དགའ་བ་མཇེ་ཕྲུག་ནས།
དགོང་གི་ཉི་མའི་འོད་མདངས་མཁན་ནས་འཚེར།།
ན་བུན་བན་བུན་ས་གནམ་ཀུན་ལ་གྲམ།།
དབེན་གནས་ལྷིང་དུ་འཇགས་པའི་གྲུ་ཁ་ནས།།
རང་སེམས་རང་ལ་དབང་བའི་གླུ་ཞིག་གྱེར།།
བྱ་བྱིའི་ངག་འགྱུར་སྙན་མོ་རྣ་ལ་སིམ།།
དྲི་བཟང་མེ་ཏོག་སྡུག་པོ་མིག་ལ་མཛེས།།
རང་བྱུང་ཡིད་ལ་འཐད་པའི་ཞིང་ས་འདིར།།
ཁེར་རྐྱང་རྐང་ལམ་ཕྲ་མོའི་གཏམ་རྒྱུད་ཡོད།།
གསེང་མའི་མེ་ཏོག་བཞད་ཁ་ཕྱེ་བ་དང་།།
དབྱར་ཟླ་དྲུག་པའི་ཆར་ཐིགས་ལྷུང་བ་གཉིས།།
རང་བྱུང་མཛེས་པར་མྱོས་པའི་མི་རྐྱང་ངས།།
དགའ་བདེ་དཔལ་ལ་རོལ་བའི་སྐལ་བཟང་ཡིན།།
ཤང་ཤང་ཆུ་མོ་དལ་གྱིས་བཞུད་པ་དང་།།
འཇམ་འཇམ་ལྗོན་ཤིང་འདབ་ལོ་གཡོ་བ་ལས།།
ལུས་སེམས་མོས་པའི་བ་སྤུ་གནམ་ལ་ཀེར།།
མི་སེམས་གཙང་མར་སོས་དལ་རང་བཞིན་སྐྱེས།།
རི་ནགས་ཐང་གསུམ་ཁ་ཁུ་སིམ་པ་དང་།།
ས་ཆུ་གནམ་གསུམ་དྭངས་གཙང་རང་བཞིན་མངའ།།
ཕྱོགས་ཀུན་དགའ་སྣང་འཆར་བའི་ཡུལ་ལུང་འདིར།།
ཚེ་གཅིག་འཚོ་རྒྱུ་བྱུང་ན་དགའ་བ་ལ།།
བོད་མིས།
གཞིས་ལ་རྒྱ་ངན་མེད་ན་ལྷིང་འཇགས་འཚོ། །
བྱེས་ལ་རང་ཡུལ་ཡོད་ན་ལྷིང་འཇགས་འཚོ། །
གཞིས་ལ་རྡོག་རྩ་ཆིག་སྒྲིལ་ལྷིང་འཇགས་འཚོ། །
བྱེས་ལ་༸གོང་ས་མཆོག་ཡོད་ལྷིང་འཇགས་འཚོ། །
ལྷིང་འཇགས་འཚོ་སྟངས།
རང་དོན་གཅེས་འཛིན་ཆུང་བས་ལྷིང་འཇགས་འཚོ། །
གཞན་དོན་བྱང་སེམས་བསྒོམས་པས་ལྷིང་འཇགས་འཚོ། །
སྒེར་དོན་ལས་དོན་བསྒྲུབས་པས་ལྷིང་འཇགས་འཚོ། །
སྤྱི་དོན་གང་ནུས་བསྒྲུབས་པས་ལྷིང་འཇགས་འཚོ། །
ལྷིང་འཇགས་འཚོ།
རང་ལུས་འབྱུང་བཞི་མཉམ་པས་ལྷིང་འཇགས་འཚོ། །
ཁོར་ཡུག་མ་སྦག་གཙང་བས་ལྷིང་འཇགས་འཚོ། །
རང་སེམས་གཙང་མར་བཅུན་པས་ལྷིང་འཇགས་འཚོ། །
ཡུལ་ལུང་ཁྲིམས་གཙང་བསྲུངས་པས་ལྷིང་འཇགས་འཚོ། །