་བཙན་པོ་ཞིག
ཡང་ན ངའི་ཨ་ཕའི་ཨ་ཕ་ཨེ་ཡིན
མཇུག་མཐར གནམ་ས་ཆ་ལང་བརྡེབ་ནུས་པའི་ངའི་བཙན་པོ་དེ་ཚོ
སུས་ཀྱང་བརྟོལ་མ་ནུས་པའི་གསང་རྣམ་དང་ལྷན་དུ་ས་འོག་འདིར་སྦས་སོང
ཡོངས་སུ་འགྲུབ་མ་ཚར་བའི་མཛད་འཕྲིན་དང་ལྷན་དུ་ས་འོག་འདིར་སྦས་སོང
མཇུག་མཐར ས་སྲོད་ཀྱི་མུན་པའི་ཁྲོད་ནས
ང་རང་ཁུ་སིམ་མེར་བཙན་པོའི་བང་སོ་དང་ཞལ་གྱེས་སོང
ཐ ཕ་བོང་ཁའི་ཕོ་བྲང
ཕ་བོང་ཁ ཤོག་བུ་སྔོན་པོའི་སྟེང་དུ་གསེར་གྱི་ཡི་གེས་བྲིས་པའི་ཀ་མད་སུམ་ཅུ
གངས་ཁྲོད་ཀྱི་མུན་གསེབ་ཏུ་ཤེས་རབ་ཀྱི་ཐུར་མས་བསྒྲོན་པའི
འབྲི་མར་གྱི་ཚེ་འབར་རེ་རེའམ
ཧི་མ་ལ་ཡའི་མཁའ་དབྱིངས་སུ་ཟུངས་ཁྲག་གིས་སྦར་བའི་རྒྱུ་སྐར་གྱི་མེ་ཕུང་སུམ་ཅུ་ཨེ་ཡིན
ཕ་བོང་ཁ སྲོང་བཙན་སྒམ་པོས་དབྱངས་གསལ་གྱི་བདུད་རྩི་ཧུབ་ཀྱིས་རྔུབ་ས
ཕ་བོང་ཁ ཙོང་ཁ་བས་རྟེན་འབྲེལ་གྱི་དགོངས་པའི་དར་ཆ་མཁའ་རུ་སྒྲེང་ས
དེ་ནས་བཟུང ང་ཚོར་རང་གི་བྱུང་བ་རྗེན་པར་གསལ་བའི་ལོ་རྒྱུས་ཀྱི་དེབ་ཐེར་ཡོད་པར་གྱུར
དེ་ནས་བཟུང ང་ཚོར་སྤྲེའུ་དང་བྲག་སྲིན་གྱི་ངོ་མཚར་བའི་གཏམ་རྒྱུད་ཡོད་པར་གྱུར
རུས་སྦལ་དང་འདྲ་བའི་རྡོ་ཕ་བོང་དེའི་སྟེང་དུ
མཆོད་རྟེན་དང་འདྲ་བའི་ཕོ་བྲང་ཞིག་མཐོ་རུ་འཕགས
དེ་དང་ལྷན་དུ ཀ་མད་སུམ་ཅུ་འཁོད་པའི་རྡོ་ཡི་གླེགས་བམ་ཞིག་ཀྱང་མཐོ་རུ་འཕགས
དམག་རྟ་དང་རུ་དར་གྱི་མངའ་ཐང་ཡང་མཐོ་རུ་འཕགས
ད ཕ་བོང་ཁའི་དུར་ཁྲོད
སྤྲིན་པ་ལང་ལོང བྱ་རྒོད་འཚབ་འཚུབ
སྣུབ་ཆིལ་ཆིལ་གྱི་ཕ་བོང་མང་པོའི་ཁྲོད་དུ
དབེན་ཐིང་ཐིང་གི་རུས་ཀོག་དང་མྱ་ངན་འཐོར
དཀར་བོང་བོང་གི་རྡེའུ་འབུམ་དངགསུར་དྲིའི་ཁྲོད་དུ
སུ་ཞིག་གི་སྐྱོ་གདུང་དང་ཕམ་ཉེས་ཀྱི་ཤུགས་རིང་འཁྱིལ
ཕ་བོང་ཁའི་དུར་ཁྲོད རྟོག་གེ་བའི་སྒྲུབ་ཕུག
ལོ་རྒྱུས་དང་དེ་རིང་གི་བསྣོལ་མཚམས་ནས་མཇལ
རྨི་ལམ་དང་མངོན་སུམ་གྱི་འདྲེས་མདོ་ནས་མཇལ
ཐོབ་ཤོར་དང་ནོངས་འགྱོད་ཀྱི་བར་མཚམས་ནས་མཇལ
དུས་རབས་ཕྱེད་ཀའི་སྔོན་ལ རྟོག་གེ་བ་ཞིག་གིས
གངས་རིའི་ཁྲོད་ཀྱི་གནའ་གྲོང་དང གནའ་གྲོང་དེའི་བར་སྣང་ན་བརྩིགས་པའི
སྒྱུ་མའི་ཕོ་བྲང་ཞིག་གི་འཇིག་ཉེན་དང གས་ཆག་ཐོག་མར་ཚོར
རྗེས་སུ འཛམ་གླིང་ན་དཀོན་པའི་བེ་ཊུར་ཡའི་བུམ་པ་ཞིག
གནས་འདི་ནས་རྡོ་ལ་བརྡབས་སོང
རྗེས་སུ རྟོག་གེ་བ་ཞིག་གནས་འདི་ནས་གཏན་དུ་འགྱེལ་སོང
ཁོང་གི བེམ་པོ་བྱ་རྒོད་ཀྱིས་བཏོགས་ཤིང
ཐོད་རུས་བུ་སློབ་ཀྱིས་ཁྱེར་སོང
ཨ་མདོ་ནས་རྐང་ཐང་གིས་ལམ་ལ་ཆས་པའི་ཉམ་ཆུང་གི་འཚོལ་རྟོག་པ་ཞིག
རིག་སྟོབས་ཀྱིས་རྒྱལ་ཁམས་ཉུལ་བའི་ཁེར་རྐྱང་གི་འགྲུལ་བཞུད་པ་ཞིག
རྨི་ལམ་དང་སྟོང་སེམས་ལས་སད་རྒྱུ་སྔ་་དྲགས་པའི་ལས་སྐལ་དམན་པའི་སྐྱེས་བུ་ དམ་པ་ཞིག
ཁོང་གི་མིག་ཟུང ཁོང་གི་རྣམ་ཤེས ཁོང་གི་ཕམ་ཉེས
ད་དུང་ཡང ཕ་བོང་ཁའི་དུར་ཁྲོད་ཀྱི་བར་སྣང་དུ་འཁྱིལ་འདུག
སྤྱི་ལོ༢༠༠༩ལོའི་ཟླ༩—༡༠བར་ཁྲི་ཀའི་གནའ་མཁར་གྱི་ཉེ་འདབས་སུ་སྦྱར།
བླ་ནག་པ་ཡེ་ཤེས་བཟང་བོ་ལགས་ཀྱི་ལྗགས་རྩོམ་མཇལ་ཐེངས་དང་པོ་ཡིན། བོད་ཀྱི་དུས་བབས་ སྟེང་ཁོང་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཞིག་བཀོད་འདུག
གཏམ་དེ་བདེན་ན། ཁོང་གི་ཤུལ་ལུས་ཕ་མ་གཙོས་ནང་མི་ཡོངས་ལ་སྙིང་ནས་སེམས་གསོ་དང་གདུང་སེམས་མཉམ་བསྐྱེད་ཞུ།
སྐྱེས་བུ་དམ་པ་ཁོང་ནི་ ཀླུ་སྨྱོན་ལགས་ཀྱི་ཕུ་བོ་ཡིན་ཚོད་འདུག་པས ་ ཀླུ་སྨྱོན་ལགས་ ལ་ སེམས་གསོ་དང་བཅས། ཕུ་བོ་རྗེས་དྲན་ཞིག་འབྲི་རོགས་ཞུ།
ཁོང་ནི་མི་ཚེ་གང་བོ་འཆད་རྩོད་རྩོམ་གསུམ་དང་། ལྷག་པར་རྩོམ་འབྲི་ལ་གཞོལ་མཁན་ཞིག་ཡིན་འདུག་པས། ཁོང་རྩོམ་རིག་ལ་འགྲོགས་པའི་མི་ཚེ་དང་ཁོང་ལ་ལྗགས་རྩོམ་ཅི་མཆིས་གང་ཡོད་ཤེས་འདུན་ཆེ།