ཆོས་རྫོང་བསྟན་པ།
ཁྱོད་རང་བཞུད་རྗེས་ཀྱི་ལོ་ཟླ་ནི།
གཙང་ངོགས་ཀྱི་གཏམ་རྒྱུད་ཐན་ཐུན་ཞིག་གམ།
ཡང་ན། སྟེས་དབང་གིས་འཕྲད་པའི་ལམ་མདོའི་མགྲོན་པོ་བཞིན་
བརྗེད་སླ་བ་ཞིག་ཡིན་ན་ཅི་མ་རུང།
རྒྱང་སྨག་མཆེད་པ་ལྟར།
ལྷད་མེད་དྭངས་གཙང་གི་སེམས་པའི་ནམ་མཁའ།
གྱེས་བྲལ་གྱི་གདུང་བས་བསྒྲིབ་འོང་དུས།
ད་གཟོད། ངའི་འཇིག་རྟེན་ལ།
ས་ཡོམ་འབྱུང་བའི་སྐོར།
ཁྱེད་ལ་ཁྲིགས་ཁྲིགས་ཡིན་ཡང་སྲིད།
ཁང་མིག་ཆུང་ཆུང་འདིར།
གྲང་རླུང་གི་མཆེ་བ་རྣོན་པོ།
རུས་རྐང་ལ་ཟུག་པའི་ཟུག་གཟེར་ལྗིད་ནའང༌།
བདག་སེམས་བྲང་ཁོང་ནས་ལམ་དུ་ཆས་ཏེ།
རི་རབ་དང་གཙང་པོ་བརྒལ་བའི་སྐད་ཅིག་མ་དེ།
ང་ལ་དབང་བའི་འཇིག་རྟེན་ཆུང་ཆུང་ཞིག་ཡིན།
༢༠༠༨།༥།༡༧ ཉིན་བྲིས།