གསར་འགྱུར་མཁོ་སྤྲོད་པ། འཇིགས་མེད།
རྩོམ་པ་པོ་ས་དཀྱིལ་ཚེ་བཀྲ་ལགས་ཀྱི་《 ཕར་རྒྱབ་ཀྱི་ལོ་ཟླ་ 》ཞེས་པའི་ལྷུག་རྩོམ་སྙན་ངག་གི་དཔེ་དེབ་མི་རིགས་དཔེ་བསྐྲུན་ཁང་གིས་དཔར་དུ་བསྐྲུན་ནས་འགྲེམས་སྤེལ་བྱས་ཡོད་པ་རེད། རྩོམ་པ་པོས་ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡ ཉིན་《 ཕར་རྒྱབ་ཀྱི་ལོ་ཟླ་ 》 དཔར་བསྐྲུན་རྒྱུད་རིམ་ཁྲོད་དཀའ་སྡུག་དང་གེགས་རྐྱེན་མང་པོ་ཞིག་བརྒྱུད་དེ་སྒོར་ཐོན་པའི་གནས་ཚུལ་དང་། པར་སྐྲུན་ལེགས་འགྲུབ་བྱུང་བའི་སྔ་གཞུག་གང་རུང་ལ། པར་གཞི་ཇུས་འགོད་མཁན་དང་། ཞུ་དག་གནང་མཁན་བཅས་ཀྱི་བླ་མེད་ཀྱི་རྒྱབ་སྐྱོར་དང་རོགས་རམ་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ་བའི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།
དེ་ཡང་《 ཕར་རྒྱབ་ཀྱི་ལོ་ཟླ་ 》ནི་རྩོམ་པ་པོ་ས་དཀྱིལ་ཚེ་བཀྲ་ལགས་ཀྱི་ལྷུག་རྩོམ་དེབ་ཐོག་མ་དང་སྙན་དེབ་《 ཕུག་རོན་གྱི་རྣམ་ཤེས་ 》ཞེས་པ་པར་སྐྲུན་བྱས་རྗེས་ཀྱི་རྩོམ་དེབ་གཉིས་པ་ཆགས་ཡོད། ལྷུག་རྩོམ་སྙན་ངག་གི་དེབ་འདིར་རྩོམ་མཁན་ཁོང་གིས་མི་ལོ་བཅུ་ལྷག་གི་རིང་བྲིས་པའི་ལྷུག་རྩོམ་སྙན་ངག་བརྒྱ་ཕྲག་ལྷག་ལས་བདུན་ཅུར་ཉེ་བ་ཕྱོགས་བསྡུས་བྱས་ཡོད་ཅིང་། ལྷུག་རྩོམ་མང་ཆེ་བར་སྐབས་འཕྲལ་གྱི་ཚོར་བ་དང་དངོས་ཡོད་ཀྱི་འཚོ་བ། ནང་སེམས་ཀྱི་བརྩེ་བ། ཕ་ཡུལ་དང་མི་རིགས་ཀྱི་ལས་དབང་བཀྲལ་བ་སོགས་མང་དུ་ཡོད་འདུག
རྩོམ་པ་པོ་ས་དཀྱིལ་ཚེ་བཀྲ་ལགས་ནི་རེབ་གོང་རོང་བོ་ས་དཀྱིལ་སྡེ་བར་སྐྱེས་ཤིང༌། ཆུང་དུས་ནས་རྩོམ་རིག་ལ་དགའ་མོས་ཆེ་ཞིང་། ད་ལྟའི་བར་རྒྱལ་ཁབ་ཕྱི་ནང་གི་ཚགས་པར་དང་དུས་དེབ། དྲ་བ་སོགས་སུ་དེང་རབས་བོད་ཀྱི་ལྷུག་རྩོམ་སྙན་ངག་གཙོ་བྱས་བརྩམས་ཆོས་མང་པོ་བཀོད་དང་འགོད་མུས་ཡིན་པ་མ་ཟད། བརྩམས་ཆོས་ཁག་གཅིག་རྒྱ་ཡིག་དང་དབྱིན་ཡིག་ཏུའང་བསྒྱུར་ཏེ་འགྲེམས་སྤེལ་བྱས་ཡོད་པ་རེད། ཕྱི་ལོ་ ༢༠༠༤ ལོ་ནས་གཞི་རིམ་སློབ་གསོའི་ལས་བྱེད་ཀྱི་ཕྱག་ལས་གནང་བ་དང་། ད་ལྟ་རྩོམ་སྒྲིག་པའི་ཕྱག་ལས་གནང་བཞིན་ཡོད། ཁོང་ནི་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་བོད་ཀྱི་སྙན་ངག་གི་མི་རབས་གསུམ་པའི་ཚོགས་མི་བཅས་ཡིན།
ཕྱི་ལོ་ ༢༠༠༢ ལོར་ཁོང་གི་བརྩམས་ཆོས་ཕྱོགས་བསྒྲིགས་ཐོག་མ་<< ཕུག་རོན་གྱི་རྣམ་ཤེས་ >>ཞང་ཀང་ཐན་མ་དཔེ་སྐྲུན་ཀུང་ཟི་ནས་པར་སྐྲུན་དང་འགྲེམས་སྤེལ་བྱས་པ་དང་། ཁོང་གིས་ཁ་བྱང་ལ་ཡིག་འབྲུ་གཅིག་ཅན་གྱི་ལྷུག་རྩོམ་སྙན་ངག་མང་དག་ཅིག་གསར་རྩོམ་གྱིས་བསྟུད་མར་གངས་རྒྱན་མེ་ཏོག་སོགས་སུ་འགྲེམས་སྤེལ་བྱས། མི་ལོ་མང་པོའི་རིང་གསར་རྩོམ་གྱི་རྒྱུན་བསྲིངས་པ་དང་། སྒྱུ་རྩལ་རྩོམ་རིག་ལ་མྱོང་བ་དང་ལག་ལེན་གྱིས་ལྷུག་རྩོམ་སྙན་དེབ་གསར་བསྐྲུན་བྱས་པ་སོགས་ཀྱིས་རྩོམ་པ་པོ་ས་དཀྱིལ་ཚེ་བཀྲ་ལགས་ནི་བོད་ཀྱི་ལྷུག་རྩོམ་སྙན་ངག་གི་མི་སྣ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།
་་་་་་་ ཁོང་གིས་ཡིག་འབྲུ་གཅིག་ཅན་གྱི་ལྷུག་རྩོམ་སྙན་ངག་མང་དག་ཅིག་གསར་རྩོམ་གྱིས་བསྟུད་མར་གངས་རྒྱན་མེ་ཏོག་སོགས་སུ་འགྲེམས་སྤེལ་བྱས། ་་་་་་་ འདིའི་དོན་ཤེས་མ་སོང་བས་ཅིག་གིས་་་་
༼ཁ་བྱང་ལ་ཡིག་འབྲུ་གཅིག་ཅན་གྱི་ལྷུག་རྩོམ་སྙན་ངག་༽ཅེས་བྲིས་འདུག་པ་ལས་༼ཡིག་འབྲུ་གཅིག་ཅན་གྱི་ལྷུག་རྩོམ་སྙན་ངག་༽ཅེས་བྲིས་མི་འདུག
ཀརྡོ་རབ་འབྱམས་པ་ཀྱིས་གསལ་འདེབས་གནང་བ་ལྟར་ནོར་བཅོས་ཞུས་པ་ཡིན་ལགས།