ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན།
དེབ་འདི་ཀློག་མཁན་རྣམས་ནས་ཐོག་མཐའ་བར་གསུམ་ལ་ཞིབ་འཇུག་ཡག་པོ་ཞིག་བྱས་པ་ཡིན་ན། བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་གསལ་པོ་ཤེས་རྟོགས་ཐུབ་པ་ཐེ་ཚོམ་མེད། ཡིན་ན་ཡང༌། རྒྱལ་གཞེན་སྙིང་སྟོབས་ལྡན་པའི་གཞོན་ནུ་འཚར་ལོངས་ཅན་རྣམས་ནས་སྲིད་དོན་གྱི་ལོ་རྒྱུས་ཤེས་པ་གཅིག་པུས་མི་འགྲིགས། དངོས་ཡོད་ཀྱི་གནས་ཚུལ་དང་བསྟུན་ནས་རང་བཙན་ཐོག་ནམ་ཡང་ཞུམ་པ་མེད་པའི་སྙིང་སྟོབས་དང་བཅས་དངོས་སུ་གོམ་པ་རིམ་པས་སྤོ་དགོས་པ་ཡིན། ང་རང་ལ་བློ་ཕམ་ཆེ་ཤོས་ཤིག་ནི། རང་རེའི་བོད་དོན་མཉམ་འབྲེལ་རྒྱལ་ཚོགས་ནང་སྔ་རྗེས་ཐེངས་གསུམ་ཙམ་སླེབས། གྲོས་ཆོད་ཀྱི་གོམ་པ་རིམ་པས་སྤོས་ཏེ་རྒྱབ་གཉེར་མང་མོས་ཀྱི་རྒྱལ་ཁ་ཆེན་པོ་ཐོབ་བཞིན་པའི་མུ་ནས་ཞུ་སྐུལ་ཅམ་འཇོག་གནང་བ་དེ་ནི་ཧ་ཅང་གི་བློ་ཕམ་པོ་ཞིག་བྱུང༌། འགའ་ཤས་ཀྱིས་གསུངས་ཡག་ལ། རྒྱ་དམར་གུང་ཁྲན་ཏང་གི་འཐུས་མི་རྒྱལ་ཚོགས་ཁོངས་མེད་པས་གྱོད་ཡ་མེད་པ་ལག་ཡའི་ཟློག་པ་ལྟར་སྟོང་བཤད་ལ་དགོས་པ་མེད་ཚུལ་དང༌། ཡང་འགའ་ཤས་ཀྱིས། རྒྱ་གར་གཞུང་གིས་སྣེ་འཁྲིད་ཞུ་བརྒྱུད་མ་གནང་ཕྱིན། ནུས་ཤུགས་མེད་ཚུལ་མཁན་ཡང་བྱུང༌། དེང་དུས་རྒྱ་དམར་རྒྱལ་ཚོགས་ནང་འཛུལ་ཞུགས་ཀྱིས་འཐུས་མི་ཡོད་མུས་ལག་ཡའི་ཟློག་པའི་ཁག་དཀྲི་བྱེད་ཡུལ་མེད་པ་དང༌། རྒྱ་གར་གཞུང་གིས་སྣེ་འཁྲིད་ཞུ་བརྒྱུད་གནང་བ་ཡིན་ན་ཡག་ཤོས་ཡིན་ཡང༌། གལ་སྲིད་མཛད་དཀས་གནས་སྐབས་སྣེ་འཁྲིད་ཞུ་བརྒྱུད་གནང་བདེ་མེད་རུང༌། སྔོན་མའི་སྣེ་འཁྲིད་རྒྱལ་ཁབ་རྣམས་ཀྱི་རོགས་སྐྱོར་འོག་ལོ་ལྟར་རྒྱལ་ཚོགས་ནང་བོད་ཀྱི་དོན་གནད་ཅིག་སླེབས་པ་ཡིན་ན། རང་རེའི་གནས་ཚུལ་མ་ཤི་ཙམ་གསོན་པོར་གནས་ཐུབ་པ་ནི་དགོངས་པ་ཆེན་པོ་ཞིག་རེད་སྙམ་པ་དང༌། རྒྱལ་ཚོགས་དྲུང་ཆེ་མཚན་སྙན་ཅན་ཌག ཧ་མེ་ཧོར་གྱིས། སྲིད་དོན་གྱི་དོན་འབྲས་ཡོད་རུང་མེད་རུང༌། ལོ་ནས་ལོ་བསྟུད་ཞུ་བསྐུལ་བྱེད་རྒྱུ་གལ་ཆེ་ཡིན་ཚུལ་དཔེ་དོན་དང་བཅས་བཀའ་སློབ་གནང་ཡོད།འོན་ཀྱང་སྐབས་བབས་སྲིད་དོན་གྱི་གནས་སྟངས་སམ། དགོས་པ་གཞན་ཞིག་ཡོད་ན་ནི་ཞུ་མི་འཚལ། སྤྱི་ལོ་བརྒཡ་ཕྲག་བཅོ་ལྔ་པ་ནས། བརྒྱ་ཕྲག་བཅུ་དགུ་པའི་རིང་སྟོབས་ཆེན་རྒྱལ་ཁབ་མང་པོས་འཛམ་གླིང་ནང་རྒྱ་བསྐྱེད་དང༌། མི་སེར་སྤེལ་བའི་རིང་ལུགས་ལ་འགྲན་བསྡུར་ཆེན་པོ་ཞིག་བྱས་ཡོད་ཀྱང༌། བརྒྱ་ཕྲག་ཉི་ཤུ་ཐམ་པ་འདིའི་ནང་རྒྱལ་ཁབ་བཅུ་ཕྲག་ཁ་ཤས་རང་དབང་རང་བཙན་ལ་ཐོན་ཟིན་པ་དང༌། ཉེ་བའི་ཆར་ཡང་སྤོར་ཅུ་གྷལ་གྱི་མངའ་འོག་ནས་གྷི་ནི་སྦི་ས་( Guninea Bissae) སོགས་ལུང་པ་འགའ་ཤས་རང་བཙན་ཐོབ་བཞིན་པ་དང༌། ཨང་གྷོ་ལ་(Angola) སོགས་འགའ་ཤས་རིང་མིན་འཐོབ་རྒྱུའི་རེ་བ་ཆེན་པོ་ཡོད་པ་རེད། སྤྱི་ལོ་༡༩༥༩ལོར་ང་ཚོ་བོད་དོན་མཉམ་འབྲེལ་རྒྱལ་ཚོགས་སུ་ཐོག་མར་ཞུ་བསྐུལ་བྱེད་དུས། རྒྱལ་ཁབ་བརྒྱད་བཅུ་ཙམ་ལས་མེད། དེང་དུས་རྒྱལ་ཁབ་བརྒྱ་དང་སུམ་ཅུ་སྐོར་ཡོད་པ་དེ་ཚོ་གློ་བུར་དུ་སྤང་ནས་སེར་ཤ་བརྡོལ་བ་ལྟར་འཛམ་གླིང་ནང་རྒྱལ་ཁབ་གསར་དུ་ཆགས་པ་ཞིག་མ་ཡིན། དེ་ཚོ་ལོ་བརྒྱ་ཕྲག་རྒྱལ་ཁབ་ཆེ་བཙན་ཁག་གི་མི་སེར་སྤེལ་ཡུལ་འོག་བསྡད་དེ་ད་ཆ་ཁྲིམས་མཐུན་བདེན་པའི་ཐོག་ནས་རང་བཙན་བྱུང་བ་ཤ་སྟག་རེད། རྒྱལ་ཁབ་དེ་ཚོའི་མི་རིགས་རྒྱལ་ཞེན་སྙིང་སྟོབས་ཅན་མང་པོས་རང་ཡུལ་གྱི་དོན་ལ་དཀའ་སྤྱད་རྒོལ་འཛིངས་རྒྱུན་ཆད་མེད་པ་བྱས་པ་དང༌། འབྲེལ་ཡོད་རྒྱལ་ཁབ་ཚོས་ཀྱང་རྒྱལ་ཚོགས་ནང་རྟག་ཏུ་ཞུ་བསྐུལ་དང༌། རྒྱབ་སྐྱོར་གནང་བའི་འབྲས་བུ་རེད། ལོ་ལྟར་མཉམ་འབྲེལ་རྒྱལ་ཚོགས་ནང༌། མི་སེར་སྤེལ་ཡུལ་དང༌། འགྲོ་བ་མིའི་ཐོབ་ཐང་སྐོར་ཚོགས་འདུ་ཚུགས་རིམ་བཞིན། ཨུ་རུ་སུ་དང༌། རྒྱ་གར་གཞུང་སོགས་སྟོབས་ཆེན་རྒྱལ་ཁབ་མང་པོས་ཨ་ཧཕེ་རི་ཀའི་ནང་མི་སེར་སྤེལ་གྱི་རྒྱལ་ཁབ་ཚོ་དང༌། མི་དཀར་སྲིད་གཞུང་བཅས་ལ་རྟག་ཏུ་ངོ་རྒོལ་སྐྱོན་འཛུགས་དང༌། མི་རིགས་ཉམས་དམན་རྣམས་ལ་རྒྱབ་སྐྱོར་གནང་དང༌། གནང་བཞིན་ཡང༌། རྒྱ་གར་རང་གི་ཁྱིམ་མཚེས་བོད་རང་བཙན་ཆོས་མཐུན་ཞི་བདེར་གནས་པའི་རྒྱལ་ཁབ་རྒྱ་མི་དམར་པོས་མི་སེར་སྤེལ་ཡུལ་གསར་པ་ཞིག་བཟོས་ཏེ་ཁྱུར་མིད་ཟོས་པ་དེ་ལ་ཚིག་ཟུར་ཙམ་ཡང་མི་གསུང་པ་དེར་ཧ་ཅང་གི་བློ་ཕམ་ཆེན་པོ་ཡོད། བོད་ལྗོངས་རང་དབང་རང་བཙན་སྔ་སོར་ཆུད་པ་ཞིག་མ་བྱུང་བར་རྒྱ་གར་ལ་ཞི་བདེ་ཕུགས་བརྟན་ཞིག་ནམ་ཡང་ཡོང་ཐབས་མེད་པ་དང༌། དེ་ལ་བརྟེན་ནས་སྲིད་དོན་དང༌། དཔལ་འབྱོར་གྱི་ཐོག་དཀའ་ངལ་ཆེན་པོ་ཡོང་དང༌། ཡོང་བཞིན་ཡིན་པ་རྒྱ་གར་གཞུང་གི་དབུ་ཁྲིད་རྣམས་དང༌། རྒྱ་ཆེའི་མི་དམངས་རྣམས་ནས་གསལ་པོ་མཁྱེན་རྟོགས་ཡོད་པ་རེད། དེས་མ་ཚད་ཤར་དཀྱིལ་དང༌། ལྷོ་ཤར་ཤེ་ཤ་ཡའི་རྒྱལ་ཁབ་ཚང་མར་ཡང་ཞི་བདེ་ཡོང་ཐབས་མེད་པ་ཚང་མས་མཁྱེན་གྱི་ཡོད། གནས་ཚུལ་དེ་ཚོ་གཞི་ལ་བཞག་སྟེ་ང་ཚོས་རྒྱ་གར་སྨོས་ཅི། ཁྱིམ་མཚེས་བལ་ཡུལ། འབྲུག་ཡུལ། ཨབ་གྷ་ནེ་སི་ཐན། ཕྱི་སོག ཨུ་རུ་སུ་སོགས་ལ་མཐུན་ལམ་བཟོ་རྒྱུ་དང༌། འབོད་སྐུལ་ཞུ་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན། དེ་བཞིན་ཤྲིརི་ལང་ག འབར་མ། ཐའི་ལན་ཌི། མ་ལེ་ཤེ། སིང་ག་སྤུར། སྦེཏ་ནམ། ལའོ་སེ། ཀཾ་པོ་ཀྲ། ཨིན་དྲུ་ནི་ཤ ཉི་ཧོང༌། ཀོ་རེ་ཡ་སོགས་ནང་པའི་ཆོས་ཡོད་ཀྱི་རྒྱལ་ཁབ་རྣམས་དང༌། ཨིང་ལན་དང༌། ཨ་མི་རི་ཀ་སོགས་སྔ་མོའི་འབྲེལ་ཡོད་ཀྱི་རྒྱལ་རྣམས་ལའང་མཐུན་འབྲེལ་བཟོ་རྒྱུ་དང་འབོད་སྐུལ་ཞུ་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད་བསམ་འདུག རྒྱ་གར་ནི་ང་ཚོའི་ཕ་ཡུལ་གཉིས་པ་ལྟ་བུར་བརྟེན་རྒྱ་གར་གཞུང་ལ་དོན་མེད་ཀྱི་མཛད་དཀའ་དང༌། དཀའ་ངལ་བཟོ་འདོད་ཡེ་ནས་མེད་ཀྱང༌། རང་གི་ཡུལ་ལ་ཕྱི་མིའི་བཙན་འཛུལ་བྱུང་སྟེ། རྒྱ་ཆེའི་བོད་རིགས་རྣམས་ཧན་མི་རིགས་ཀྱི་བྲན་གཡོག་ཏུ་བཀོལ་ཞིང༌། བོད་ཀྱི་མི་རིགས་རྩ་མེད་བཟོ་བཞིན་ཡོད་པར་བརྟེན་ང་ཚོས་རང་དབང་རང་བཙན་སླར་གསོའི་དོན་ལ་འབོད་སྐུལ་རྒྱུན་བསྲིངས་མ་བྱས་རང་བྱས་ཁར། རྒྱ་གར་ནང་ཡོད་པའི་ྋསྐྱབས་མགོན་ཏཱ་ལའི་བླ་མའི་གཞུང་དེ་ཡང་བོད་ལྗོངས་ཆོལ་ཁ་གསུམ་གྱི་སྤྱི་མཐུན་གཞུང་རང་ལ་ངོས་འཛིན་ཡོད་པ་ཞེས་འབོད་བསྐུལ་ཡང་ཞུ་རྒྱུ་ཡིན། དེས་མ་ཚད། རྒྱ་ནག་དམར་པོའི་གཞུང་གི་དབུ་འཁྲིད་ཚོར་ཡང་ཞི་བའི་ཐོག་ནས་གོ་དོན་ལེགས་རྟོགས་ཀྱི་གསལ་བཤད་བྱེད་འདོད་ཡོད། རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་སུ་འཛུལ་ཞུགས་བྱས་པར་བརྟེན་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ལ་ངོས་ལེན་དང༌། ལག་ལེན་བསྟར་དགོས་པ་སྨོས་མ་དགོས། ཡང་འགའ་ཤས་ཀྱི་བསམ་པར། རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཆེན་པོ་དེ་འདྲའི་འོག་ནས། བོད་ཆུང་ཆུང་ཞིག་གིས་རང་བཙན་དགོས་ཟེར་རྒྱུ་རྨི་ལམ་ལྟ་བུར་ངོས་འཛིན་བྱེད་མཁན་ཡོད་ཤག་ཀྱང༌། དེ་འདྲ་མ་ཡིན། རྒྱ་ནག་གི་མངའ་སྡེ་ཞིག་ནས་ཟུར་གྱེས་བྱེད་ཀྱི་ཡིན་ཟེར་གྱི་མེད། མི་རིགས་དང༌། སྐད་ཡིག་ཐ་དད། རང་དབང་རང་བཙན་ཡིན་དང༌། ཡིན་དང་ཡིན་བཞིན་པ་ཞིག་ནས་ཁྲིམས་མཐུན་བདེན་པའི་ལམ་ནས་བརྗོད་ཀྱི་ཡོད་པ་རེད། དཔེར་ན། དབྱིན་ཇིའི་འོག་ནས། མལ་ཀྲ་Mal taདང༌། ཕིའི་ཅིའི་ཨའི་ལན་ཌ་Fiji Islands ལྟ་བུ་མི་འབོར་འབུམ་གཉིས་གསུམ་ཙམ་རེ་ལས་མེད་ཀྱང༌། ཁྲིམས་མཐུན་ཐོག་ནས་རང་དབང་རང་བཙན་བྱུང་བ་རེད། དེ་ནི་དེང་དུས་འཛམ་གླིང་ནང་མི་སེར་སྤེལ་ཡུལ་གནས་མི་ཐུབ་པའི་སྲིད་བྱུས་ལ་བརྟེན་ནས་བྱུང་བ་ཞིག་ལས། དབྱིན་ཇིར་ཤུགས་མེད་པས་རང་དབང་སྤྲོད་དགོས་བྱུང་བ་ཞིག་ནི་མ་ཡིན། དེང་དུས་རྒྱལ་ཁབ་ཆེ་ཆུང་ཚང་མས་རྒྱལ་ཚོགས་ནང་ཨེ་ཚུད། མི་ཚུད་ལྟ་བ་དེ་ལ་ཁྲིམས་དོན་ཤོད་ས་ཞིག་ཡོང་རྒྱུའི་རེ་བ་བྱས་པ་ཞིག་ཡིན། བོད་རྒྱ་དམར་གྱིས་ཁྱུར་མིད་བཏང་བ་དེ་ལ་རྒྱལ་ཚོགས་ནས་ལྟ་རྟོགས་དང༌། འབོད་སྐུལ་ཙམ་མ་བྱས་ན། རྒྱལ་ཚོགས་ཟེར་བའི་མིང་རྫིག་པོ་དེ་ཡང་རྒཡལ་ཁབ་ཆེན་པོ་དེ་ཚོའི་སྲིད་དོན་གྱི་ལག་རྩེད་བྱེད་ས་ལྟ་བུ་ཞིག་མ་ཡིན་ནམ། ང་ཚོས་རྟག་ཏུ་ཁྲིམས་མཐུན་བདེན་པའི་ལམ་ནས་རང་བཙན་ལས་འགུལ་དང༌། འབོད་བསྐུལ་རྒྱུན་བསྲིང་མ་བྱས་ན། ཁྱོད་ཚོ་རང་བཙན་བྱེད་དགོས་ཟེར་མཁན་ཞིག་ནམ་ཡང་ཡོང་མི་སྲིད། འོ་ན་རང་ཅག་རང་བཙན་ལ་འགྲོ་བའི་ལམ་དང༌། ལས་ཀ་ཇི་འདྲ་ཞིག་བྱེད་དགོས་ཟེར་ན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་ཁྲིད་འོག གཞུང་འཛིན་ལས་བྱེད་པ་དང༌། སྤྱི་འཐུས། ཆོལ་གསུམ་བོད་རིགས་སེར་སྐྱ་ཚང་མས་ནང་ཁུལ་མཐུན་བསྒྲིལ་རྡོག་རྩ་ཆིག་བསྒྲིལ་བྱས་ཏེ་སྲི་ཞུའི་ཞབས་འདེགས་ལ་རྒྱབ་མདུན་དང༌། ངོ་སྲུང་དཔལ་ལས་སོགས་མ་བྱས་པར་ལྷག་བསམ་རྣམ་དག་གིས་འབད་རྩོལ་བྱེད་དགོས་པ་མ་ཟད། སྔར་རང་དབང་རང་བཙན་ལ་དཀའ་སྤྱད་རྒོལ་བྱས་པ་དང༌། དེང་སྐབས་བྱེད་དང་བྱེད་བཞིན་པ་རྣམས་ལ་སོ་ནམ་གྲོང་པའི་དཔེ་ལྟར་ཁ་མིག་ཡར་ལྟ་བྱས་ཏེ་སྐབས་སུ་གང་བབས་ཀྱི་རང་བཙན་ཐོག་གོམ་འགྲོས་སྤོ་དགོས། དཔེར་ན། མིའི་ལྟོགས་པ་སེལ་བ་ལ་ཟན་གྱི་མིང་གོ་བས་མི་ཕན། ཟན་ཟ་དགོས་པ་ལྟར་ཁ་ནས་རང་བཙན། རང་བཙན་ཞེས་བཤད་པས་མི་ཕན། དངོས་སུ་ལག་ལེན་ཐོག་བསྟར་དགོས་པ་ཡིན། ྋགོང་ས་མཆེན་པོས་མཛད་སྒོ་དང༌། གསུང་ཆོས་ཁག་ལ་རྒྱུ་མཚན་མང་བོའི་ཐོག་ནས་བཀའ་སློབ་གནང་བའི་ནང༌། ང་རང་ཚོས་འབད་བརྩོན་བྱས་ན་རེ་བ་མེད་པ་མིན་ཁར། དོན་དམ་མཐའ་མའི་རྒྱལ་ཁ་དེ་ང་རང་ཚོར་འཐོབ་རྒྱུར་ཡིད་ཆེས་གཙང་མ་བྱས་ཆོག་པ་ཡིན། དེར་བརྟེན་ཚང་མས་ཞེ་ལྷོད་དུ་མ་སོང་བར་འབད་བརྩོན་བྱེད་དགོས། ང་ཚོས་རང་དབང་གི་ལུང་པར་སྐྱིད་ཉལ་བརྒྱབ་སྟེ་བསྡད་པས་འགྲིགས་ཐབས་རྩ་བ་ནས་མེད། རང་དབང་ཐོབ་རྒྱུ་དེ་རང་གི་མིས་དཀའ་ལས་བརྒྱབ། རང་གི་མིས་འབད་བརྩོན་བྱས་ནས་འཐོབ་དགོས་པ་ཡིན། ཞེས་ཡང་ནས་ཡང་དུ་བཀའ་སྩལ་ཡོད་པ་ལྟར། ངེས་སང་འཛམ་གླིང་གི་དུས་འགྱུར་གང་ཅིའི་ཆ་ནས་རང་དབང་སླར་གསོ་ཐུབ་རྒྱུར་ཐེ་ཚོམ་མེད་པ་དང༌། དེ་ཡང་མྱུར་མགྱོགས་ཐུབ་པའི་རེ་བ་ཇེ་བཟང་དུ་འགྲོ་བཞིན་པ་རེད། ལྷག་པར་རང་རིགས་གཞོན་ནུ་འཚར་ལོངས་ཅན་རྣམས་ལ་དམིགས་བསལ་གྱི་གཞེན་བསྐུལ་ཞུ་རྒྱུར། རང་གི་སྐྱེས་སྟོབས་ཀྱི་བློ་གྲོས་དང༌། སྦྱང་སྟོབས་ཀྱི་ཡོད་ཏན་ཆུ་ཚད་མཐོན་པོར་སླེབས་པ་ཚོས་རིགས་གཅིག་རྐང་འཛིན་ལ་ཕུལ་དུ་བྱུང་བའི་སློབ་སྦྱོང་བྱས་ཏེ་སྲིད་དོན། དཔལ་འབྱོར། ཚན་རིག དྲག་ལས་སོགས་ཀྱིས་མ་འོངས་རང་ཡུལ་འཛུགས་བསྐྲུན་ལ་ཞབས་འདེགས་ཞུ་ཐུབ་པ་དང༌། ཡང་སྦྱང་སྟོབས་ཆུ་ཚད་དེ་ཙམ་མཐོན་པོར་མ་སླེབས་པ་ཚོས་ཀྱང་སྒྱིད་ལུག་སྙོམས་ལས་སུ་མ་བསྡད་པར་བཟོ་ལས་དང༌། སོ་ནམ། འབྲོག་ལས་སོགས་ཀྱི་ལས་ཐབས་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་ལ་མེད་དུ་མི་རུང་བ་ཞིག་ཡིན་པས་དེ་དག་ལ་སྦྱང་བརྩོན་མཐར་ཕྱིན་པ་བྱས་ཏེ། འཕྲལ་སྒང་རང་གི་འཚོ་བ་སྐྱེལ་ཐུབ་ཐབས་དང༌། ཕུགས་རང་ཡུལ་ལ་ཞབས་འདེགས་ཞུ་ཐུབ་པའི་ཀུན་སློང་དང༌། དམ་བཅའ་བརྟན་པོ་ཞིག་ངེས་པར་བྱེད་དགོས། དེ་ནི་རང་ཅག་བོད་རིགས་རྒན་གཞོན་ཚང་མར་འཁྲི་བའི་ལས་འགན་ཡང་ཡིན་ལ། དཀའ་ལས་བརྒྱབ་ཀྱང་བརྒྱབ་གོ་ཆོད་པ་ཞིག་ཡིན། རྗེ་བཙུན་མི་ལའི་རྣམ་ཐར་དུ། ཁོང་ལམ་གྲོགས་དང་བཅས་མང་ཡུལ་གུང་ཐང་ནས་དབུས་གཙང་དུ་མཐུ་སློབ་པར་ཕེབས་དུས། ཨ་མས་ངའི་གྲོགས་པོ་རྣམས་ལ་ཁ་བརྡ་མང་པོ་ཞིག་བྱེད་འདུག ཁྱད་པར་དུ་ང་རང་ཟུར་དུ་བཀར་ནས། མ་གཅིག་དང༌། བུ་གཅིག་འབྲལ་མི་ཕོད་པར་ཨ་མས་ངའི་ལག་པ་ནས་བཟུང་སྟེ་བཅང་བཅང་བྱས་ཤིང༌། གདོང་མཆི་མས་གང་བའི་ངུ་ངག་གིས། བུ། འུ་ཅག་མ་སྨད་ཀྱིས་ལས་བསྐོས་ལ་ལྟོས་ལ། ཡུལ་དུ་མཐུའི་རྟགས་ཐོན་པ་ཞིག་ཅིས་ཀྱང་གྱིས་ཤོག ཁོང་ཚོའི་མཐུ་དང་འུ་ཅག་གི་མཐུ་མི་འདྲའོ།། ཁོ་ཚོ་གཅེས་ཕྲུག་རང་དགའ་རྒྱགས་པའི་མཐུ་ཡིན་པར་འདུག འུ་ཅག་མ་སྨད་སྡུག་ཐུག་པའི་མཐུ་ཡིན་པས་ཁྱོད་སྙིང་རུས་སྐྱེད་ཤོག བརྒྱ་ལ་གལ་ཏེ་བུ་ཁྱོད་ཀྱིས་ཡུལ་དུ་མཐུའི་རྟགས་མ་ཐོན་པར་ལོག་བྱུང་ན། ང་མ་རྒན་མོ་ཁྱོད་རང་གི་མདུན་དུ་ལྕེབས་ནས་ཤི་འདོད་དོ་ཟེར། ཞེས་གསུངས་པ་ལྟར། མི་རིགས་གཞན་གྱི་སློབ་སྦྱོང་དང༌། འུ་ཅག་བོད་རིགས་ཚོའི་སློབ་སྦྱོང་མི་འདྲ། འུ་ཅག་གི་ཡུལ་ལ་ཐོབ་ཐང་གང་ཡང་མེད་པའི་རྒྱ་ནག་ཧན་མི་རིགས་ནས་བཙན་འཛུལ་བྱས་ཏེ་ཡུལ་གྱི་བདག་པོ་བོད་མི་སེར་སྐྱ་ཕོ་མོ་རྒན་བྱིས་དང་བཅས་པ་གར་དགོས་ངལ་རྩོལ་ལ་ཕྱུགས་ཟོག་བཞིན་བསྐུལ་འདེད་ཀྱིས་ལྟོ་ཁྱིའི་ལྟོ་ལ། ལས་བོང་བུའི་ལས་བྱས་ཏེ་ཉིན་མཚན་མི་འཁྱོལ་བར་སྡོད་དགོས་པའི་གནས་ཚུལ་ཐབས་རྡུགས་དེ་ཚོར་བསམ་བློ་ཞིབ་ཏུ་བཏང་སྟེ་སྙིང་ལ་རུས་པ་བསྐྱེད་དེ་སློབ་སྦྱོང་དང༌། ལས་འགུལ་བྱས་ནས་ཞི་དྲག་གང་སར་བཏང་འགྲོ་བཞག་སྡོད་འཕེར་བ་ཞིག་ངེས་པར་དགོས་པ་ཡིན། ཡང་སློབ་གྲ་ཆེ་ཆུང་ཐོན་རིགས་རྣམས་ལ་རང་གཞུང་ནས་སྐབས་བབས་ཀྱི་ལས་ཀའམ། མ་འོངས་པའི་མདུན་ལམ་གནང་ཐུབ་ཚེ་གང་ལེགས་ཀྱང༌། གལ་ཏེ་གཞུང་གི་དཔལ་འབྱོར་ལ་བརྟེན་ནས་ལས་ཀ་གནང་ཡུལ་མ་བྱུང་ཚེ་དེ་ལ་རེ་ཁེངས་དང༌། བློ་ལོག་སོགས་རྩ་བ་ནས་བྱེད་མི་ཉན། སྤྱིར་ཡོན་ཏན་དེ་ཙམ་ཤེས་པ་རང་གིས་དཀའ་ལས་བརྒྱབ་པའི་འབྲས་བུ་ཡིན་རུང༌། ཕྱོགས་གཅིག་ནས། རང་གཞུང་གི་ཐབས་ཤེས་ལ་བརྟེན་ནས་སློབ་གྲ་དང༌། མཐོ་རིམ་སློབ་གྲ་སོགས་ལ་འགྲོ་རྒྱུ་བྱུང་བ་དང༌། ཡོན་ཏན་དེ་ཙམ་ཤེས་པར་དགའ་སྒོམ་དང༌། དག་སྣང་སྦྱང་སྟེ་ལས་ཀའི་སྐབས་མ་བྱུང་བར་སྒེར་ལས་ལ་གཞུག་ནས་འཕྲལ་སྒང་རང་གི་འཚོ་བ་སྐྱེལ་ཐབས་དང༌། རང་གི་འཇོན་ཚོད་དཔག་ཚོད་རང་བཙན་སླར་གསོའི་དོན་ལ་བསམ་བློ་བཏང་ཐོག ལྷག་པར་ཚན་རིག་སོགས་དེང་དུས་ཀྱི་ཤེས་བྱ་རིག་པའི་གནས་མཐའ་དག་བོད་རང་གི་སྐད་ཡིག་ཐོག་སློབ་སྤེལ་ཐུབ་པའི་དེབ་བཟོ་སོགས་རླབས་ཆེའི་བྱ་བར་འབད་བརྩོན་དང་འབྲེལ་རང་ཉིད་རྒྱ་གར་རམ། ཕྱི་རྒྱལ་གང་དུ་བསྡད་ཡོད་ཀྱང་ཡུལ་ཁྲིམས་ལ་བརྩི་བཀུར་དང༌། ཡུལ་མིར་སྤུན་ཟླ་ལྟ་བུའི་འགྲོགས་འདྲིས་བྱས་ཏེ་གནས་དགོས་པའི་བསྐུལ་མ་ཡང་ཞུ་རྒྱུ་ཡིན། ད་དུང་རང་རིགསེ་ར་སྐྱ་ཡོངས་ལ་འབོད་བསྐུལ་ཞུ་རྒྱུར། ངས་རང་རེའི་ཐུན་མོང་མ་ཡིན་པའི་ཆོས་དང༌། རིག་གཞུང༌། ལུགས་སྲོལ། གོམས་གཤིས་བཟང་པོ་རྣམས་མ་ཉམས་པར་སྲུང་འཛིན་གཅེས་ཉར་བྱེད་དགོས་པའི་བསྐུལ་མ་ཡང་ཡང་བྱས་ཡོད། དེ་ནི་དེང་དུས་འཛམ་གླིང་ནང་སྲིད་དོན་དང༌། དཔལ་འབྱོར། སྟོབས་ཤུགས། ཚན་རིག་བཅས་ཀྱི་ཆ་ནས་ང་ཚོ་རྗེས་ལུས་སུ་ཡོད་པ་ཡིན་ན་ཡང༌། ང་ཚོར་བོད་རྗེ་ཆོས་རྒྱལ་རིམ་བྱོན་དང༌། ལོ་པཎ་སྐུ་དྲིན་དེ་རྣམས་ཀྱི་ཐུགས་རྗེས་ཡང་དག་པ་སངས་རྒྱས་ཀྱི་ཆོས་ལ་བརྟེན་ནས་སེམས་དོན་རིགས་པ་དང༌། ང་ཚོའི་གོམས་གཤིས་ཀྱི་སྤྱོད་བཟང་སེམས་རྒྱུད་དྲང་ལ། དཀའ་ངལ་ལ་གདོང་ལེན་ཐུབ་པ། རྒྱད་གྱོང་ཞིང༌། རྫུན་དང༌། རྐུ་ཁྲམ་མི་བྱེད་པ་སོགས་ཡར་ཐོན་ཅན་གྱི་ཡུལ་ལུང་ཚང་མའི་ནང་ལ་ངོམ་རིན་ཆོག་པ་མང་པོ་ཡོད་པས་མ་ཚད། མདོ་རྒྱུད་དགོངས་དོན་ཚ་ཚད་ལྡན་པའི་འཇིམ་སྐུ་དང༌། ཁྲོ་ཟངས་བཞུ་ལུག ལག་བརྡུང་སོགས་ཀྱི་སྐུ་བརྙན་མཆོད་རྟེན་སོགས་བཞེངས་པའི་ལག་རྒྱུན་དང༌། ཆ་ཚད་བྲིས་ཚུགས་ལྡན་པའི་བྲིས་ཐང་བཞེངས་པ། གསེར་དངུལ། ལྕགས་ཟངས་ཀྱི་དངོས་རིགས་བཟོ་བ། ལྕགས་དཀྲོལ་རྒྱག་པ། དེ་དག་ལ་འཕུལ་ཚག་དང༌། ལྟིར་ཚག་རྒྱག་པ། དཔེ་ཆའི་ཤིང་དཔར་བརྐོ་བ། སྣམ་རིགས་དང༌། རུམ་སོགས་བཀལ་འཐག ཚོས་ཀྱི་ལས་ཐབས། སྨན་སྦྱོར། སྤོས་སྦྱོར། ཆོ་གའི་ཕྱག་བརྒྱ་དང༌། གདངས་དབྱངས་སྨོས་ཅི། མདོར་ན་ཟློས་གར། ལྷ་མོ་བའི་གླུ་གར་གཞས་ཚུན་རང་རེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་རིགས་ཚང་མ་སློབ་སྤེལ་དང༌། གཅེས་ཉར་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ། དེང་དུས་འཛམ་གླིང་རྒྱལ་ཁབ་ཚང་མར་སྤྱིར་བཏང་གསར་བརྗེའི་ཐོག་ལ་འགྲོ་བཞིན་ཡིན་ཡང༌། རྒྱ་ནག་དམར་པོའི་ལུང་པ་ཙམ་མགཏོགས། ཡར་ཐོན་བཟང་སྤྱོད་ལྡན་པའི་རྒྱལ་ཁབ་ཚང་མས་རང་གི་ཤེས་རིག་དང༌། ལུགས་སྲོལ་རྙིང་པ་རྣམས་ལ་གཅེས་ཉར་དང༌། ཁྱབ་སྤེལ་བྱེད་དང་བྱེད་བཞིན་པ་རེད། ཡང་ངས་ལུགས་སྲོལ་རྙིང་པ་ཁོ་ནར་མཁྲེགས་བཟུང་དམ་འཛིན་བྱེད་དགོས་བརྗོད་ཀྱི་མེད། རང་རེའི་ཆོས་དང༌། རིག་གཞུང༌། གོམས་གཤིས། ལུགས་སྲོལ་སོགས་ཀྱི་ནང་ལེགས་ཆ་རྣམས་ལ་སློབ་སྤེལ་གཅེས་ཉར་དང༌། ཉེས་ཆ་ཡོད་རིགས་ཚང་མ་དོར་དགོས་པས་མ་ཚད། ད་དུང་འཛམ་གླིང་ཡར་ཐོན་ཅན་གྱི་རྒྱལ་ཁབ་ནས་དེང་དུས་གསར་བརྗེའི་ལུགས་སྲོལ་དང་མཐུན་པའི་སྲིད་དོན་དང༌། ཚན་རིག་སོགས་ལེགས་ཆ་ཡོད་རིགས་རྣམས་ངེས་པར་ལེན་དགོས་པའི་རེ་འདུན་ཡང་ཞུ་གི་ཡོད། རྒྱ་གར་གྱི་སྲིད་བློན་པཎ་ཌི་ཏ་ནེ་ཧ་རུས།། དབྱིན་ཇིའི་མིས་ཁོ་རང་དང༌། ཁོ་རང་གི་ཡུལ་ཤིན་ཏུ་ལེགས་ཤོས་ཡིན་བསམ་པ་དང༌། ཧཕ་རན་སིའི་མིས་རང་ཡུལ་དང༌། རང་གི་མི་གང་ཡིན་པ་དེ་ལེགས་ཤོས་ཀྱི་སྤོབས་པ་བསྐྱེད་པ། དེ་བཞིན་འཇར་མན་དང༌། ཨི་ཊ་ལིའི་མི་རིགས་ཚོས་ཀྱང་རང་ཡུལ་ལ་ཚད་མེད་པའི་ཡག་ཤོས་ཡིན་པར་སེམས། རྒྱ་གར་བས་རྒྱ་གར་ནི་འཛམ་གླིང་ནང་དུ་མའི་སྒོ་ནས་ཆེ་ཤོས་དང༌། ཡག་ཤོས་ཡིན་པ་སེམས་པར་བྱེད། དེ་ནི་འགྲོ་བ་མིའི་ཆོས་ཉིད་ཡིན་ཏེ། མི་རེ་རེས་སོ་སོ་ནས། རང་གི་ལུང་བའི་ལེགས་པར་སེམས་འདོད་བྱེད་པ་ཡིན། འོན་ཀྱང་དངོས་དོན་ལ་མི་རིགས་གང་ཞིག་ལ་ལེགས་པ་དང༌། ཉེས་པ་ཕྲན་བུ་རེ་མེད་པ་མེད། ཚུལ་དེ་ལ་བལྟས་ནས་ལེགས་པ་གང་རྙེད་པ་དེ་ལེན་དགོས་པ་དང༌། ཉེས་པ་གང་ཡིན་པ་དེ་སྤོང་བ་ལ་བརྩོན་པ་བསྐྱེད་དགོས། ངེས་པར་རང་གི་ཡུལ་གྱི་སྐོར་ལ་ཧ་ཅང་མཐོངས་ཆེན་པོར་བརྩི་བ་དང༌། འཁུར་འཁྱེར་བ་ནི་དམ་པ་ཡིན། ཞེས་གསུངས་ཡོད་པ་རེད། དེ་ཙམ་མ་ཟད། སྤྱི་ྋགོང་ས་ྋསྐྱབས་མགོན་ཆེན་པོས། གསུམ་བཅུའི་དུས་དྲན་ཐེངས་བདུན་པའི་མཛད་སྒོའི་ཐོག་བཀའ་སློབ་བསྩལ་དོན། གཞུང་ཞེས་ཆགས་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། ང་རང་ཚོའི་མི་རིགས་ཀྱི་སྤྱི་ཚོགས་ཤིག་ཆགས་ཡོང་བ་དང་དུས་མཚུངས་མི་སྒེར་སོ་སོས་འབད་བརྩོན་གྱིས་སྒྲུབ་ཐུབ་པའི་གནས་ཚུལ་ཞིག་དང༌། མི་སྒེར་སོ་སོས་སྒྲུབ་མ་ཐུབ་པའི་གནས་ཚུལ་ཞིག་བཅས་གཉིས་ཡོང་གི་ཡོད་ཅིང༌། གཙོ་བོ་མི་ཕན་ཚུན་ནུས་པ་སྤྲེལ་ཏེ་སྒྲུབ་དགོས་པའི་གནས་ཚུལ་དེ་གཞི་ལ་བཞག་ནས་གཞུང་ཞེས་པ་འདི་ཆགས་པ་ཡིན་འདུག དེས་ན་སྤྱི་སྒེར་ཚང་མའི་བདེ་སྡུག་གནས་སའི་སྤྱིའི་སྒྲིག་འཛུགས་ནུས་པ་ཆེ་ཤོས་དེ་གཞུང་ཡིན་དགོས་པ་དང༌། མི་མང་ནས་གཞུང་གི་ངོ་བོ་གསལ་པོ་ཤེས་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་ཡིན། སྐབས་འདིར་རང་རེ་བོད་གཞུང་གི་ངོ་བོ་ཇི་འདྲ་ཞིག་ཡིན་པའི་སྐོར་གསལ་བཤད་ཅུང་ཟད་བྱས་ན། ང་རང་ཚོའི་གཞུང་འདི་ཆོས་སྲིད་གཉིས་ལྡན་གྱི་གཞུང་ཞིག་ཀྱང་ཡིན་ལ། མི་མང་དམངས་གཙོའི་གཞུང་ཞིག་ཀྱང་ཡིན། ཚིག་གཞན་ནས་བཤད་ན། རང་རེའི་གཞུང་འདི་རྒྱལ་པོའི་གཞཡང་ཡང་མིན་ཅིང༌། སྒེར་པ་མི་རྒྱུད་ནས་འཛིན་པའི་གཞུང་ཡང་མ་ཡིན། བླ་མ་ཁྲི་རབས་ནས་འཛིན་པའི་གཞུང་ཡང་མ་ཡིན། འདི་ནི་རང་དབང་དམངས་གཙོའི་མི་མང་སྤྱི་གཞུང་ཞིག་ཡིན། རང་རེའི་གཞུང་གི་ངོ་བོ་འདི་ལྟ་བུ་ཞིག་ཡིན་པ་དེ་ཁྱེད་ཚོ་མི་མང་སེར་སྐྱ་ཕོ་མོ་ཚང་མས་ཤེས་དགོས།ཞེས་དང༌། ཡང་ྋགོང་ས་མཆོག་ནས་མུ་མཐུད་བསྐྱར་བཤད་མཛད་དོན། བོད་ཀྱི་སྤྱི་འབངས་སུ་གཏོགས་པའི་མི་མང་སུ་འདྲ་ཞིག་ཡིན་རུང༌། རང་གི་གཞུང་དེ་ལ་རང་གིས་དགའ་ཞེན་བྱེད་པ་དང༌། རང་གི་གཞུང་ལ་རང་གིས་ཤ་ཚ་དང་བཅས་ཏེ་བརྩི་བཀུར་ཆ་འཇོག་བྱས་པས་མི་ཚད། རང་གི་གཞུང་ལ་རང་གིས་སྙིང་ནས་ཡིད་ཆེས་བློས་འགེལ་དང་འབྲེལ་བའི་རྒྱབ་སྐྱོར་གཙང་མ་བྱེད་རྒྱུར་ཐེ་ཚོམ་གང་ཡང་ཡོད་པ་མ་རེད། བོད་དམངས་གཙོའི་གཞུང་གི་བསམ་རྒྱུ་ལ་བོད་མི་མང་དང༌། སྒྲུབ་རྒྱུ་ལ་བོད་ཀྱི་སྤྱི་དོན་ཁོ་ན་མ་གཏོགས་མེད་གཤིས། གཞིས་བྱེས་བོད་མི་ས་ཡ་དྲུག་ལྷག་ཙམ་ཡོངས་རྫོགས་ནས་རྒྱ་གར་པན་རྗབ་དྷ་རམ་ས་ལ་འདིར་རང་གི་གཞུང་འདི་ལ་རྒྱ་ཆེའི་མི་མང་ཚང་མས་མཐའ་གཅིག་ཏུ་བརྩི་བཀུར་དང༌། རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། ཅེས་བཀའ་གནང་ཡོད་པ་ལྟར། སྒྲིག་འཛུགས་ལྡན་པའི་རང་གི་གཞུང་དེ་དང༌། མི་མང་གཉིས་ཕན་ཚུན་གཅིག་ཕན་གཅིག་གྲོགས་བྱེད་དགོས་པ་ལས། དེ་གཉིས་ཡ་བྲལ་དུ་སོང་ན་བོད་སྤྱིའི་ལས་དོན་འགྲུབ་ཐབས་རྩ་བ་ནས་ཡོད་པ་མ་རེད། དེ་ལ་བརྟེན་ནས་འགའ་ཤས་ཀྱིས་བསམ་འཆར་དང༌། གཞེན་སྐུལ་ཞུས་ན་འོས་མིན་བརྟག་དཔྱད་མཛད་པ་ལས། ལམ་སང་སྣ་གཉེར་མཆུ་མིག་གིས་བདག་མེད་མཐོང་ཆུང་སོགས་བྱས་པ་ཡིན་ན་རྗེས་སུ་ཞུ་མཁན་ཡང་མི་ཡོང་ལ། དམངས་གཙོའི་རང་ཡང་མེད་པ་ཆགས་ཀྱི་རེད། ཞུ་དོན་ཚང་མར་འཕྲལ་ཕུགས་བརྟག་དཔྱད་གནང་རྒྱུ་ཤིན་ཏུ་གལ་ཆེ་སྙམ། ྋརྒྱལ་མཆོག་ལྔ་པ་ཆེན་པོས། སྔོན་ནས་ཆ་རྒྱུས་ཞིབ་ཏུ་མ་འཚལ་བར།། ཡུན་དུས་མ་བརྟག་ལེགས་ཉེས་ཕྱོགས་ཙམ་གྱིས།། ཁ་ཚོན་བཅད་དེ་གྲོགས་དང་དགྲར་ལྟ་བ།། རང་ཉིད་འགྱོད་པའི་མཚོརུ་ལྷུངས་པའི་རྒྱུ།། ཞེས་གསུངས་པས་དགོངས་བཞེད་རྒྱ་ཆེ་མཛད་དགོས་པ་དང༌། རྒྱ་གར་གྱི་མེས་པོ་དམ་པ། མཧཱ་ཏ་མ་གྷན་དྷིས། དེ་ཡང་མི་མང་ཚང་མ་བུ་སྤུན་ལྟ་བུའི་འདུ་ཤེས་བསྐྱེད་དགོས་པ་ཞིག་རེད། སྒྲིག་ལམ་ཀུན་སྤྱོད་བཟང་པོ་མེད་པའི་མི་མང་དབང་སྲོལ་ནི་དོན་མེད་ཅིག་རེད། རང་གི་རྣམ་པ་མཆོག་ཏུ་གྱུར་པ་ནི་སྒྲིག་ལམ་ཀུན་སྤྱོད་བཟང་པོ་དང༌། ཁེངས་དྲེགས་མེད་པའི་རང་བཞིན་ཞིག་དགོས་པ་དང༌། ཀུན་སྤྱོད་བཟང་པོ་དང༌། ཁེངས་དྲེགས་མེད་ཅིང༌། སྒེར་དོན་གསོག་བསྲུང་མེད་པའི་ཐོག་ནས་བྱུང་བའི་རང་དབང་དེ་ལ་སུས་ཀྱང་དགག་བྱ་དང༌། སྐྱོན་བརྗོད་བྱེད་ཐུབ་ཐབས་མེད། ཀུན་སྤྱོད་གཙང་མ་དང༌། ཤེས་རྨོངས་སངས་པ་དེ་ནི་མི་མང་དབང་སྲོལ་གྱི་ལམ་མཆོག་ཏུ་གྱུར་པ་ཞིག་ཡིན། ཕྱོགས་རིས་ཀྱི་ཆགས་སྡང་དང༌། རྣམ་རྟོག་གི་གང་བ་དེ་ནི་མུན་པའི་ལམ་དུ་འཁྲིད་པ་མ་ཟད། རང་ཉིད་གཏོར་སྐྱོན་དུ་གཏོང་བའི་གཞི་གཅིག་རེད། ཅེས་དང༌། ཡང་མེས་པོ་གྷན་དྷིས། མི་མང་དབང་སྲོལ་འཛིན་མཁན་དངོས་ནི། སྒྲིག་ཁྲིམས་ལ་བརྩི་བཀུར་ཆེ་བ་བྱེད་མཁན་དང༌། མི་མང་གི་བསམ་ཚུལ་ལ་ཉམས་ཞིབ་བྱེད་རྒྱུ་དེ་ཡིན་པ་དང༌། སྒྲིག་བརྩི་བཀུར་ལ་བརྟེན་ནས་ལྷ་ཆོས་དང༌། མི་ཆོས་ཀྱི་ལམ་བཟང་པོར་མདུན་བསྐྱོད་བྱེད་པ་དང༌། མི་མང་དབང་སྲོལ་འཛིན་ཥཁན་ནི་རང་དོན་བློས་གཏོང་ཐུབ་པ་མ་ཟད། རང་སྲོག་ཀྱང་བློས་གཏོང་ཐུབ་པ་ཞིག་ངེས་པར་དགོས་ཞེས་གསུངས་འདུག བཀའ་སློབ་དེ་ཚོ་དེང་དུས་ང་རང་ཚོར་དམིགས་བསལ་གྱིས་གསུངས་པ་རེད་བསམ་པའི་ཉམས་སྣང་བྱས་ཏེ་སྤྱིར་ཡུལ་གྱི་སྒྲིག་ཁྲིམས་དང༌། ལྷག་པར་ྋགོང་ས་ཆེན་པོའི་བཀའ་བརྩི་བཀུར་དང༌། ཉམས་ལེན་མཐར་ཐུག་པ་བྱེད་དགོས། མཐུན་སྒྲིལ་གོང་བུ་གཅིག་གྱུར་ནི་རང་བཙན་གྱི་ཆ་རྐྱེན་འདི་ལས་ལྷག་པ་མེད་པས། ད་ལྟ་རང་ཅག་སྲིད་དོན་གྱི་ཆུ་ཚད་ལ་ཡང་མ་སླེབས། རང་གི་ལུང་བ་ཡང་མེད། དཔལ་འབྱོར་མཐུན་རྐྱེན་ཉག་ཕྲའི་བར་སྐབས་དེར་གཞུང་དང༌། མི་མང་དབར། མི་མང་ནང་ཚགས་དབར་སྲིད་དོན་གྱི་དཀྲུག་ཤིང་དང༌། དཔལ་འབྱོར་གྱི་སླུ་ཐབས་སོགས་ཡོང༌། དེ་ཡང༌། རང་རང་ཆོས་ལུགས་གྲུབ་མཐའི་ཀུན་སློང༌། ཆོལ་ཁ་དང༌། ནང་གསེས་ལུང་ཚན་མི་རིགས་ཀྱི་འཐེན་འཀྱེར། གཞུང་ཞབས་རྙིང་པ་ཚོས་མ་བྱས་མ་འཐུས་པའི་གཞི་མེད་ཀྱི་དཀྲོག་གཏམ། སྐྱིད་སྡུག་ཚོགས་ཁག་གི་རྨོངས་ཞེན་བཅས་འདྲ་མིན་སྣ་མང་ལ་བརྫུས་ཏེ་རང་རིགས་ནང་ཁུལ་ཡས་མས་ཚང་མའི་ནང་མཐུན་སྒྲིལ་གཏོར་བཤིག་གཏོང་ཥཀན་ཕྱི་ནང་གང་ས་ནས་ཡོང་དང༌། ཡོང་ངེས་པས། རི་དྭགས་རྨས་མ་ལྟ་བུའི་བག་ཟོན་དང་བཅས་གནས་དགོས་པ་དང༌། ལྷག་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་དང་མ་འབྲེལ་ཞིང༌། གཞུང་གི་སྒྲིག་འཛུགས་འོག་ནས་མ་ཡིན་པའི་ནག་ཁུང་དང༌། ཀྱོག་ཀྱོག་ལུང་མ་བསྟན་ཞིག་ནས་ཐུབ་སར་འཇིགས་སྐུལ་བརྙས་བཅོས་དང༌། ལོག་བཤད་ཅ་ཅོའི་འུར་གཏམ་སོགས་བྱུང་དང༌། འབྱུང་ངེས་ཉེན་ཡོད་པས་དེ་འདྲ་སྲིད་ཚེ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས། མི་ཁོ་བོའི་རྗེས་འཇུག་གྲོགས་པོ་རྣམས།། ཡིད་ཕྱོགས་སུ་ལྷུང་བར་མ་བྱས་པར།། བློ་གཟུ་བོར་གནས་པའི་རྟོགས་དཔྱོད་ཀྱིས།། ལམ་དྲང་པོར་བཞུགས་པ་ཅིས་ཀྱང་ལེགས།། ཞེས་གསུངས་པ་ལྟར་རི་བོང་ཅལ་འདྲོག་དང༌། གྱ་ཚོམ་གཏམ་འཆལ་གྱི་རྗེས་སུ་གཡམ་རྒྱུགས་མ་བྱས་པར་རྒྱུ་མཚན་ལ་བརྟག་ཞིབ་ནན་ཏན་བྱས་ཏེ་རང་ཉིད་འགྲོ་བའི་ལམ་ཕྱོགས་མ་ནོར་བ་ཚུལ་མཐུན་སྡོད་ཚུགས་བརྟན་པོར་གནས་དགོས་པ་གལ་གནད་ཤིན་ཏུ་ཆེ་བ་ལགས་སོ།།
༡ བོད་དོན་རྒྱལ་ཚོགས་གྲོས་ཁོངས་སུ་སླེབས་པ་ཙམ་གྱིས་གལ་གནད་ཆེན་པོ་ཞིག་རེད། ལམ་སང་སྲིད་དོན་ཐོག་ལ་བཀའ་བསྡུར་གནང་རྒྱུ་མ་བྱུང་ཡང༌། འགྲོ་བ་མིའི་ཐོབ་ཐང་ནས་རིམ་པས་རྒྱུན་བསྲིངས་ཏེ་ག་ལེར་ག་ལེར་སྲིད་དོན་ཐོག་ལ་གོམ་པ་སྤོ་དགོས། དཔེར་ན། ཆུ་ཆེན་པོ་དྲག་ཏུ་བབས་པ་ཞིག་ལ་ཟམ་པ་འཛུགས་སྐབས་ཟམ་དཔུང་གནས་སའི་རྩིག་རྨང་གི་རྡོ་དབྱུག་པ་དེ་ཆུས་འཁྱེར་ན་ད་ཟམ་པ་འཛུགས་ཐུབ་པ་མི་འདུག་ཅེས་བསྐྱུར་བཞག་པས་ཟམ་པ་འཛུགས་ཐུབ་ཐབས་མེད། སྙིང་རུས་བྱས་ཏེ་ད་དུང་རྡོ་ག་འདྲས་སེ་དབྱུགས་ན་དྲག རྩིག་རྨང་ཞིག་གནས་ཐབས་ལ་བརྟགས་དཔྱད་དང༌། འབད་བརྩོན་མུ་མཐུད་བྱས་པ་ཡིན་ན་ནམ་ཞིག་ཟམ་པ་གཏན་གཏན་འཛུགས་ཐུབ་ཀྱི་རེད། ཨལ་ཅ་རི་ཡ་ཡང་ལོ་བཞི་བཅུ་ཐམ་པའི་རིང་རྒྱལ་ཚོགས་སུ་ཞུ་བསྐུལ་དང༌། དཀའ་ལས་བརྒྱབ་སྟེ་ད་ཆ་ཁོང་ཚོ་ཧཕ་རན་སིའི་འོག་ནས་རང་བཙན་བྱུང་བ་རེད།
༢ རྒྱ་གར་སྲིད་བློན་ནེཧརུས་མཛད་པའི་དེབ་ཕས་རང་གི་བུ་མོར་སྦྲེང་བའི་འཕྲིན་ཚོགས།
༣ གསུང་བཤད་ཡིག་ཆ་ཕྱོགས་བསྡུས།
༣ ཡིག་ཆ་ཕྱོགས་བསྡུས།
བོད་ཀྱི་གནས་སྟངས་དཀའ་ངལ་ཆེན་པོའི་ནང་དུ་ཡོད་སྐབས་འདིར་ང་ཚོར་དབུ་འཁྲིད་རང་དབང་དང་རང་སྐྱོངས་སྐོར་དེབ་བྲིས་པ་དང་་ཞལ་ནས་གསུངས་པ་ཙམ་མ་ཡིན་པར་ལག་ལེན་གྱི་ཐོག་ནས་ལྷག་བསམ་དངོས་སུ་གསལ་ཐུབ་པ་ཞིག་དགོས་ཀྱི་འདུག དཔེར་ན་གཤམ་གྱི་དྲ་རྒྱའི་ཁ་སྦྱང་འོག་བལ་ཡུལ་གྱི་སྲིད་བློན་གསར་པ་དང་བལ་ཡུལ་སྤྱི་ཚོགས་དམར་ཤོག་ཚོགས་པའི་གཙོ་འཛིན་པར་ཅན་དར་ནས་གསར་འགོད་པར་དྲི་ལན་གནང་སྟངས་དེ་ལ་བལྟ་དུས་ཁོང་གིས་སྒེར་རྒྱུ་སྤངས་ཏེ་མི་དམངས་ཀྱི་དབུ་འཁྲིད་གནང་སྟངས་དང་མ་འོངས་པའི་འཆར་གཞི་དང་ཐབ་ལམ་བཅས་ཀྱི་སྐོར་དགོངས་པ་བཞེས་ཚུལ་དེ་ཧ་ལས་པ་ཞིག་འདུག་པ་མ་ཟད། ཁོང་ནི་ལག་ལེན་གྱི་ཐོག་ནས་ཀྱང་དངོས་སུ་སྟོན་ཐུབ་མཁན་ཞིག་རེད།
http://news.bbc.co.uk/2/hi/south_asia/7596523.stm