མཁོ་གཏོང་བ། དགེ་ལུགས་སྤྱི་འཐུས་རོང་བོ་བློ་བཟང་སྙན་གྲགས།
ཕྱི་ལོ་༢༠༡༣ ཟླ་༤ ཚེས་༣ ཉིན་སླར་ཡང་ཇི་ནེ་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ། ལྷག་དཀར་སྲུང་བརྩིའི་སྒོ་ནས་ཁྱིམ་ཚང་གཉིས་ཀྱིས་བོད་ནང་གི་ཆེས་ཛ་དྲག་གི་གནས་སྟངས་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་ཡོད་འདུག ཇི་ནེ་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ། ལོ་གཅིག་གི་རིང་ལྷག་དཀར་སྲུང་བརྩིའི་སྒོ་ནས་ཟླ་རེའི་གཟའ་ལྷག་པ་དང་པོ་དང་གསུམ་པ་ནམ་ཡིན་ལ། བོད་ནང་གི་བོད་མི་ཚོར་སྐྱིད་སྡུག་མཉམ་མྱོང་གི་ལམ་ནས་ཞུ་གཏུག་གི་ལས་འགུལ་སྤེལ་དང་སྤེལ་བཞིན་པ་ལྟར། ཟླ་འདིའི་ཚེས་༣ ཉིན་སུད་སི་གནས་སྡོད་ལྷུན་འགྲུབ་ཚང་ཀརྨ་བཀྲིས་ཚེ་རིང་དང་སྟག་ཚང་དཀོན་ཅོག་ཁྱིམ་ཚང་གཉིས་ཀྱི་ནང་མི་སུད་སིའི་དབུས་ཀྱི་གྲོང་ཁྱེར་(Luzern) ལུ་རྫན་ནས་ལེ་དབར་༢༦༥(KM)ལྷག་གིས་རྒྱང་ཐག་ཆོད་པའི་གྲོང་ཁྱེར་ཇི་ནེ་ཝར་(Genève) མེ་འཁོར་ལ་བསྐྱོད་ནས། ད་ལྟའི་བོད་ནང་གི་ཆེས་ཡ་ང་བའི་ཛ་དྲག་གི་གནས་སྟངས་ཞུ་གཏུག་གི་ལས་འགུལ་ཐེངས་བརྒྱད་པ་སྤེལ་ཏེ། སྔ་རྒྱུན་བཞིན་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ལ་དགོས་འདུན་དོན་ཚན་༦ ཅན་གྱི་སྙན་ཞུ་ཕུལ་བ་མ་ཟད། རྒྱལ་ཁབ་གཞན་ནས་ཕེབས་པའི་ཡུལ་སྐོར་སྤྲོ་འཆམ་པ་དང་ཁྱད་པར་རྒྱ་ནག་ཕྱི་ནང་གཉིས་ནས་ཕེབས་པའི་ཡུལ་སྐོར་སྤྲོ་འཆམ་པ། དེ་བཞིན་ས་གནས་དེ་གའི་མི་མང་རྣམས་ལའང་གསར་འགོད་གསལ་བསྒྲགས་འགྲེམས་སྤེལ་གནང་སྟེ། ད་ལྟའི་བོད་ནང་གི་དངོས་ཡོད་ཀྱི་བདེན་པ་ར་སྤྲོད་དང་འཇིགས་སུ་རུང་བའི་རྒྱ་དམར་གཞུང་གི་དྲག་གནོན་འོག གཞིས་ལུས་རྒྱ་ཆེའི་མི་མང་གིས་མྱངས་དང་མྱོང་བཞིན་པའི་ཛ་དྲག་གི་གནས་ཚུལ་དངོས་པར་རིས་དང་ཡིག་ངག་གི་ལམ་ནས་་གསལ་སྟོན་གནང་འདུག
དགོས་འདུན་དོན་ཚན་ཁག་ནི། དང་པོ། ཕྱི་ལོ་ ༡༩༥༩ དང་ ༡༩༦༡ ། ༡༩༦༥ སོ་སོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ཐོག་བཞག་པའི་གྲོས་ཆོད་ཁག་སླར་ཡང་མཉམ་འབྲེལ་རྒྱལ་ཚོགས་ནས་གླེང་སློང་དང་ལག་བསྟར་མཇུག་གནོན་གནང་རྒྱུ་དང་། གཉིས་པ། བོད་ཡུལ་འདི་སྔར་བཞིན་རང་དབང་ལྡན་པའི་ཞི་བདེ་བག་ཕེབས་ཀྱི་ཡུལ་ཞིག་ཏུ་བསྐྲུན་རྒྱུ། གསུམ་པ། འདས་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ས་ཡ་གཅིག་དང་འབུམ་གཉིས་ལྷག་གིས་བོད་མི་རིགས་ལ་ཤུལ་དུ་བཞག་པའི་ལོ་རྒྱུས་དང། རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་འབོད་སྒྲ་དང་ཞལ་ཆེམས། དེ་བཞིན་གཞིས་ལུས་རྒྱ་ཆེའི་མི་མང་གི་གལ་གནད་ཆེ་བའི་སེམས་ཀྱི་མངོན་འདོད་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གང་མགྱོགས་བོད་དུ་ཕེབས་རྒྱུར་མཐུན་འགྱུར་གནང་ཐབས། བཞི་བ། ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་ཡོངས་རྫོགས་ཆ་རྐྱེན་གང་ཡང་མེད་པར་གློད་ཐབས། ལྔ་བ། བོད་ནང་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་གི་དོན་རྐྱེན་བྱུང་དང་འབྱུང་བཞིན་པའི་ཐད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་ཆུང་ཞིག་ཛ་དྲག་གིས་བོད་དུ་ཆེད་གཏོང་གནང་རྒྱུ། དྲུག་པ། བོད་ཀྱི་གནད་དོན་འདི་བཞིན་བོད་མི་ས་ཡ་དྲུག་གི་གནད་དོན་ཡིན་པས། བོད་མིའི་སྒྲིག་འཛུགས་དང་རྒྱ་གཞུང་དབར་ཐད་ཀར་ཞི་མོལ་འགོ་འཛུགས་ཀྱིས་བོད་ཀྱི་བདེན་མཐའ་གསལ་ཐབས་གནང་རྒྱུ་བཅས་ཡིན་འདུག