གཡང་སྐྱབས་རྒྱལ།
———-
ང་རྒྱ་གར་ལ་མ་ཕྱིན་པར་ལོ་བཅུ་ཏག་ཏག་འགྲོ་གི་འདུག ལོ་ངོ་བཅུའི་དུས་ཡུན་དེ་ཇི་ལྟར་ཕྱིན་པ་ཡང་མི་ཤེས། ཁ་སང་གི་བྱུང་བ་ཞིག་ལས་ཅི་ཡང་དྲན་རྒྱུ་མི་འདུག ཐོག་མར་ལས་ཀ་མ་རག་པའི་དཀའ་ངལ། དེ་ནས་ཡིག་ཆ་མ་འགྲིག་པའི་དཀའ་ངལ། དེ་ནས་ཁྲིམས་མཐུན་གྱི་ལས་ཀ་ཞིག་མ་རག་པའི་དཀའ་ངལ། དེ་ནས་སླར་ཡང་ཕ་ཡུལ་ཕྱོགས་སུ་འགྲོ་རྒྱུའི་ཡིག་ཆ་བཟོ་མི་ཐུབ་པའི་དཀའ་ངལ། དཀའ་ངལ་དེ་དག་གིས་ང་རྒས་བཅུག་སོང་། ད་ནི་གུང་གསེང་ཞིག་ལ་འགྲོ་རྒྱུ་དང་། དེ་ནས་སྐབས་འགྲིག་ཚེ་ངེད་ཀྱི་གྲོགས་པོ་ཞིག་གིས་ང་ལ་བཙལ་བའི་བུ་མོ་དེ་ལ་ལྟ་ཙམ་བྱེད་རྒྱུ་བཅས་ཀྱི་ཆེད་དུ་རྒྱ་གར་ལ་འགྲོ་རྒྱུའི་ཐག་གཅོད་བྱས་པ་ཡིན། ལས་ཀ་ནས་ཟླ་བ་གཅིག་ཙམ་གྱི་གུང་གསེང་བླངས་པ་ཡིན་ལ། ངའི་སྒང་གི་ལྟ་རྟོག་པས་ཀྱང་ངས་ད་བར་དུ་ལས་ཀ་ལ་ཧུར་ཐག་བྱས་པའི་ཉེར་ལེན་གྱིས་ད་ཐེངས་གུང་གསེང་སྤྲོད་རྒྱུར་དེ་ཙམ་དགག་པ་བྱས་མ་བྱུང་། ངས་དེ་ལྟར་གྲ་སྒྲིག་བྱས་ཟིན་ནས་ཅ་ལག་རྣམས་ཀྱང་དོ་ཁུག་ཆེན་པོ་གཉིས་དང་ཆུང་བ་གཉིས་བཅས་གྲ་སྒྲིག་བྱས་ཟིན་པ་ཡིན།
“ཡིད་བཞིན་ནོར་བུ། འདི་ག་རེ་རེད།” ངའི་གྲོགས་པོ་བློ་བཟང་གིས་ངའི་མདུན་གྱི་དོ་པོ་ལ་བལྟས་ནས་ཧང་སངས་སོང་། “ཁྱོད་ཚོང་ལ་འགྲོ་གི་ཡོད་དམ། ཁོ་རེ།”
བློ་བཟང་དང་ངེད་གཉིས་ནི་ཡུན་རིང་གི་གྲོགས་པོ་ཡིན་པ་དང་། ངེད་གཉིས་ཟླ་བ་གཅིག་གི་ནང་ལ་མ་མཐའ་ལ་ཡང་ཐེངས་གཉིས་རེར་ཐུག་གི་ཡོད་ལ། ཉིན་ལྟར་ཁ་པར་ཐོག་ནས་འབྲེལ་བ་བྱེད་ཀྱིན་ཡོད། ཐེངས་འདིར་ང་རྒྱ་གར་དུ་འགྲོ་རྒྱུར་སྐྱེལ་མ་བྱེད་དུ་ཡོང་བ་རེད། ང་ངོ་མ་བཤད་ན་ཉི་མ་གསུམ་གྱི་རྗེས་ལ་རྒྱ་གར་དུ་ཐོན་གི་ཡོད། ཡིན་ན་ཡང་། བློ་བཟང་ལ་དེ་རིང་མ་གཏོགས་གུང་གསེང་མེད་སྟབས། ང་ལ་སྐྱེལ་མ་བྱེད་ཆེད་ཡོང་བ་རེད། ངས་ཀྱང་བློ་བཟང་གི་དུས་ཚོད་འདི་གལ་ཆེར་བརྩིས་ནས་ཝུ་ཆང་ཁ་ཤས་ཉོས་ཡོད་ལ། ངེད་ཀྱི་དོ་པོ་རྣམས་གྲ་སྒྲིག་བྱས་ཟིན་རྗེས་ངེད་གཉིས་ཀྱིས་ཝུ་ཆང་འཐུང་རྩིས་ཡིན།
“ཚོང་འདྲ་པོ་མི་འདུག་གས།” ངས་དོ་པོའི་ཁ་ཕྱེས། “ཁྱེད་རང་གི་ཅ་ལག་དེ་ག་པར་ཡོད།”
“ཨ་མ་མ། འདི་འདྲའི་ལྷམ་མང་པོ་ག་རེ་རེད།” ལྷམ་དེ་ཚོ་མཐོང་ནས་བློ་བཟང་ཡང་བསྐྱར་ཧང་སངས་སོང་། “གཅིག་གཉིས་གསུམ་བཞི་” ལྷམ་རེ་རེ་ལ་མཛུ་གུ་བཙུགས་ནས་གྲངས་ཀ་བརྒྱབ།
“ད་གཡུགས་ཤོག ང་ལ་ལྷམ་བཅོ་བརྒྱད་ཡོད། འདི་ཚང་མ་གྲོགས་པོ་དང་ངོ་ཤེས་པ་དེ་ཚོས་བསྐུར་བ་རེད། ད་འཁྱེར་གི་མིན་ལབ་ན་རླུང་ལངས་གི་རེད། དེ་ལས་ཁ་བཙུམས་ནས་འཁྱེར་འགྲོ་གི་ཡོད།” ངས་ཁོ་ལ་གསལ་བཤད་བྱས་ནས་ཁོའི་ཅ་ལག་དེ་སྤྲོད་རོགས་ཞེས་ལག་བརྡ་བསྟན། ཁོས་མགོ་གཡུགས་ཙམ་བྱས་ནས་ང་ལ་ཅ་ལག་དེ་སྤྲད་བྱུང་།
“དགོངས་པ་མ་ཚོམས། ངའི་ཚ་བོ་བོད་ཁྱིམ་སློབ་གྲྭ་ན་ཡོད་པ་དེས་འདི་དགོས་ཟེར་གི་འདུག ཁྱེད་རང་ཡིན་ཙང་། ངས་འདི་ཉོས་པ་ཡིན། མི་གཞན་ལ་ངས་བསྐུར་ཕོད་ས་མ་རེད།”
ངས་བློ་བཟང་གི་ཅ་ལག་དེ་འགྱིག་སྣོད་ནས་ཚུར་བཏོན་པ་ཡིན། ནེ་ཀི་རྟགས་ཅན་གྱི་ལྷམ་ཞིག་རེད།
“དཀོན་མཆོག་གསུམ། འདི་ངའི་ལྷམ་བཅུ་དགུ་པ་དེ་རེད། ད་ངོ་མ་ཚོང་པ་འདྲ་པོ་མི་འདུག་གམ།”
བློ་བཟང་གིས་ལན་མ་བཏབ། ངས་ཀྱང་བློ་བཟང་གི་སེམས་ཕམ་དུ་འཇུག་འདོད་མེད། བྱས་ཙང་། ངས་བློ་བཟང་དང་ངེད་གཉིས་ཀྱི་སྐད་ཆ་འདི་དག་བོད་ཀྱི་གོམས་གཤིས་སྤྱིར་བཏང་བ་ཞིག་གི་ཐོག་ལ་བསྐོར།
“བོད་འདི་དུས་རབས་བཅུ་དགུ་པ་ནས་གློ་བུར་ཐོལ་རྒྱག་ལ་དུས་རབས་ཉི་ཤུ་རྩ་གཅིག་པ་ལ་མཆོངས་པ་རེད། བྱས་ཙང་། སྦྲགས་གླ་སྤྲད་ནས་ཅ་ལག་བསྐུར་བའི་གོམས་གཤིས་དེ་ང་ཚོ་ལ་འཇགས་མེད་པ་རེད། འདི་སྦྲགས་ལམ་གྱི་དོན་དག་གཅིག་པུ་མ་རེད། དཔེར་ན་གསར་འགྱུར་ལྟ་བུ་ཞིག་ཡིན་ན་ཡང་གྲོགས་པོ་སོགས་ཀྱི་གོ་ཐོས་རྩ་འཛིན་བྱེད་པ་ལས་དེབ་དང་ཚགས་པར་ཐོག་གི་གནས་ཚུལ་ལ་རྩ་འཛིན་དང་ཡིད་ཆེས་མི་བྱེད་པ་རེད། འདོད་ན་ཡང་འདི་བོད་རེད། མི་འདོད་ན་ཡང་འདི་བོད་རེད།” ངས་གནས་ལུགས་ཤིག་ཤོད་པའི་འབད་བརྩོན་བསྟེན། ཁོའི་ལྷམ་དེ་ཡང་དོ་པོའི་ཟུར་ཞིག་ལ་བརྫངས། ག་ལེར་དོ་པོའི་ཁ་བརྒྱབ། དོ་པོའི་སྒང་ལ་རྐང་བརྫིས་ཤིག་བྱས།
“ཡིན་ན་ཡང་། བོད་མི་ཁ་ཤས་ཀྱིས་སོ་སོ་མ་གཏོགས་མི་གཞན་པ་དེ་ལ་བསམ་བློ་རྩ་ནས་གཏོང་ཤེས་ཀྱི་མི་འདུག་པ་འདི་གོམས་གཤིས་རང་ཨེ་ཡིན། འདི་ཧམ་པ་ཚ་པོ་མ་རེད་དམ།”
“རེད། ཧམ་པ་ཚ་པོ་ཡིན་སྲིད། ནམ་རྒྱུན་ཅ་ལག་དེ་འདྲ་བསྐུར་དགོས་པ་ཡོད་ན་ཡང་སེམས་ནས་བརྗེད་ཡོད་པ་རེད། ད་འགྲོ་མཁན་ཞིག་འདུག་ཟེར་དུས་ལམ་སེང་བསྐུར་རྒྱུའི་ཐབས་ཤེས་བྱེད་པ་རེད། དེ་ནས་ང་ཚོ་ལག་པ་སྟོང་པ་འགྲོ་ཟེར་རྒྱུ་ཞིག་ཡོད་པ་རེད་པཱ།”
“ཨོ། གཟབ་གཟབ་བྱས་ཨ་ཁོ་རེ། འདི་རལ་ས་རེད་དཱ། གནམ་གྲུའི་ཐོག་ནས་ཅ་ལག་གི་ལྗིད་ཚད་བརྒལ་འགྲོ་གི་མེད་དམ།” ཁོས་རང་གི་རྒྱུན་ལྡན་གྱི་གོམས་ལོབས་སུ་སོང་བའི་ལག་པ་དེ་ཁ་ལ་བཀབ་ནས་མུར་མུར་ཅིག་ཟ་གི་འདུག
“ད་ཨ་འུ་ཙ་ཡིན་འགྲོ ང་མ་ཐོན་གོང་ལ་ལྗིད་ཚད་ལ་ལྟ་གི་ཡིན།”
“ཨོ་རེད། ལྗིད་ཚད་བརྒལ་ན་ཆད་པ་གཅོད་གི་འདུག་ཟེར།”
“རེད། ཡིན་ན་ཡང་ལྗིད་ཚད་བརྒལ་བ་ཙམ་ཞིག་ལ་ང་ལ་སེམས་ཁྲལ་མི་འདུག མང་མཐའ་ཤོར་ན་ཡང་སྒོར་མོ་བརྒྱ་སྐོར་ཞིག་ཤོར་གི་ཡོད་ཀྱི་རེད། དེ་ལས་ང་ནི་ཅ་ལག་བསྐུར་མ་འདི་ཚོ་རྩིས་ཏག་ཏག་འཕྲོད་མིན་ལ་སེམས་ཁྲལ་ལངས་མགོ་བཙུགས་སོང་།”
དེ་ནས་ང་རང་གི་དོ་པོའི་ཟུར་གྱི་སཱ་ཧྥ་རྐུབ་སྟེགས་སྟེང་བསྙལ་ནས་རང་གི་ཐོ་ཡིག་དེ་ཡང་བསྐྱར་ཅིག་བལྟས།
“མེག་རྒན་དོན་གྲུབ་ལ་ཀོ་ལྷམ་སྨུག་མདོག་ཅན་གཅིག ཟློས་གར་བསྟན་འཛིན་གྱི་བུ་མོ་ལ་རྟིང་ག་ཏོག་ཏོག་ཅན་གཉིས།་་་་”
ཅི་ཞིག་བཤད་རྩིས་ཡོད་ན། རྒྱ་གར་སྐྱོ་བོ་ཡིན་པའི་གནས་ཚུལ་བཤད་རྩིས་ཡིན་པ་འདྲ། ངེས་དགོས་པ་ཞིག་ལ་དེང་སང་ལོ་བཅུ་སྔོན་གྱི་རྒྱ་གར་དེ་མ་རེད། ནུབ་ཕྱོགས་དང་ཕལ་ཆེར་ཚད་མཉམ་རེད། བརྡ་འཕྲིན་སོགས་དེ་ལས་སྔོན་ཐོན་རེད།
ཅི་ཞིག་བཤད་འདོད་གི་ཡོད་པ་མྱི་ཤེས་ཐལ། ཕལ་ཆེར་རྒྱ་གར་སྐྱོ་བོ་ཡིན་པ་བཤད་རྩིས་ཡོད་ན་ཐང་གི། ངེས་དགོས་པ་ཞིག་ལ་དེང་སང་གི་རྒྱ་གར་ལོ་བཅུ་སྔོན་གྱི་རྒྱ་གར་དེ་མ་རེད། ནུབ་ཕྱོགས་དང་ཚད་མཉམ་རེད། བརྡ་འཕྲིན་སོགས་དེ་ལས་ཡར་རྒྱས་རེད།
དཀོན་མཆོག་མཁྱེན། བོད་མི་ཚོ་ཡང་གནས་ཚང་གཞན་ཞིག་ལ་སྐྱབས་བཅོལ་དུ་འགྲོ་རན་པའི་སྔོན་རྟགས་འདྲ་ཡིན་ནམ།
ལྷམ་ཀོག་དེ་འདྲའི་མང་བོ་ཞིག་ལ་ཨ་སྒོར་མི་ཉུང་བ་ཞིག་སྤྲད་དེ་བསྐུར་མ་བྱེད་པ་ལས། འགྲོ་མཁན་ལ་སྟབས་བདེ་བོ་དང་ཕར་ཕྱོགས་མི་དེའི་འདོད་བློ་དང་ཡང་འཚམ་པའི་ཆེད་དུ་ཨ་སྒོར་དེ་དག་འཁྱེར་བཅུགས་དེ་ཕར་སོང་དེ་ཧིན་སྒོར་ལ་བསྒྱུར་ནས་རང་རང་གི་གང་འདོད་ཀྱིས་ལྷམ་ཀོག་རེ་རྒྱ་གར་ནས་ཉོ་རུ་བཅུགས་པ་ཡིན་ན་ཇི་འདྲའི་བཟང་བ་ལ། བསྐུར་མཁན་དང་འཁྱེར་མཁན། སྐུར་ས་དང་ཚང་མ་ལ་ཕན་པོ་མ་རེད་དམ། དངོས་ནས་ཁྱེད་རང་ལ་ཐུགས་ཁག་མི་འདུག བོད་པའི་གོམ་གཤིས་དེ་་ཚོ་དངོས་ནས་བསྒྱུར་རན་རེད།
ལོ་མང་དཀའ་སྡུག་བསགས་པའི་ལྗིད་ཚད་དེ།།
རྐང་ལྷམ་བཅུ་དགུས་འཇལ་བ་མི་ནུས་མེད།།
ཁྱེད་ཀྱི་མཐོང་པའི་བོད་མོ་མཛེས་མ་དེས།།
ཁྱེད་ཀྱི་ལུས་སེམས་ཚིམས་པའི་རེ་བ་ཡོད།།
“ཐོག་མར་ལས་ཀ་མི་རེག་པའི་དཀའ་ངལ། དེ་ནས་ཡིག་ཆ་མ་འགྲིག་པའི་དཀའ་ངལ། དེ་ནས་ཁྲིམས་མཐུན་གྱི་ལས་ཀ་ཞིག་མ་རེག་པའི་དཀའ་ངལ།
དེ་ནས་སླར་ཡང་ཕ་ཡུལ་ཕྱོགས་སུ་འགྲོ་རྒྱུའི་ཡིག་ཆ་བཟོ་མི་ཐུབ་པའི་དཀའ་ངལ།”
ཕྱི་སྡོད་བོད་རིགས་མང་དག་ཅིག་ལ་དཀའ་ངལ་འདི་གཅིག་མཚུངས་སུ་འཕྲད་ཀྱི་ཡོད་པར་མ་ཟད།
མང་པོ་ཞིག་ད་དུང་དཀའ་ངལ་འདི་དག་ལས་མ་ཐར་ནས་ཡོད། འོན་ཀྱང་། ཁྱོད་རྒས་སོང་རུང་དཀའ་ངལ་འདི་དག་ནས་ཐར་འདུག དེ་ཁྱེད་ཀྱི་འཇོན་ཐང་རེད་སྙམ།
ངེད་ལ་ཡང་ཡིག་ཆའི་ཐོག་གི་དཀའ་ངལ་དེ་ཚོ་འཕྲད་ཡོང་གི་འདུག འོན་ཀྱང་། ངེད་ཀྱི་རྒྱབ་ན་སློབ་གྲ་ཟེར་བའི་རྟེན་ས་ཞིག་ཡོད་ཙང་་། ག་ལེར་ག་ལེར་འགྲིག་འགྲོ་གི་འདུག
གཞན། ཁྱེད་ཀྱི་སྒྲུང་ཐུང་འདི་ཧ་ཅང་ཡག་པོ་ཞིག་བྲིས་འདུག ཁྱེད་ཀྱི་ཚིག་སྦྱོར་ཐུན་མོང་མ་ཡིན་པ་དེར་རྒྱུན་ཏུ་ནས་ཡིད་སྨོན་འཆོར། བོད་ཡིག་གི་སྒང་ནས་ཁ་གང་ལ་བསྐོར་ན་ཡང་ཁྱེད་ཀྱིས་འཇོན་གྱི་འདུག་ཞེས་ངེད་ཀྱིས་བཤད་སྤོབས།
རྒྱུ་མཚན། སྙན་ངག་ཁྱེད་ཀྱིས་འབྲི། རྩོམ་རིག་དཔྱད་བརྗོད་ཁྱེད་ཀྱིས་སྤེལ། སྤྱི་ཚོགས་དཔྱད་བརྗོད་ལ་ཁྱེད་རང་བྱང་། བསྒྱུར་རྩོམ་ལ་ཁྱེད་ཀྱིས་འཇོན།
ད་དངོས་གནས་ཁྱེད་ལ་ཁོམ་ལོང་ཞིག་ཡོད་ན། ཁྱེད་ཀྱིས་སྒྲུང་རིང་ཞིག་གམ་འཁྲབ་གཞུང་ཞིག་འབྲི་ཐུབ་ན་ཧ་ཅང་ཡག་གི། བཙན་བྱོལ་གྱི་འཚོ་བ་དང་སྤྱི་ཚོགས་གནས་སྟངས་མཚོན་ཐུབ་
པའི་སྒྲུང་རིང་ཞིག་གམ་ཡང་ན་འཁྲབ་གཞུང་ཞིག་འབྲི་རོགས་གནང་། ངེད་རང་ལྟ་བུའི་ྐློག་པ་པོ་རྣམས་ཀྱིས་སྒུག་ནས་ཡོད།
ད་ཐེངས་ཡང་གཡང་བྷས་ཡག་ཐག་ཆོད་ཅིག་བྲིས་འདུག ངོ་མ་དོན་དངོས་དང་མཐུན་དྲགས་འདུག་པའི་ཚོར་བ་ཞིག་ངང་གིས་སྐྱེ། ལྷག་པར་དུ་བོད་པ་ཚོ་ཡིག་ཆ་ཞིག་གི་ཆེད་དུ་རྒས་བཞིན་པ་འདི་ངོ་མ་བདེན་པ་རེད་ལགས།
ཨ་ལགས། ཁྱེད་ཀས་ཀྱང་དོན་དངོས་འཚོ་བ་མཚོན་པའི་སྒྲུང་གཏམ་དང་སྙན་ངག་དེ་འདྲ་མང་ཙམ་འབྲི་རོགས། ཨ་རི་ཡིན་ན་སྟོབས་ཆེན་རྒྱལ་ཁབ་དེ་ན་འབྲི་རྩོམ་གྱི་བརྗོད་བྱ་ག་ཚོད་དགོས་དགོས་ཡིན་རྒྱུ་རེད་འདོད་ཀི། ཁྱེད་ཀས་ག་དུས་ཡིན་ན་རྟོག་བཏགས་དང་འཆར་ཡན་ཡིན་ན་ཅིག་ཅིག་མ་མ་གོ་གོ་བཤད་ཀིན་བསྡད་ནས་ང་འདྲ་བོ་ཀློག་མཁན་ཆུང་ཆུང་གྲངས་ཀྱིས་གོ་དཀའ་མོ་འདུག འདི་རེ་བསྐུལ་ཅིག་ལས་གཞན་ཅང་མིན། ཁྱེད་ཁ་དྲོ།།
དཀོན་མཆོག་ཡིན་ན་འདི། ཨ་རི་ཡིན་ན་སྟོབས་ཆེན་རྒྱལ་ཁབ་དེ་ན་འབྲི་རྩོམ་གྱི་བརྗོད་བྱ་ག་ཚོད་དགོས་དགོས་ཡིན་རྒྱུ་རེད་འདོད་ཀི། ཟེར་ན་ཅི་རེད། རྩོམ་ཡིག་ཅིག་འབྲི་བརྗོད་བྱ་ལ་སྟོབ་ས་ཆེ་ཆུང་གི་ཁྱད་པར་ཡོད་ནི་ཨེ་རེད། དངོས་ནས་བླུན་བཤད་ཁོ་ན་རེད། འཛམ་གླིང་གི་གྲགས་ཅན་རྩོམ་རིགས་ཚང་མ་སྟོབས་ཆེན་རྒྱལ་ཁབ་རྐྱང་ལ་བྱུང་བ་ཨེ་རེད། དེ་ཡིན་རྩོམ་པ་པོ་ཡང་སྟོབས་ཆེན་ནམ་རྒྱུ་ཆེན་ཞིག་ཡིན་དགོས་རྒྱུ་རེད་པཱ། ཁྱེད་ཀྱི་སྐད་ཆ་འདི་ཚོར་བལྟས་ན་རྟོག་བཏགས་དང་འཆར་ཡན་ཟེར་དེ་ཚོ་ཕ་རིའི་སྤང་རྒྱན་རེད་ལོ། ཆོ་མེད་པའི་སྐད་ཆ།
དཀོན་མཆོག་ལ་ཅང་མ་ཟེར། གཅེས་ཕྲུག་དེའི་སེམས་ཕམ་གི་མ་འཇུག བུ་རམ་འདྲ་བྱིན་ནས་རྩེད་མོ་རྩེ་བར་ཐོངས།
ཚིག་སྦྱོར་ངོ་མ་བཟང་གི་