ཆུང་ཚེ་རིང་།
༸གོ༵ང་ས༵་སྣང་བྱེད་ཟླ་བ་སྟེ།།
རྒྱུ་སྐར་དབུས་སུ་མངོན་པར་འཕགས།།
ཕྱི་ནང་སྨག་ཆེན་མཐའ་རུ་བསྐྲད།།
མཁྱེ༷ན་པའི་སྣང་བས་ས་ཆེན་ཁྱབ།།
༸སྐྱབ༵ས་མགོ༵ན་ཉི་མ་གཞོན་ནུ་སྟེ།།
དུས་ལས་མ་ཡོལ་དགུང་དུ་ཤར།།
འོད་ཀྱི་སྣང་བ་ཕྱོགས་བཅུར་འགྱེད།།
བྱམས་བརྩེ༷འི་དྲོད་ཀྱིས་སྐྱེ་རྒུ་དྲོད།།
༸རྒྱ༵ལ་བ༵་ས་གཞི་ཆེན་པོ་སྟེ།།
ཉེ་རིང་མེད་པར་ཀུན་ལ་བཟོད།།
བཟང་ངན་མེད་པར་ཡོངས་ལ་བརྩེ།།
ནུ༷ས་པའི་གཏེར་གྱིས་ཐམས་ཅད་ཚིམ།།
མགོ༵ན་པོ༵་མཐའ་ཡས་ནམ་མཁའ་སྟེ།།
ཕྱི་ནང་གྲུབ་མཐའ་ཀུན་ལ་སྙོམ།།
སྲོལ་རྒྱུན་གཞུང་ལུགས་གྲུ་ཆར་འཇོ།།
དེང་རབས་རིག་གསར་འཇའ་ཚོན་བཀྲ།།
རྗེ༵་བཙུ༵ན་རི་རྒྱལ་ཏི་སེ་སྟེ།།
རྣམ་དག་ཡོན་ཏན་གངས་ཀྱིས་བརྗིད།།
མཛད་འཕྲིན་ཆུ་ཆེན་ཕྱོགས་བཅུར་ཁྱབ།།
གྲགས་སྙན་སྐྱེ་འགྲོའི་རྒྱན་དུ་ཆེ།།
སློ༵བ་དཔོ༵ན་ཆུ་གཏེར་ཆེན་པོ་སྟེ།།
ཐུགས་རྒྱུད་རིན་ཆེན་ནོར་གྱིས་གཏམས།།
འགྲོ་བ་དུ་མས་བསྟེན་ཅིང་འཚོ།།
ཐུགས་རྗེའི་རླབས་ལ་ཡོལ་བ་མེད།།
མང༵འ་བད༵ག་སྒྲོན་མེ་ཆེན་པོ་སྟེ།།
སྙིང་རྗེ་ཆེན་པོའི་སྣུམ་མར་གྱིས།།
བདེན་སྟོང་མཆོད་སྡོང་ཡོངས་སུ་འཚོས།།
ཡེ་ཤེས་མེ་ཡིས་སྲིད་གསུམ་གསལ།།
བླ༵་མ༵་ཡིད་བཞིན་ནོར་བུ་སྟེ།།
ཕྱི་ནང་འདོད་རྒུའི་དངོས་གྲུབ་སྩོལ།།
ཆོས་སྲིད་ཕན་བདེའི་ལམ་བཟང་སྟོན།།
རང་གཞན་གཏན་བདེའི་ས་ལ་འགོད།།
འདུ༵ལ་འཛི༵ན་པདྨ་དཀར་པོ་སྟེ།།
བཅས་རང་ཁ་ན་མ་ཐོ་བའི།།
ཉེས་པའི་རྡུལ་བྲལ་བཟང་པོའི་དྲིས།།
གྲོལ་བའི་ཞལ་འདབ་ཡོངས་སུ་མཛེས།།
མཁ༵ན་ཆེ༵ན་དཔའ་བོ་ཆེན་པོ་སྟེ།།
རྐྱེན་ངན་གྲོགས་སུ་བསྒྱུར་བར་མཛད།།
ཁྲོ་ལན་འཛུམ་གྱིས་བསུ་བར་མཛད།།
གནོད་ལན་ཕན་གྱིས་འཇལ་མཛད་རྒྱལ།།
ཆོས་སྲིད་མཛད་བཟང་རིན་ཆེན་གྱིས།།
བཅུ་ཕྲག་བརྒྱད་ལོན་དཔག་བསམ་ཤིང་།།
ཡལ་འདབ་སྐྱེ་འགྲོའི་རྩ་ལག་ཏུ།།
རྒྱ་ཆེ་རྒྱུན་རིང་རྒྱས་སུ་གསོལ།།
གངས་ལྗོངས་ས་འཛིན་དཀར་མོ་རུ།།
གཡུ་རལ་རྒྱས་པའི་གདོང་ལྔ་ཁྱེད།།
བསིལ་ལྗོངས་གངས་རིའི་མགོན་དཔུང་དུ།།
བསྐལ་བའི་མཐར་ཡང་བཞུགས་སུ་གསོལ།།
མདོ་རྒྱུད་བདུད་རྩིའི་བཅུད་བཟང་གིས།།
ཡོངས་གཏམས་རིན་ཆེན་བུམ་བཟང་ཁྱེད།།
སྐྱེ་འགྲོའི་ཉེར་འཚོའི་གཞི་རྟེན་དུ།།
སྲིད་མཐའི་བར་དུ་བརྟན་བཞུགས་གསོལ།།
ལྷག་བསམ་དག་པའི་རྒྱུད་སྐུད་དག།
དད་གུས་སོར་མོས་འགུལ་བཞིན་དུ།།
བསྟོད་ཚིག་དབྱངས་ཀྱི་མཆོད་པ་འདི།།
བྱ་སྒྲོ་དཀར་པོས་དགའ་བཞིན་ཕུལ།། །།