སྤྲུལ་སྐུ་དབང་ཆེན།
དེང་སང་ཕྱི་ཡུལ་དམངས་གཙོའི་རྒྱལ་ཁབ་ཁག་ཏུ་རང་དབང་དང་འདྲ་མཉམ་གྱི་བདེ་སྐྱིད་ལ་ལོངས་སུ་སྤྱོད་མཁན་གྱི་བོད་རིགས་སྤུན་ཟླ་གང་མང་ཞིག་གིས། བདུན་ཕྲག་གཅིག་གི་ནང་ལ་ཉི་མ་གཅིག་ཙམ་མ་གཏོགས་བོད་མི་རྣལ་མ་ཞིག་བྱེད་འདོད་མེད་པས་རྣམ་འགྱུར་ཤུགས་ཆེན་པོ་ཞིག་སྟོན་གྱིན་འདུག་སྙམ། དེ་ནི་གཟའ་ལྷག་པའི་ཉིན་མོ་རེད་ལ། གཟའ་ལྷག་པ་ལ་ནི་ལྷག་པ་དཀར་པོ་ཞེས་འབོད་ཅིང་། ཉིན་དེར་བོད་སྐད་བཤད་པ་དང་། བོད་ཟས་ཡང་བཟའ་རུང་བའི་སྒྲིག་ལམ་ཞིག་བཟོ་ཐབས་བྱེད་ཀྱི་འདུག
དེས་ན་གཟའ་ལྷག་པ་མ་ཡིན་པའི་ཉི་མ་དྲུག་པོ་དེ་ནི་ཕྱི་ཡུལ་བོད་མི་ཞིག་ལ་མཚོན་ན་གཟའ་ནག་པོ་རྐྱང་ཡིན་དགོས་སམ། ཡང་ན་གཟའ་བེད་སྤྱོད་མེད་མཁན་རྐྱང་ཡིན་དགོས། ལྷག་པ་མ་ཡིན་པའི་ཉི་མ་དྲུག་པོ་དེའི་རིང་ལ་ཕ་མ་དང་སྤུན་མཆེད་ཐ་ན་རང་གི་བུ་ཕྲུག་ཚུན་ཆད་ལ། བྱང་གོམས་མེད་པའི་དབྱིན་སྐད་མགོ་མེད་དང་རྐེད་ཆག་དང་མཇུག་རྡུམ་རེ་ཨེ་འཁྱོལ་བལྟས་ཏེ། སོས་ཀའི་མེ་ཏོོག་ལྟར་བཞད་ཅིང་རྣམ་རིག་བཀྲ་བའི་རང་གི་བུ་ཕྲུག་ཚོའི་མ་སྐད་སྨྲ་བའི་ལྕེ་རྩེ་གཏུབ་ཅིང་། ཕ་ཡིག་འབྲི་བའི་མཛུབ་མགོ་རུལ་བཅུག་པ་མ་ཟད། ཕ་མ་དང་སྤུན་མཆེད་ཚོ་ཡང་གཟའ་འཁོར་གཅིག་གི་ནང་ལ་ཉི་མ་གཅིག་མ་གཏོགས་བོད་མི་གཡར་མ་འགན་མེད་ཅིག་ཡིན་པས་ཚོར་སྣང་གསར་བ་རེ་སྤྲད་ཨེ་ཐུབ་བལྟ་བཞིན་མི་འདུག་གམ།
དོན་དངོས་པོའི་ཐོག་ང་ཚོ་སྟེ། བོད་མི་རིགས་གཙང་མ་ཞིག་ཡིན་ཕྱིན་བོད་སྐད་སྨྲ་བའི་བོད་མི་རྣལ་མ་རྐྱང་རྐྱང་ཡིན་ཞིང་། ཉིན་རྟག་པར་བོད་སྐད་བཤད་ཅིང་བོད་ཡིག་འབྲི་བ་དང་བོད་ཟས་ཟ་བཞིན་དུ། བོད་མི་རིགས་ཀྱི་ལས་དབང་ལ་རང་འགན་རེ་འཁུར་ནས་བོད་མིའི་གོམས་གཤིས་དང་རིག་གཞུང་ལ་སྲུང་སྐྱོབ་བྱེད་དགོས་པ་མིན་ནམ། དེ་མིནགཟའ་འཁོར་གཅིག་གི་ནང་དེར་ཉི་མ་གཅིག་ལ་རྗེས་དྲན་ཙམ་ཞིག་གིས་ཉི་མ་རྡོག་པོ་རེ་སྲུང་བརྩི་བྱས་ནས་བསྡད་པ་ཡིན་ན། ཟླ་བ་གཅིག་གི་ནང་ལ་ཉི་མ་བཞི་དང་། ལོ་གཅིག་གི་ནང་ལ་ཉི་མ་བཞི་བཅུ་ཞེ་བརྒྱད་ཙམ་མ་གཏོགས། གཞན་ལོ་གཅིག་གི་ནང་ལ་མཚོན་ན་ཉི་མ་སུམ་བརྒྱ་དང་བཅུ་དྲུག་གྱི་རིང་ལ་བོད་མིའི་འདུ་ཤེས་དེ་རྩ་བ་ནས་བོར་བརླག་ལ་ཕྱིན་སོང་བ་མ་ཡིན་ནམ།
སྤྱིར་བཏང་ལྷག་དཀར་རམ་ལྷག་སྐར་ཞེས་པའི་མུན་ནག་ནང་གི་མར་མེའི་འོད་སྣང་གི་ལས་འགུལ་ཞིག །རྒྱ་ནག་དམར་པོའི་བཙན་གནོན་འོག་ཏུ་ལུས་པའི། རང་དབང་དང་བྲལ་བའི་བོད་རིགས་སྤུན་ཟླ་ཁག་ཅིག་གིས། ལྐོག་གྱུར་གྱི་ངོ་རྒོལ་ལས་གཞི་རེ་སྤེལ་མྱོང་བ་བདེན་ན་ཡང་། དེ་ནི་བོད་མིའི་རང་དབང་དང་འདྲ་མཉམ་རྩོད་ལེན་གྱིས་ངོ་རྒོལ་ལས་འགུལ་ཞིག་ཡིན་པ་ལས། བོད་མི་རིགས་ཀྱི་ངོ་བོ་རྩ་མེད་དུ་གྱུར་བའི་མྱ་ངན་གྱི་དུས་དྲན་ལ་སྲུང་བརྩི་བྱས་པ་ཞིག་གམ། བོད་ཀྱི་སྐད་ཡིག་དང་རིག་གཞུང་འདི་གཏན་བརླག་ཏུ་སོང་བའི་རྗེས་དྲན་གྱི་སེམས་གསོ་བྱས་པ་ནི་རྩ་བ་ནས་མིན། དོན་དུ་ལ་རྒྱ་ཅན་གྱིས་མི་རིགས་འཐབ་རྩོད་ཀྱི་ངོ་རྒོལ་བྱེད་སྟངས་དང་། ལད་བཟློས་བྱས་ནས་རྗེས་དྲན་མྱ་ངན་གྱི་སྲུང་བརྩི་ཞུ་སྟངས་གཉིས་ནི་གཏན་ནས་མི་འདྲ་བས། བོད་མི་རྣམ་དཔྱོད་ཅན་ཚོས་ག་དུས་ཡིན་ཡང་ཉ་དང་ཉུང་མ་བསྲེས་བསྡད་ན་གཟི་བརྗིད་དང་ལ་རྒྱ་ཞིག་ཏུ་འགྱུར་ཐུབ་པ་འདུག་གམ་མི་འདུག་ཅེས་ཐུགས་བསམ་ཡག་པོ་རེ་བཞེས་རྒྱུ་དེ་གལ་ཆེ་བར་སྙམ།།
༡༡/༢༠/༢༠༡༣
རིག་གནས་དང་གོམས་སྲོལ་རིན་ཐང་ཅན་ཞིག་ཡིན་ཕྱིན་ཉིན་རེའི་མི་ཚེའི་ནང་དུ་སྤྱི་ཚོགས་དེ་དང་ཁ་འབྲལ་ཐབས་མེད་པའི་ཚུལ་དུ་གནས་དགོས་པ་དེ་ནི་རིག་གནས་དང་གོམས་སྲོལ་དེ་གསོན་གནས་ཡིན་པའི་དཔང་རྟགས་ངོ་མ་དེ་རེད། རིག་གནས་དང་གོམས་སྲོལ་གང་དང་གང་ཞིག་ཡིན་ན་ཡང་དེ་ཉིད་དམིགས་བསལ་དུས་ཆེན་གྱི་ཆེད་ལས་ཙམ་དུ་གྱུར་ཚར་ནས་བཟུང་སྟེ་ནད་གཞི་ཚབ་ཆེན་ཞིག་ཕོག་ཟིན་པའི་རྟགས་རེད། རྩོམ་པ་པོས་གསུངས་པ་བཞིན་དུ་སེམས་ཁྲལ་བྱ་དགོས་པའི་གནས་ཤིག་རེད།
གནད་དོན་དེའང་བསམ་བློ་གཏོང་གཞི་ཞིག་རེད་འདུག་མོད་་་་་ཡིན་ནའང་། གཟའ་འཁོར་གཅིག་ནང་ཉུང་མཐར་ལྷག་དཀར་ལྟར་ཉིན་མ་རེ་འདི་ལྟར་བོད་ལུགས་གཙང་མར་སྲུང་བརྩིས་བྱེད་པ་དེ་ཁྱོན་ནས་བོད་ལུགས་ཀྱི་ཉིན་མོ་ཞིག་མེད་པ་ལས་བཟང་ངོ་་་་་ཡོད་པ་ནི་མེད་པ་ལས་བཟང་ངོ་་་་
ལྷག་དཀར་ལས་གཟའ་གཞན་དྲུག་པོར་བོད་སྐད་མ་རྒྱབ་པ་དང་། བོད་ཆས་མི་གྱོན་པ། བོད་ཟས་མི་བཟའ་བའི་དོན་མིན། དཔེར་ན་ཡེ་ཤུའི་ཆོས་ལུགས་ཀྱི་ཉི་མ་བདུན་ཀ་ཆོས་བྱེད་ཀྱང་རེས་བཟའ་ཉི་མ་དམིགས་བསལ་གྱི་ལྷ་ཁང་ནང་འཛོམས་ནས་ཆོས་བྱེད་པ་དང་། དེ་བཞིན་ཁ་ཆེ་ཆོས་ལུགས་ཚོས་ཉི་མ་རྟག་པར་ཆོས་བྱེད་ཀྱང་རེ་བཟའ་པ་སངས་ལ་ལྷ་ཁང་ནང་འཛོམས་ནས་མཉམ་རུབ་ཀྱི་ཆོས་བྱེད་པ་གཅིག་མཚུངས་ཀྱི་ལྷག་དཀར་ཡང་དེ་བཞིན་ཡིན། ད་དུང་ལྷག་དཀར་ལ་ང་ཚོས་གསུང་ཆོས་གོ་སྒྲིག་ཞུ་རྒྱུ་སོགས་བྱེད་དགོས་འདུག
ལྷག་དཀར་སྲུང་བརྩིས་བྱེད་པས་རིག་གཟའ་གཞན་རྣམས་སུ་བོད་ལུགས་མི་དགོས་རྒྱུ་སྐད་ཆ་ཞིག་མ་རེད། ལྷག་དཀར་ཉིན་ངེས་པར་དུ་བོད་ལུགས་སྲུང་དགོས་པའི་དུས་ཚིག་གིས་འབད་སྐུལ་ཞིག་ཡིན་པ་ལས་ལྡོག་ཕྱོགས་ཀྱིས་གོ་བ་རྐྱང་རྐྱང་ལེན་ན་སྤྲུ་དབང་གིས་བཤད་ཚུལ་ལྟར་རེད།།
འོ་ན། གཟའ་ལྷག་པ་མ་ཡིན་པའི་ཉི་མ་དྲུག་པོ་གང་རུང་ཞིག་ལ་ ‚‚དཀར་པོ‚‚ རྩི་ན། དབང་ཆེན་ལ་བསམ་བློ་འདི་ཨེ་འཁོར།
ཕྱི་ཡུལ་དུ་ཉིན་གཅིག་ལ་བོད་སྲོལ་བཟུང་ན་ལེགས་ཤིང་། དེ་མིན་ཉིན་བདུན་ནང་བོད་སྲོལ་གཅིག་ཀྱང་མ་སྲུང་ན་དེ་བས་གྱོང་གུད་ཡིན་པས་ང་རང་གིས་ལྷག་དཀར་ལ་རྒྱབ་སྐྱོར་ཡོད། ཡག་པོ་མཐོང་སོང་།
ང་ལ་མཚོན་ན་་་་ཆེས་གོ་ན་མི་འདོད་པའི་སྐད་ཆ་ཅིག་སྟེ་་་བོད་མི་ཞིག་ལ་་བོད་སྐད་བཤད་རྒྱུ་དང་་་བོད་གོས་གྱོན་རྒྱུ་་་བོད་ཟས་བཟའ་རྒྱུ་བཅས་ཀྱི་ཁྲིམས་སམ་་་སྒྲིག་ལམ་བཟོ་དགོས་སྐད་འདི་རེད། ལྟས་ངན་རེད་་་བོད་ཚར་འདུག་པའི་འཐེན་ལྟས་རེད། ཁྱོད་སྐྱེས་དུས་ནས་ཁྱོད་ལ་དབང་བའི་སྐད་དེ་བཤད་མི་ཤེས་ན་དུད་འགྲོ་ལས་སྐྱོ་བོ་རེད། དུད་འགྲོ་བེའུ་ཞིག་ལ་མཚོན་ཡང་སོ་སོའི་ཟོག་སྐད་ལབ་མི་དགོས་པར་ཤེས་བསྡད་ཡོད་རེད།
ཕྱོགས་གཞན་ནས་བཤད་ན་་་ཆུང་ས་ནས་རང་སྐད་ཙམ་ཡང་བཤད་མི་ཤེས་པའི་རིགས་ལ་་་བཙན་གྱིས་བོད་སྐད་དང་་་་བོད་སྲོལ་ལབ་ཀྱང་ཅང་ཕན་ཐོགས་ཀྱིན་མ་རེད། དེ་ལས་གཡུག་ཤོག
གང་ལྟར་འུ་ཐུག་པའི་ལས་ཀ་ལྟ་བུ་ཞིག་རེད་དེ། འོན་ཀྱང་དྲན་གསོ་ལྟ་བུའི་ལས་འགུལ་འདིས་ཕན་ཐོག་ཀྱང་གང་འཚམ་ཞིག་ཡོད་པར་མཐོང་།