ཐེ་བོ་སངས་རྒྱས།
རྒྱུ་འབྲས་སྣོག་བཞིན་ལྷ་བསངས་གཏོང་བ་ལས།།
ཀ་ཁ་ག་ངའི་སྦྱོར་ཀློག་སྦྱངས་ན་དགའ།།
བོད་ལྭ་གྱོན་བཞིན་ངོ་འབག་གོན་པ་ལས།།
ཅ་ཆ་ཇ་ཉ་ཡི་གེར་བྲིས་ན་དགའ།།
རྩམ་རྒན་ཟ་བཞིན་རྒྱགས་གཏམ་བཤད་པ་ལས།།
ཏ་ཐ་ད་ནའི་སྐྱེ་གནས་བཙལ་ན་དགའ།།
བོད་གླུར་ཉན་བཞིན་མིག་སེར་ལངས་པ་ལས།།
པ་ཕ་བ་མའི་བྱེད་རྩོལ་བསླབས་ན་དགའ།།
སྐོར་བྲོ་འཁྲབ་བཞིན་ལྐོག་ཇུས་བཤམས་པ་ལས།།
ཙ་ཚ་ཛ་ཝའི་ཁུངས་ལ་བརྟག་ན་དགའ།།
རྟ་རྒྱུག་འོག་ནས་རྒྱན་འཛུགས་བྱེད་པ་ལས།།
ཞ་ཟ་འ་ཡ་བློ་རུ་བཟུང་ན་དགའ།།
ཕ་སྐད་གཙང་མས་ཕྲ་མ་བཤད་པ་ལས།།
ར་ལ་ཤ་སའི་འཇུག་དོན་བཀར་ན་དགའ།།
མ་ཎི་བགྲང་བཞིན་བླ་བཙག་བྱེད་པ་ལས།།
ཧ་དང་ཨ་གཉིས་ཁ་ཏོན་བྱས་ན་དགའ།།
ཕྱི་ལོ ༢༠༡༧ ཟླ་༡༡ ཚེས་ ༨ གཟའ་ལྷག་པ་ལ།