རེབ་གོང་བཀྲ་ཤིས།
དེང་གི་ཆར་རང་རེ་བོད་ཀྱི་སྤྱི་ཚོགས་ཀྱི་ངོས་སུ་མིག་ཧྲིག་ཧྲིག་དང་རྣ་ཀྲོང་ཀྲོང་གིས་ལྟ་ཉན་གང་ཞིག་བྱེད་དུས། རང་བཞིན་གྱིས་སེམས་ནང་ན་ཟུག་ཅིག་སྐྱེ་ཡོང་བ་ནི་བོད་མི་མང་བོས་རང་གི་སྐད་ཡིག་གཉིས་ལྷད་ཅན་དུ་གཏོང་བཞིན་པ་དེ་རེད། དེ་ཡང་ཤེས་བཞིན་མཐོང་བཞིན་དུ་བསྲེས་ལྷད་ཆེ་བའི་འབག་བཙོག་ཅན་དུ་གཏོང་བཞིན་པ་དེ་རེད། ཅིའི་ཕྱིར་བོད་སྐད་ཡིག་གི་ཁྱད་ཆོས་རྣམས་ལེགས་སྲུང་གིས་གཅིག་གྱུར་ཡོང་ཐབས་མི་བྱེད་པར། གཞན་བསྟུན་ཅི་ཆེ་སྒོས་ཁ་ཆག་སྣ་རལ་ཅན་དང་། བསྲེས་ལྷད་ཅན། རང་འདོད་ཅན་སོགས་སུ་བསྒྱུར་དགོས་པ་རེད་དམ། འཐུས་ཚང་དང་གོ་བདེ་དོན་ཟབ་ལྡན་པའི་བོད་ཀྱི་སྐད་ཡིག་དེ་ཧ་ཅང་གི་སྣང་ཆུང་ངང་རྩེད་ཆས་ལྟ་བུར་ཅིའི་ཕྱིར་སྤྱོད་དགོས་སམ། མི་རིགས་ཤིག་གི་སྲོག་རྩ་ཡིན་པའི་སྐད་ཡིག་དེ་འཐུས་སྒོ་ཇེ་ཚང་དང་གཅིག་གྱུར་ཏུ་མི་གཏོང་བར། དོན་གྱིས་རང་གི་ལྟོ་ཕོར་དང་སྦྲེལ་ནས་ཅི་ཞིག་ཤེས་མདོག་གིས་རང་སྣང་གང་དྲན་བྱེད་ཕོད་པ་ཡིན་ནམ། ལྷད་དང་བཅས་ཏེ་འགྱུར་བཞིན་པའི་དེང་གི་བོད་ཀྱི་སྐད་ཡིག་ཕུང་གསུམ་པ་འདིའི་སྣང་བརྙན་སྐྱོ་བོ་དེ་དག་གིས་རང་སེམས་ལ་བག་ལྷོད་ཅིག་གཏན་ནས་མི་འབྱུང་། བོད་མི་རང་ཉིད་ཀྱིས་“འགྱེལ་བའི་
ཐོག་ལ་རྡོག་བརྫིས་”བྱེད་ཀྱིན་པ་ནི་ཅི་ནས་ཀྱང་ཤིན་ཏུ་མ་འོས་པ་ཞིག་རེད། མི་རིགས་ཤིག་གི་སྐད་ཡིག་ནི་མི་རིགས་དེ་ཡི་རིག་གནས་དང་། མི་རིགས་འཚོ་གནས་ཀྱི་སྲོག་རྩ་ཆེས་གཙོ་བོ་དེ་ཡིན་གཤིས། རང་གི་སྐད་ཡིག་སྲུང་འཛིན་བྱེད་མ་ཐུབ་པར་གཏོར་བརླག་ཐེབས་པ་ཡིན་ན། མི་རིགས་དེ་ཡི་འཚོ་གནས་ཀྱང་རང་ཤུགས་ཀྱིས་ཉེན་ཁའི་གནས་སུ་ལྷུང་ཟིན་པ་ཡིན། དེ་ནི་མིག་སྔའི་བོད་སྐད་ཡིག་གི་ལས་དབང་སྐྱོ་བོ་དང་འབྲེལ་བའི་གནས་བབ་དག་གིས་གསལ་མཚོན་བྱས་ཡོད།
“མི་རིགས་ཤིག་ལ་མཚོན་ན། རང་གི་སྐད་དང་ཡི་གེ་གཞི་འཛིན་རྒྱུ་དེ་ཧ་ཅང་ནས་ཀྱང་གལ་ཆེ་བའི་བྱ་བ་ཞིག་རེད། དེའི་རྒྱུ་མཚན་ནི་མི་རིགས་ཤིག་ལ་རང་གི་སྐད་དང་ཡི་གེ་ཡོད་པ་དེ་མི་རིགས་གནས་རྒྱུ་དང་མི་རིགས་ཚུགས་རྒྱུའི་རྩ་བའི་མཐུན་རྐྱེན་ཞིག་ཡིན་པ་རེད།” ཅེས་ཀུན་གཟིགས་ཆོས་ཀྱི་རྒྱལ་མཚན་མཆོག་གིས་གསུངས། དེ་ལྟར་ཡང་མི་རིགས་ཀྱི་འདུ་ཤེས་ཞན་པའམ་སྐད་ཡིག་ལ་དུངས་ཞེན་ཆུང་བའི་བོད་རིགས་རང་འདོད་ཅན་མི་ཉུང་བ་ཞིག་གིས་བསམ་བཞིན་དང་བསམ་བཞིན་མ་ཡིན་པ་གཉིས་ཀའི་ངོས་ནས། ཆེན་པོ་རྒྱའི་རིག་གནས་ཀྱི་གནོན་ཤུགས་དང་ཕྱི་གླིང་བའི་འཇམ་བྲིད་འོག་གི་གཞན་སྐད་དག་ལ་ངེས་པར་དུ་སློབ་དགོས་པའི་རང་འགུལ་གྱི་ལས་དོན་ཞིག་ལ་ཤ་ཐང་ཐང་གིས་འབད་སྒྲུབ་སྐུལ་གསུམ་བྱེད་ཀྱིན་ཡོད། རང་འགུལ་གྱི་ལས་དོན་དེ་ནི་ཆེས་མཐོ་བའི་རྒྱུན་བསྟུད་ཅན་ནས་ཡུན་གནས་ཅན་ཞིག་ཡིན་པ་དང་། ལྷག་པར་དུ་མི་རྒྱུ་ཤུགས་གསུམ་གྱི་རྒྱབ་དཔུང་མཐོ་བའི་གནས་སྟངས་ཤིག་ཏུ་སླེབས་པར་གྱུར། རྣམ་པ་དེ་ཡིས་བོད་ཡིག་ལ་ཤེས་ཡོན་ཡོད་མེད་གཉིས་ཀ་འདུ་བའི་བོད་རིགས་གང་མང་ཞིག་གི་ཕྱིའི་རྣམ་པ་དང་། ནང་སེམས་གཉིས་ཀར་སྔར་མེད་འགྱུར་ལྡོག་ཆེན་པོ་ཞིག་ཐེབས་སུ་བཅུག འགྱུར་ལྡོག་དེ་ཡང་གཞན་འགྱུར་ལ་ཕྱོགས་པའི་གོམ་རིམ་ཅན་དུ་མངོན་པར་སྤོས་པ་ནས། རིམ་གྱིས་སྐྱེས་བུ་སྒེར་གྱི་རིན་ཐང་ལྟ་ཚུལ་དང་མི་ཚེའི་ལྟ་བ་ཚུན་ལ་སིམ་འཛུལ་གྱི་ཤུགས་རྐྱེན་ནུས་ལྡན་ཅན་ཞིག་ཏུ་གྱུར། དེང་གི་བོད་རིགས་རྒན་དར་གཞོན་གསུམ་མང་བོར་མི་རིགས་གཞན་གྱི་སྐད་ཡིག་ལ་དེ་འདྲའི་རྩིས་མཐོང་དོ་སྣང་འདྲེན་རྩ་གཙོ་བོ་ཡང་འགྱུར་ལྡོག་དེའམ་ཤུགས་རྐྱེན་དེས་བསྐྲུན་ཡོད།
བསམས་ཤིང་བསམ་ན། སྙིང་ཁོང་འཁྱག་སིབ་སིབ་ཏུ་འགྱུར་བར་བྱེད་པའི་རང་འགུལ་གྱི་རླབས་རྒྱུན་དཔུང་སྡེའི་རང་བཞིན་ཅན་དེ་ལ་བརྟེན་ནས། མི་རིགས་ཤིག་གི་མ་འོངས་པའི་སོན་རྩ་ལྷད་མེད་ཡིན་པའི་ན་ཆུང་བྱིས་པ་ཚོའི་སྨྲ་ལྕེ་ཚུན་ཆད་ཀྱང་གཞན་སྐད་སྨྲ་བྱེད་དུ་ཤུགས་ཀྱིས་བསྒྱུར་དང་སྒྱུར་བཞིན་པ་རེད། དེ་ཡང་རང་བདག་དང་ཁོར་ཡུག་གཉིས་བྲལ་གྱི་གཞན་ཡུལ་ཙམ་ཞིག་མ་ཡིན་པར། རང་ཡུལ་བོད་ཁམས་མཐོ་སྒང་གི་ས་ཁུལ་ཆེ་འབྲིང་ཆུང་གསུམ་དང་། ཐ་ན་འབྲོག་སའི་སྤང་ཐང་ཚུན་ཆད་ན་ཅི་ཞིག་གསར་བཏོད་དང་། སློབ་གསོ་ཡིན་མདོག་གིས་བྱིས་པ་ཚོའི་སྨྲ་ལྕེ་གཞན་དུ་བསྒྱུར་བའི་ལས་ལ་འབད་ཀྱིན་གདའ། ད་དུང་ལས་དོན་དེ་ནི་སྔོན་ཐོན་གྱི་བསམ་བློ་དང་མི་རིགས་ཀྱི་འོས་འགན་ཞིག་ཏུ་དཔེ་མཚོན་རང་བཞིན་གྱིས་བསྒྲུབས་ནས། གོ་སྐབས་ཡོད་ཚད་དང་བར་གླགས་རྙེད་ཚད་ཀྱིས་རང་གི་སྐད་ཡིག་དམར་གསོད་གཏོང་བའི་ལས་སུ་སྒྱུར་གྱིན་མཆིས། འཐུས་ཚང་གཏིང་ཟབ་ལྡན་པའི་བོད་ཀྱི་སྐད་ཡིག་ལ་སྐད་ཡིག་ཅིག་གི་འདུ་ཤེས་དོར་བཅུག་ནས། དེའི་ཚབ་ཏུ་མི་རིགས་གཞན་གྱི་སྐད་ཡིག་ལ་སློབ་སྦྱོང་བྱེད་དགོས་ངེས་ཀྱི་ཚ་རླབས་ཤིག་འཕྱུར་དུ་བཅུག་པས་མ་ཚད། སྐད་ཡིག་གཞན་གྱིས་བོད་སྐད་ཡིག་གི་ཚབ་མཚོན་བྱེད་དགོས་པའི་དུས་སྐབས་ཤིག་ལ་ཡང་སླེབས་པར་གྱུར། ཚུལ་དེ་ལ་ཚིག་གི་ལོ་མས་མ་བསྒྲིབས་པར་ཐད་ཀར་དུ་བརྗོད་ན། བོད་མི་ཚོས་སྐད་ཡིག་གི་བཙན་འཛུལ་ལ་ཡང་ཅི་མི་སྙམ་པར་གོ་སྐབས་སྤྲོད་རྐྱང་བྱས་པས་རེད། དེའི་ཉེར་ལེན་ལ་བརྟེན་ནས་བོད་མི་ཚོས་གཞན་རྣམས་ལྟ་ཅི། ཐ་ན་རང་ཉིད་ཀྱི་ཤ་ཁྲག་རུས་གསུམ་དང་ལྷན་སྐྱེས་སུ་སིམ་འདྲེས་བྱུང་ཡོད་པའི་རང་གི་སྐད་ཡིག་དང་། རིག་གཞུང་། བོད་བརྒྱུད་ནང་ཆོས་རྣམས་ཀྱང་གཞན་སྐད་ཀྱི་སྟེང་ནས་སློབ་སྦྱོང་བྱེད་པའི་གནས་བབ་ཅིག་ལ་བསྐྱལ་ནས་ཡོད། རང་རེའི་མེས་པོ་སྐུ་དྲིན་ཅན་ཚོས་རང་སྐད་སྲོག་ཏུ་བཟུང་སྟེ་ཕྱོགས་སྣ་སྒོར་མོ་ནས་བོད་ཀྱི་ཤེས་རིག་དར་སྤེལ་གནང་བའི་དྲིན་ལས། ད་གཟོད་བོད་ཀྱི་སྤྱི་ནོར་རམ་བོད་རིག་པ་ཞེས་པའི་སྤྱི་ནོམ་རྩ་ཆེན་འདི་བྱུང་ན་ཡང་། ད་ལྟ་དེ་ལས་ལྡོག་སྟེ་གཞན་སྐད་སྲོག་ཏུ་འཛིན་བཞིན་རང་གི་སྐད་ཡིག་དང་བོད་རིག་པ་བཅས་པ་ལྷད་ཅན་ནས་གཞན་ཞིག་ཏུ་འགྱུར་གྱིན་མཆིས། སྐད་ཡིག་གི་བཙན་འཛུལ་དང་དེའི་མཇུག་འབྲས་ནི་ཇི་འདྲའི་བསླུ་བྲིད་ཆེ་ཞིང་ཡིད་ཀྱིས་བསམ་མི་བཟོད་པ་ཞིག་རེད་ཨང་།
བྱིས་པ་ཚོ་ནི་མི་རིགས་ཤིག་གི་མ་འོངས་པར་རང་གི་སྐད་ཡིག་དང་། རིག་གནས། གོམས་གཤིས་སོགས་ཀྱི་བདག་པོའམ་རྒྱུན་འཛིན་བྱེད་མཁན་དངོས་དེ་ཡིན་པས། བྱིས་པའི་སྨྲ་ལྕེ་ཅི་དགར་གཞན་བསྒྱུར་བྱས་པ་དེ་ནས། རང་སྟེང་ལ་གཞན་གཤིས་ཤིག་ཀྱང་རྩོལ་མེད་ལྷུན་གྲུབ་ངང་འགོས་ཐེབས་ཡོང་སླ་བ་ནི་མཐོང་ཆོས་སུ་གྲུབ། འདི་འདྲར་བརྟེན་ནས་འཛམ་གླིང་སྟེང་སྐད་གྲགས་ཆེ་བའི་འཇར་མན་གྱི་དམག་དཔོན་ཧེ་ཁྲི་ལེར་གྱིས། “མི་རིགས་ཤིག་རྩ་མེད་བཟོ་དགོས་ན། སྔོན་ལ་དེའི་རིག་གནས་རྩ་གཏོར་དུ་གཏོང་དགོས། རིག་གནས་དེ་རྩ་གཏོར་དུ་གཏོང་དགོས་ན། སྔོན་ལ་རིག་གནས་དེའི་གཞི་རྐང་དུ་གྱུར་པའི་སྐད་ཡིག་རྩ་མེད་བཟོ་དགོས། སྐད་ཡིག་དེ་རྩ་མེད་བཟོ་དགོས་ན། སྔོན་ལ་ཁོ་ཚོའི་སློབ་གྲྭ་ནས་མགོ་འཛུགས་དགོས།” ཞེས་ཏེ་མི་རིགས་ཀྱི་སྐད་ཡིག་ནི་མི་རིགས་དེའི་སྲོག་རྩ་ཉིད་ཡིན་པའི་བདེན་དོན་མཐོང་ནས་དེ་ལྟར་བཤད་ཡོད། དེའི་མཐུན་ཕྱོགས་ཀྱི་ལམ་བུར་བོད་རིགས་ཚོ་ནི་རང་འགུལ་ངང་སྔོན་ཐོན་གྱིས་སྐྱོད་ཀྱིན་ཡོད། བོད་མི་ཚོས་མུ་མཐུད་ནས་མི་རིགས་གཞན་གྱི་སྐད་ཡིག་དང་རིག་གནས་ལ་བརྩི་མཐོང་ཆེ་རུ་བཏང་ན། རང་རེའི་སྐད་ཡིག་རིག་གནས་དང་བཅས་པ་ལ་འབྲེལ་འདྲིས་སྦྱོང་གསུམ་བྱེད་པ་ཉུང་ནས་ཉུང་དུ་འགྲོ་ངེས་པ་དང་། མཐའ་མཇུག་དེར་བོད་མི་རིགས་ནི་གཞན་གྱི་སྐད་ཡིག་གི་ཞབས་ཞུ་བའམ་བྲན་གཡོག་པར་འགྱུར་རྒྱུ་ཉག་གཅིག་ལས་མ་འདས། ཀུན་གྱིས་སྐད་ཡིག་ནི་མི་རིགས་ཀྱི་དབྱེ་ཁྱད་འབྱེད་པའི་མཚོན་རྟགས་ཆེས་གཙོ་བོ་རུ་ངོས་འཛིན་བྱེད་པ་ལྟར་ན། མཐོང་མི་བཟོད་པའི་གཞན་འགྱུར་གྱི་གནས་སྟངས་དེ་འདྲ་ལ་སླེབས་པར་གྱུར་ཚེ། མི་རིགས་དེ་ནི་ལྟོས་བཅས་ཀྱིས་སྲོག་རྩ་བྲལ་བའི་བེམ་རོར་གྱུར་བ་ཡིན་ཞིང་། བལྟས་བལྟས་མཐོང་མཐོང་ལ་ཤེས་རིག་གི་དཔལ་ཡོན་རབ་ཏུ་རྒྱས་མྱོང་བའི་མི་རིགས་རླབས་ཆེན་ཞིག་མིང་གི་ལྷག་མ་ཙམ་དུ་ལུས་པའི་སྐྱོ་གར་དེ་དངོས་སུ་བྱུང་བ་ཡིན།
ད་ལྟའི་ཆར་ངང་ངམ་ཤུགས་ཀྱིས་གཞན་འགྱུར་གྱི་ཚ་རླབས་འཕྱུར་བཞིན་པའི་འགྱུར་ལྡོག་འདི་འདྲ་ཞིག་གི་ང་ཚོའི་ཁོར་ཡུག་ན། མི་རིགས་གཞན་གྱི་སྐད་ཡིག་གིས་བོད་སྐད་ཡིག་གི་ཚབ་མཚོན་བྱེད་ཀྱིན་པའི་གནས་ཚུལ་ཡ་མ་ཟུང་མང་བོ་བྱུང་དང་འབྱུང་བཞིན་པ་དེ་དག་གིས། བོད་ཀྱི་སྐད་ཡིག་གི་རིན་ཐང་དང་སྤྱོད་སྒོ་ལ་སོགས་པ་ནི་གང་ཅིའི་ཐད་ནས་ཁ་བ་མཚོའི་ནང་སིམ་པ་ལྟར་དུ་ཉམས་རྒུད་རྩ་ཡལ་དུ་གཏོང་བཞིན་གདའ། དེའི་ཚེ་གཞན་སྐད་ལ་ཇི་ཙམ་མཁས་ཀྱང་ལུས་པོར་རྒྱན་ཆ་བཏགས་པ་ཙམ་ལས། སྲོག་གི་དབང་བོས་བདག་བཟུང་མ་བྱས་པའི་བེམ་རོ་ལྟ་བུའམ་མི་རིགས་ཕུང་གསུམ་པ་ཞིག་ཏུ་འགྱུར་ཚར་བ་ཡིན། དེར་བརྟེན། རང་སྐད་གསེར་གྱི་མེ་ལོང་ལ་གཞན་སྐད་ཀྱི་ཁ་རླངས་ཆེས་ཆེར་ཕོག་པ་མཐོང་ན་སེམས་གཏིང་ནས་བཟོད་དཀའ་བ་ཞིག་རེད། ལྷག་པར་དུ་ང་ཚོའི་མི་རབས་འདི་ནི་རང་སྐད་གཤའ་མ་གསོད་པའི་ལག་དམར་རེད་ཅེས་པའི་ལོ་རྒྱུས་ཀྱི་ནག་ཉེས་ཕོག་ན་དེ་བས་ཀྱང་ཤིན་ཏུ་བཟོད་དཀའ་བ་ཞིག་རེད། གངས་རིའི་ཕོ་རྒོད་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་ཁོང་ཉིད་ལ་མ་གཏོགས། བོད་མི་གཞན་སུ་ཞིག་ལ་ཡང་བོད་ཀྱི་སྐད་ཡིག་གི་དར་རྒུད་ཕྱོགས་ནས་འགན་འཁྲི་མེད་པ་ལྟར་དུ། “གཏོར་མ་ཁྱིས་འཁྱེར་ན་འཛུམ་དམུལ་དམུལ། ལྷ་ཁང་མེས་འཚིག་ན་ཡང་འཛུམ་དམུལ་དམུལ་”ངང་གནས་བདེ་ཟོས་བདེར་བསྡད་ན། བོད་མི་རིགས་ཡུན་གནས་སྲ་བརྟན་ཡོང་གཞིའི་རང་གི་སྐད་ཡིག་དེ་རང་ཤུགས་ཀྱིས་ལྷད་ཅན་ནས་ཉམས་ཞན་དུ་འགྲོ་བའི་གནས་བབ་སྐྱོ་བོ་འབྱུང་བར་ཁག་ཅི་ཡོད།