དཔལ་དགྱེས་པ་རྡོ་རྗེ།
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ།
ཨ་ཏིའི་ཟབ་དོན་མྱོང་བའི་རྫོགས་ཆེན་གྱི་རྣལ་འབྱོར།།
ཨ་མ་འགྲོ་ཀུན་བྱམས་པའི་བྱང་ཆུབ་ཀྱི་སེམས་དཔའ།།
ཨ་ཅེ་རྒྱ་མོ་དབེན་པའི་རྒྱ་ལུགས་ཀྱི་ཉན་ཐོས།།
ཨ་བུ་རིན་པོ་ཆེ་ཉིད་དལ་ཅིག་ལ་གསོན་མཛོད།།
ཨི་ལྡན་དབྱངས་གསལ་རྒྱན་པའི་ལེགས་སྐྱེས་ཀྱི་བགྲོ་གླེང་།།
ཨུ་ཚུགས་རང་འདོད་མེད་པར་ཆོས་མཆེད་ལ་འབུལ་བ།།
ཨེ་མ་སྙིང་བརྩེའི་དམ་ཚིག་ངོ་ལྐོག་དང་བྲལ་ཕྱིར།།
ཨོ་རྒྱན་རིག་འཛིན་བརྒྱུད་པའི་ཆེ་ཆོས་སུ་ལེགས་སོ།།
ཀ་ཏ་ཡ་ནས་མཁྱེན་པའི་མངོན་ཤེས་ལ་བསམ་ཚེ།།
ཁ་བའི་ལ་རྒྱར་ཆོས་པ་ཡང་དག་ལ་མི་མཛའ།།
ག་ཆད་གངས་རིའི་ལྗོངས་ཀྱི་ལས་དབང་ལ་དཔྱོད་ཚེ།།
ང་ཚོས་བདེན་པའི་ལམ་ཀར་གདམས་པ་དེ་མ་བརྗེད།།
ཅ་ཅོའི་སྨྲ་བ་དགའ་བའི་ཐོབ་ཆེན་ཞིག་མིན་རུང་།།
ཆ་ལུགས་ཆོས་མཐུན་སྤྱོད་པའི་གྲོགས་མཆེད་ཀྱི་ངོ་སྐལ།།
ཇ་བཟང་ཚེགས་ལ་དྲང་བཞིན་ངེས་དོན་གྱི་སྙིང་པོ།།
ཉ་གང་ཟླ་བའི་འཛུམ་མདངས་ཁྱེད་ཉིད་ལ་ཕྱོགས་ཡོད།།
ཏཱ་ར་བྱ་རྒྱུད་འགྲེལ་བ་གསང་གསུམ་གཟིགས་དང་།།
ཐ་དག་དཀར་ཟས་ཚོགས་པས་འུར་སྒྲོག་དང་མི་འདྲ།།
ད་ལྟའི་དུས་རབས་གསར་བའི་འཕོ་འགྱུར་ལ་བརྟག་ཚེ།།
ན་ཚོད་ཁྱད་མེད་མགོ་བོ་རྨོངས་ཕྱོགས་ལ་འཁོར་འདུག།
པ་ར་མི་ཏའི་སྡེ་སྣོད་སྒྲུང་གཏམ་ལ་བསྒྱུར་ནས།།
ཕ་མ་གཉིས་མེད་རྒྱུད་སྡེ་བསྡུས་གྲྭ་བཞིན་བརྩོད་དེ།
བ་གླང་དུད་འགྲོར་སེམས་པ་ཉི་སྐར་ལ་དཀོན་པས།།
མ་རྣམས་མགོ་སྐོར་བཏང་བ་ཉུང་ཉུང་ཞིག་མ་རེད།།
ཙཱ་རི་ཏྲ་ནས་སྒོམ་པའི་ཉམས་རྟོགས་ཉིད་བཞད་ཅིང་།།
ཚ་གྲང་མྱོང་བའི་ཡུལ་མིའི་བདེ་སྡུག་རོལ་ནས།།
ཛ་ཡའི་བསྟན་པའི་སྙིང་པོ་ཁྱེད་ཉིད་ལ་དབང་བ།།
ཝ་ལེར་ཡིག་ཚོགས་སྤེལ་བར་ཡི་རང་དང་སྨོན་ལམ།།
ཞྭ་གོས་དགོན་པ་རྩོད་ནས་སོ་སོར་རུ་གྱེས་ཀྱང་།།
ཟྭ་ཚོད་དཀར་ཟས་སྤྱོད་ལ་རྒྱལ་སྲས་སུ་འགྲེལ་ཀྱང་།།
འ་ཅག་མཐའ་གཉིས་བསལ་བའི་ངེས་ཤེས་ཞིག་མེད་ན།།
ཡ་རབས་བོད་རིགས་འབོད་པ་ངོ་ཚ་དང་ཁྲེལ་མེད།།
ར་རྫི་སྐར་རྒྱལ་ལྟ་བུའི་དབང་ཆ་རེ་ཐོབ་དུས།།
ལ་ཕུད་སྐམ་ཟ་བྱེད་པ་དམ་ཆོས་སུ་འགྲེལ་ཅིང་།།
ཤ་གཟན་ཕ་མེས་ཚང་མ་ལྐུགས་པ་རུ་བསྒྲུབས་ན།།
ས་ཐོག་འགྲོ་བ་མི་ལ་རན་ཚོད་གཅིག་ཡིན་ནམ།།
ཧ་ལོ་དུག་གིས་མི་ཚུགས་གདེང་ཚོད་དང་ལྡན་ཞིང་།།
ཨ་ཝ་དྷུ་ཏིའི་ནམ་མཁར་འོད་གསལ་གྱིས་ཁྱབ་ན།།
ཧ་ཅང་དཀའ་སྤྱད་གནང་བའི་རྟུལ་ཞུགས་ཀྱིས་ཅི་བྱ།།
ཨ་ལ་ལ་ཧོ་རྒྱལ་ཀུན་དགོངས་དབྱིངས་ཉིད་བརྙེས་སོ།།
ཞེས་པ་རབ་གནས་ཤིང་ལུག་སྨིན་དྲུག་ཟླ་བའི་དབང་ཕྱོགས་རྒྱལ་བ་གཉིས་པར་ཆོས་མཆེད་ལྷག་བསམ་རྒྱ་མཚོ་ཉིད་མཚན་དཔེའི་ཞལ་བཟང་དངོས་སུ་མཇལ་བའི་སྐལ་བ་ན་ཕྲ་ན་ཡང་གསུང་གི་བདུད་རྩི་ལོངས་སུ་སྤྱོད་པའི་ཆོས་སྨྲ་བ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་གང་ཤར་དབྱིན་ཡུལ་ཨེ་ཝཾ་ཀུན་བཟང་ཆོས་གླིང་ནས་གླུ་རུ་བླངས་པར་དགེའོ།། དགེའོ།། དགེའོ།།
༄༅། །དཔལ་དགྱེས་པ་རྡོ་རྗེར་མུ་མཐུད་དུ་མོལ་བ་འོད་གསལ་སྦུབས་འཇུག །
ན་མོ་གུ་ར་ཝེ། །
ཨ་བྷྱ་ཞལ་གྱི་བདུད་རྩི་ཅི་དགའ་རུ་མྱོང་བའི། །
ཨ་ཏི་ཡོ་ག་སྨྲ་བའི་རྨི་ལམ་དགྱི་དབང་ཕྱུག །
ཨ་རིའི་སྐད་ཀྱི་འབྱུང་ཁུངས་དབྱིན་ཡུལ་དུ་བཞུགས་ནས། །
ཨ་དོན་སྟོང་ཉིད་གདམས་པའི་རྣམ་ཐར་དེར་དགའ་བྱུང་། །
ཀཱ་མས་མྱོས་མིན་བདེ་བ་ཆེན་པོ་ལ་རོལ་ཞིང་། །
ཁརྫུའི་འགྲོས་མིན་ཤེས་བྱ་གཤོག་རླབས་ཀྱིས་གཅོད་པ། །
གུཔྟ་ཡོ་གིའི་གང་ཤར་ལྷུག་པོ་ཡི་བགྲོ་གླེང་། །
ང་ཤྱ་གནོན་ཤུགས་མེད་པ་བག་ཡངས་ཀྱི་ཉམས་འགྱུར། །
ཅནྡྲའི་མདངས་འཕྲོག་གཞན་ཕན་སྙིང་དབུས་ནས་འཕྲོ་ཞིང་། །
ཆལླ་བྲལ་བའི་དྲང་བདེན་ཀུན་བཟང་གི་སྤྱོད་པ། །
ཇ་ཊའི་གྲངས་ལས་འདས་པ་རང་རེ་ལ་ཡོད་ན། །
ཉཱ་ཡིག་ཛ་ལ་སྦྱར་བའི་མཁྱེན་ལྡན་གྱི་སྤྱི་ཚོགས། །
ཏ་ནུ་མེ་ལ་བསྲེག་ཤིང་དཀར་ཟས་ལ་རོལ་བ། །
ཐར་ནུའི་གཟེར་ནད་ཞི་བའི་སྟོབས་ལྡན་དུ་སྒྲོགས་ཆོག །
དནྟ་འཁྲུགས་རྩོད་བྲལ་བའི་ཞི་བདེ་ཞིག་རྙེད་ན། །
ན་རའི་ལུས་རྟེན་ཐོབ་པ་དོན་ལྡན་དུ་བརྩི་ཆོག །
པ་ཏི་སྤྲང་བོར་གྱུར་ཀྱང་རེ་དོགས་ནི་ཆེར་མེད། །
ཕོ་ཊ་ཡུན་དུ་གོམས་པས་ཅི་བྱུང་ཡང་དེས་ཆོག །
བ་ལཾ་དྲག་ཆས་མེད་ཀྱང་རང་ས་ན་རྒྱལ་ཞིང་། །
མ་ཎི་བང་མཛོད་སྟོང་ཡང་འཕགས་ནོར་གྱིས་ཕྱུག་དགོས། །
ཙཽ་རས་ལྐོག་ནས་མི་འཁྱེར་ཡོན་ཏན་གྱི་ལོངས་སྤྱོད། །
ཚུ་ཝ་རྐྱེན་གྱི་མི་འགྱུར་སྟོང་ཉིད་ཀྱི་ལྟ་གདིང་། །
ཛམྦུ་དྭི་པ་ཕུན་ཚོགས་སྡེ་བཞི་ཡི་ཕྱུག་པའི། །
ཝཱཀའི་སྨོན་པ་ནང་ནུབ་ཆད་མེད་དུ་བྱའོ། །
ཞ་ཡིག་བོད་ནས་བྱུང་བ་ཞང་ཞུང་གི་འདོད་པ། ། །
ཟྭ་ཡིག་འབྱུང་ཁུངས་རྙེད་པ་གཞོན་ནུ་ཚོའི་རེ་བ། །
འ་ཡིག་ནམ་མཁར་བསྡུ་བ་གངས་ཅན་པའི་སྒྲ་རིགས། །
ཡ་མའི་བསུ་བ་སླེབས་བར་ཞིབ་འཇུག་ལ་འབོད་ཅིག །
རཀྟ་འཐུང་བའི་མེས་པོའི་ལུགས་སྲོལ་དེ་བཅོས་ཤིང་། །
ལ་ཏུ་བཟའ་བའི་རྒྱ་གར་བྲམ་ཟེ་ལ་འགྲན་བཞིན། །
ཤ་བ་རི་པའི་མཐོ་རྒང་མདའ་གཞུ་རྣམ་བརྐུང་སྟེ། །
ས་ཏྭའི་གཞན་ཕན་སྤྱོད་པ་ལྷུར་ལེན་ལ་འབད་དགོས། །
ཧ་ལིན་ཞིང་ཁ་བཏབ་ན་འབུ་སྲིན་རྣམས་གསོ་ཐབས། །
ཧསྟི་སྲོག་ཆགས་སྐྱབས་ནས་འགྲོ་བ་ཀུན་བདེ་ཐབས། །
ཨ་ཆེན་ཧོར་གྱིས་མ་རྙེད་བོད་རིགས་ཀྱི་ཤེས་བྱ། །
ཨ་མི་ཏ་བྷ་མཁྱེན་ནོ་རེ་སྨོན་བཞིན་འགྲུབ་ཤོག །
ཨ་ཛྙ་ཁོ་བོ་རྨོངས་པའི་གཞན་དབང་དུ་གྱུར་ཏེ། །
ཨ་ནུ་ཏཱ་ར་བྱ་རྒྱུད་ཡིན་མིན་གྱི་རྩོད་པ། །
ཨ་ཛ་ཏ་དབྱིངས་འོད་གསལ་སྦུབས་འཇུག་རང་བྱེད་དོ། །
ཨ་ཏི་ཤ་ཡི་སྨྱུག་གུ་ས་མཚམས་འདིར་ངལ་གསོ། །
ཨ་ཏི་རྫོགས་ཆེན་རྣལ་འབྱོར་ཁམས་བདེ་ཞིང་ཞབས་བརྟན། །
ཨ་ཁུ་དྲ་གྲོགས་རྣམ་པ་མཛའ་བརྩེ་ཞིང་གྲོས་མཐུན། །
ཨ་དྷི་ཀྵེ་ར་མེད་པར་ཞི་བདེ་ཞིང་བག་ཕེབས། །ཨ་མུ་ཏྲ་འཁྱམས་སྨྱོན་པའི་སྨོན་ལམ་དེ་ལེགས་སོ། །
ཅེས་པའང་ཤིང་ལུག་སྨིན་དྲུག་ཟླའི་ཚེས་བཟང་ལ་དཔལ་གྱེས་པ་རྡོ་རྗེའི་གསུང་གི་མཁྱེན་རབ་ཟེག་མ་སིལ་བུར་འཐོར་བ་མཐོང་བའི་མོད། ལྟ་བ་གཏད་མེད་སྨྱོན་པ། སྒོམས་པ་བྱུང་རྒྱལ་སྨྱོན་པ། སྤྱོད་པ་ཚིག་རྩུབས་སྨྱོན་པ། སྤྱོད་པ་རྩིང་བས་མི་གྲལ་ནས་ཐོན་ལ་ཁད་པ། གཉིས་འཛིན་དམ་པས་ཁྱི་གྲལ་དུ་མ་སླེབས་ཙམ་པ། སྒྲིབ་པ་འཐུག་པའི་ལྷ་གྲལ་དུ་རེ་བ་ཕྲ་བ། བོད་ཚ་སོག་རིགས། གྲོང་མཐའ་ཉུལ་བའི་འཁྱམ་པོ། བོད་ཀྱི་ཆོས་དང་རིག་གཞུང་ལ་ཤ་ཞེན་ལྡན་ཀྱང་བྱས་པ་མེད་པ། བོད་སྐད་ཧྲལ་ཧྲུལ་སྨྲ་བ། བོད་ཡིག་ཀྱག་ཀྱོག་འབྲི་བ། དཀར་དམར་ཟས་ཀྱི་བར་པ། དབུ་རང་གཉིས་ཀྱི་གཟི་བ། གསར་རྙིང་གཉིས་ཀའི་སློབ་ཕྲུག །དྲི་མེད་ལྷག་བསམ་དུ་འབོད་པས་བྲིས། །
དྲི་མེད་ལྷག་བསམ་དང་དཔལ་དགྱེས་པ་རྡོ་རྗེ་གཉིས་ཀས་དེ་འདྲའི་བགྲོ་གླེང་དོན་སྙིང་ལྡན་པའི་གླུ་ལེན་ངག་འགུགས་གནང་བ་དང་མཐར་ཞེ་ས་སྨོན་ལམ་བཅས་མཚམས་ཡག་པོ་བཞགས་སོང་། །བཀའ་དྲིན་ཆེ།