ཀླུ་སྨྱོན་ཧེ་རུ་ཀ
བླ་མ་དགོས་ན་བླ་མ་བཞུགས།།
མཛེས་མ་དགོས་ན་མཛེས་མ་མང་།།
ཅ་ལག་དགོས་ན་གོང་ཁེ་བའི།།
ལྷོ་བལ་འགྲིམས་པའི་གཏམ་རྒྱུད་འབྲི།།
དང་པོ། སྔོན་དུ་མ་གླེང་ཐབས་མེད་ཀྱི་གཏམ།
སྔོན་ཆད་གུས་པ་བལ་ཡུལ་ལམ་ལྷོ་མོན་ཡུལ་དེར་རྒྱུན་མཐུད་ནས་ལོ་དྲུག་ཙམ་བསྡད་པ་ནི་མཛེས་སྡུག་སྒྱུ་མའི་ཞིང་ཁམས་དང་མི་རྟག་རྨི་ལམ་ཐུན་གཅིག་གི་ཚོར་བའི་ཀློང་དུ་འདྲེས། འདས་པའི་དུས་རབས་མང་པོའི་རིང་བོད་ཀྱི་ཆོས་པ་དང་ཚོང་བ། ཡུལ་སྐོར་བ་དང་སྲིད་དོན་པ་སོགས་ལས་རིགས་འདྲ་མིན་གྱི་མི་སྣ་མང་པོ་ཞིག་གིས་ལྷོ་བལ་ཡུལ་འདིར་རྐང་རྗེས་དཔར་ཅིང་རྔུལ་ཁྲག་གཏོར། ང་རང་བལ་ཡུལ་མཆོད་རྟེན་རྣམ་གཉིས་ཀྱི་མཐའ་རུ་སྐོར་བར་འགྲོ་ཐེངས་མང་པོ་ཞིག་ལ། རིག་འཛིན་ཚངས་དབྱངས་རྒྱ་མཚོ་དང་རྡོ་རིང་བསྟན་འཛིན་དཔལ་འབྱོར། ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ་དང་ཞབས་དཀར་ཚོགས་དྲུག་རང་གྲོལ་སོགས་བོད་ཀྱི་ལོ་རྒྱུས་ཁྲོད་དུ་གལ་ཆེ་བའི་མི་སྣ་གྲགས་ཅན་དེ་རིགས་ཀྱི་སྣང་བརྙན་རབ་རིབ་རེ་དུས་རྟག་པར་མིག་ལམ་དུ་འཆར་ཡོང་།
བོད་ལ་དུས་འགྱུར་བྱུང་བའི་རྗེས་སུ་གུ་རུ་དངོས་བྱོན་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་དང་བདུད་འཇོམས་རིན་པོ་ཆེ། འཁྲུལ་ཞིག་རྡོ་རྗེ་འཆང་ཆེན་པོ་དང་སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ། སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེ་སོགས་སྔ་འགྱུར་བའི་སྐྱེས་ཆེན་དག ཡོངས་འཛིན་བསྟན་འཛིན་རྣམ་དག་སོགས་བོན་གྱི་བླ་མ། ཟླ་བཟང་རིན་པོ་ཆེ་དང་གནས་ནང་དཔའ་བོ་སོགས་བཀའ་བརྒྱུད་པའི་བླ་མ། བླ་མ་ཡེ་ཤེས་དང་བླ་མ་བཟོད་པ་སོགས་དགེ་ལྡན་པ། བཅོ་བརྒྱད་ཁྲི་ཆེན་དང་སྡེ་གཞུང་རིན་པོ་ཆེ་སོགས་ས་སྐྱ་པའི་བླ་མ་དུ་མ་ཞིག་རི་བོ་ཧི་མ་ལ་ཡའི་རྒྱབ་རོལ་ནས་ལྷོ་བལ་གྱི་ཡུལ་འདིར་ཕེབས་འདུག་ཅིང་། ཁོང་རྣམ་པའི་བཀའ་དྲིན་གྱིས་སྔོན་ཆད་ཕྱི་རོལ་ཧིན་དུའི་སྲིད་གཞུང་དང་ཆོས་ལུགས་པའི་དབང་ཤུགས་བཙན་པོའི་འོག་ཏུ་ཧ་ཅང་ཉམ་ཆུང་བར་གནས་པའི་ཧི་མ་ལ་ཡའི་མི་རིགས་ནང་པའི་ཆོས་ཀྱི་རྗེས་འབྲངས་པ་ཚོའི་མགོ་བོ་རེ་རེ་བཞིན་དགྱེ་ཐུབ་པ་ཞིག་བྱུང་སྟེ། དེང་སྐབས་བལ་ཡུལ་དུ་ཤར་པ་དང་རྟ་མང་། གཉི་ཤང་དང་གུ་རུང་། དོལ་པོ་དང་ཙུམ་པ་སོགས་མི་རིགས་བོད་པ་འཁྲུལ་མེད་ཡིན་པའི་ནང་པའི་དད་ལྡན་པ་ཚོའི་ཆོས་རིག་དཔལ་འབྱོར་གང་ཐད་ནས་སྔོན་ཐོན་ཅན་དུ་གྱུར་དང་འགྱུར་བཞིན་ཡོད།
བལ་ཡུལ་གྱི་ས་ཡོམ་ཆེན་པོའི་སྔ་རོལ་ཏུ་བོད་དགོན་ཚོའི་ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་དག་གཅིག་ལས་གཅིག་རྫིག་བཟོ་བཀོད་ལྟ་ན་སྡུག་པར་བཞུགས་ཀྱང་། ས་ཡོམ་ཆེན་པོའི་རྐྱེན་ངན་གོད་ཆག་གིས་དཀོན་མཆོག་གི་རྟེན་གསུམ་ལ་ཡང་གཏོར་བཤིག་ཚབས་ཆེན་ཐེབས། འདས་པའི་ལོ་གཉིས་རིང་གུས་པ་བལ་ཡུལ་དུ་ཡབ་རྗེ་འཁྲུལ་ཞིག་རིན་པོ་ཆེའི་རྣམ་ཐར་འཚོལ་བསྡུའི་ཆེད་དང་། སྙིང་ཐིག་ཡ་བཞིའི་དབང་ལུང་ཞུ་ཆེད་བསྐྱོད་དུས། བལ་ཡུལ་གྱི་དགོན་སྡེ་དག་གིས་རང་རང་གི་དཔལ་འབྱོར་གྱི་འཁོས་ཀར་དཔགས་པའི་དགོན་པ་སྐྱར་གསོའི་ལས་གཞི་འདྲ་མིན་བརྩམས་དང་རྩོམ་བཞིན་པར་མཇལ་བ་དང་། ཡབ་རྗེ་བླ་མ་འཁྲུལ་ཞིག་རྡོ་རྗེ་འཆང་ཆེན་པོའི་གདན་ས་རྙིང་པ་ཐུབ་བསྟན་ཆོས་གླིང་གི་གྲྭ་བཙུན་རྣམ་པར་འཚོ་དོད་ཨ་སྒོར་ཁྲི་བཞི་འབུལ་རྒྱུ་བྱུང་བར་སྐལ་བཟང་དུ་སྒོམ་བཞིན་ཡོད། དེ་བཞིན་ཡབ་རྗེ་མཆོག་གི་སྐུ་གདུང་མཆོད་རྟེན་མཐོང་གྲོལ་ཆེན་མོར་མཇལ་རྒྱུ་བྱུང་བ་དང་། གདན་སའི་ཕྱི་ནང་གི་བཀོད་པ་དང་གྲྭ་བཙུན་རྣམ་པའི་ཉིན་རེའི་ཆོས་ཕྱོགས་ཀྱི་ལས་རིམ། མཛེས་སྡུག་རང་བྱུང་གི་ཁོར་ཡུག་དང་དེས་བསྐྱེད་པའི་ས་གནས་མི་དམངས་ཀྱི་འཚོ་བ་སོགས་ལ་རྒྱུས་ལོན། རི་བོ་ཧི་མ་ལ་ཡའི་མདུན་རྒྱབ་ཀྱི་ཆོས་དང་རིག་གཞུང་གཅིག་ཀྱང་དབང་སྒྱུར་སྲིད་གཞུང་མི་འདྲ་བའི་མི་རིགས་ཁག་གི་ལས་དབང་སོགས་ལ་རྒྱུས་ལོན་གང་འཚམ་བྱུང་བ་ཡང་རང་ཉིད་ཀྱི་མི་ཚེའི་འགྲུལ་བཞུད་རིང་མོའི་ཁྲོད་ཀྱི་ལེའུ་གལ་ཆེན་ཞིག་ཡིན།
གཉིས་པ། གླིང་སྣེ་བྱང་མ་བརྒྱུད་པའི་འགྲུལ་བཞུད།
འདས་པའི་ལོ་གཉིས་བལ་ཡུལ་དུ་ལོ་བསྟུད་མར་ཕྱིན་པའི་སྐབས་སུ། རང་ཉིད་སྡོད་སའི་ཞིང་ཆེན་འདི་ནས་འཕུར་ཏེ་ལྷོ་ཁོ་རི་ཡའི་རྒྱལ་ས་སོའི་གནམ་ཐང་དུ་ཉིན་ཕྱེད་དམ་ཆུ་ཚོད་རེ་ཟུང་ལ་སྡོད་པ་དང་། དེ་ནས་འཕུར་ཏེ་ཐའེ་ལན་སྒྲིའི་རྒྱལ་ས་སྦེན་ཁོག་གནམ་ཐང་དུ་ཆུ་ཚོད་བརྒྱད་དམ་དེ་ལས་དུས་ཡུན་རིང་ཐུང་ངེས་མེད་དུ་བསྒུགས་རྗེས་བལ་ཡུལ་དུ་འཕུར་པ་ཡིན། ཐེངས་འདིར་ངའི་སློབ་མ་རྒྱ་མོ་ཞིག་གིས་འགྲིམ་འགྲུལ་ལས་ཁུངས་གཞན་ཞིག་བརྒྱུད་ནས་Emirates Airlines གནམ་གྲུའི་འཛིན་ཡིག་མངགས་ཉོ་བྱས་པས། ས་གནས་འདི་ནས་ཨ་རབ་མནའ་འབྲེལ་རྒྱལ་ཁབ་ཀྱི་གནམ་ཐང་གྲགས་ཅན་རྡུའུ་སྦ་ཡེ་ཟེར་བ་དེར་འཕུར་དགོས་ཤིང་། དེ་ནས་བལ་ཡུལ་དུ་འཕུར་དགོས་པའི་འགྲུལ་ལམ་གསར་བ་ཞིག་རེད། དང་ཐོག་སེམས་ནང་སྤྲོ་སྣང་ཞིག་སྐྱེས་པ་སྟེ། ནམ་རྒྱུན་དྲ་ལམ་སོགས་ནས་རྡུའུ་སྦ་ཡེའི་གནམ་ཐང་གི་བཟོ་བཀོད་ཁྱད་དུ་འཕགས་པ་དེ་མཐོང་ཐེངས་རེ་རེར་གནམ་ཐང་དེ་བརྒྱུད་ནས་ལན་གཅིག་འགྲོ་རྒྱུ་བྱུང་ན་ཨང་བསམ་བཞིན་ཡོད། དེ་བས་ཐེངས་འདིར་རྒྱ་མོས་ཉོས་པའི་གནམ་གྲུའི་འཛིན་བྱང་དེས་འདོད་པ་ཚིམས་ནས་བསྒུགས་བསྡད་པ་ཡིན།
དུས་ཚོད་ནི་གློག་ལས་མྱུར་བས་ཤར་ཕྱོགས་ཀྱི་འགྲུལ་བཞུད་འདིའི་ཉིན་མོ་དེ་བསླེབས་བྱུང་། གནམ་གྲུ་ཆེན་པོ་དེ་གནམ་ཐང་ནས་བར་སྣང་དུ་འཕུར་བའི་སྐད་ཅིག་མར་སེམས་ནང་སྤྲོ་སྣང་གིས་ཁེངས། ཏོག་ཙམ་རྗེས་སུ་གནམ་གྲུའི་ཁ་ཕྱོགས་བྱང་ངོས་སུ་བསྒྱུར། ངའི་སེམས་ནང་གནམ་གྲུ་ཨ་རིའི་ཤར་ཕྱོགས་སུ་འཕུར་ཏེ་རྒྱ་མཚོ་བརྒལ་ནས་ཐད་ཀར་ཨ་རབ་ཕྱོགས་སུ་བསྐྱོད་རྒྱུ་ལོས་ཡིན་བསམས་མོད། གནམ་གྲུ་མུ་མཐུད་ནས་བྱང་ཕྱོགས་སུ་འཕུར་ཏེ་ཁེ་ན་སྒྲུའི་གྲོང་ཁྱེར་ཝེན་ཁོ་ཝེར་གྱི་བར་སྣང་ཡང་བརྒལ་ཚར་བས། སེམས་ནང་ལ་ད་ནི་གནམ་གྲུ་འདི་ཐད་ཀར་ཤར་ཕྱོགས་སུ་མི་འཕུར་བར་བྱང་ཕྱོགས་གང་ཞིག་ལ་འཕུར་བཞིན་ཡོད་དམ་བསམས་བྱུང་བས། མདུན་གྱི་རྐུབ་སྟེགས་ཀྱི་རྒྱབ་ངོས་སུ་ཡོད་པའི་འཆར་ཤེལ་དེའི་ངོས་སུ་མཛུབ་གནོན་བྱས་ཏེ་གནམ་གྲུའི་འཕུར་ལམ་བཙལ་བས། ཨ་ཙི། གནམ་གྲུ་འདི་ཐད་ཀར་སྐད་གྲགས་ཆེ་བའི་གླིང་སྣེ་བྱང་མའི་བར་སྣང་བརྒྱུད་ནས་འཕུར་རྒྱུ་རེད། ཡང་སྐྱར་སེམས་ནང་སྤྲོ་བ་གསར་བ་ཞིག་བསླེབས། ལོ་ཤས་སྔོན་བླ་རུང་གི་སྐྱེས་བུ་དམ་པ་རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ་མཆོག་གླིང་སྣེ་བྱང་མར་ཕེབས་པའི་འདྲ་པར་ཞིག་མཇལ་བ་མ་གཏོགས། ད་ཕན་བོད་པ་ཞིག་གླིང་སྣེ་བྱང་མར་བསླེབས་པའི་སྐོར་ལ་གསར་འགྱུར་ཅི་ཡང་མཐོང་མ་མྱོང་། ད་ནི་རང་ཉིད་གླིང་སྣེ་བྱང་མ་བརྒྱུད་དེ་འགྲུལ་བཞུད་བྱེད་པ་འདི་ནི་རང་ཉིད་དང་རང་གི་མི་རིགས་འདིའི་ལོ་རྒྱུས་ནང་གི་ལེའུ་ཆུང་ཆུང་ཞིག་རེད་བསམས། ཆུ་ཚོད་འགའི་རྗེས་སུ་གནམ་གྲུ་ངོ་མ་གླིང་སྣེ་བྱང་མའི་བར་སྣང་དུ་བསླེབས་བྱུང་། སྒེའུ་ཁུང་ནས་མར་བལྟས་པ་ན་ངོ་མ་མཛེས་སྡུག་ལྡན་པའི་གླིང་སྣེ་བྱང་མའི་ཡུལ་ལྗོངས་མཐོང་བྱུང་། རྔམ་བརྗིད་ལྡན་པའི་བྲག་རི་སྣ་ཚོགས་དང་ལུང་གཞོང་ཟབ་མོ། ཁ་བས་གཡོགས་པའི་རི་ཚོགས་དང་འཁྱག་པས་བསྡམས་པའི་མཚེའུ་སྣ་ཚོགས། མི་དང་དུད་འགྲོའི་རིགས་ཅི་ཡང་མཐོང་རྒྱུ་མེད་པའི་ངོ་མཚར་ཆེ་བའི་སྦས་ཡུལ་ཞིག གཅིག་བྱས་ན་རང་རེའི་གསང་སྔགས་གསར་མ་བ་ཚོའི་སེམས་ནང་གི་དག་ཞིང་ཤམ་བྷ་ལ་ཞེས་པ་དེ་ཡང་གནས་འདིའི་ཕྱོགས་ག་ཤེད་ཅིག་ན་མེད་པའི་ངེས་པ་ག་ལ་ཡོད། ད་དུང་རིགས་ལྡན་གྱི་ཕོ་བྲང་དང་དུས་འཁོར་གྱི་བློས་བསླངས། གྲོང་ཁྱེར་བྱེ་བ་དགུ་བཅུ་རྩ་གྲངས། ཆེས་སྔོན་ཐོན་ཅན་གྱི་དམག་སྤྱོད་ཡོ་ཆས་འདྲ་མིན། གང་ལྟར་མི་མེད་འཇིག་རྟེན་འདིར་ཡང་རང་ཉིད་སྐྱེ་བ་གྲངས་མེད་ཅིག་བླངས་ཏེ་དགའ་སྐྱོ་གྲངས་མེད་ཅིག་མྱངས་ཡོད་པ་དྲན་ཡོང་། ཡང་སེམས་ནང་གལ་སྲིད་གནམ་གྲུར་སྐྱོན་ཤོར་ནས་གནས་འདིར་འབབ་དགོས་བྱུང་ན་ཅི་དྲགས། སྔོན་ཆད་ལོ་རབས་དྲུག་ཅུ་བའི་ནང་ཡིན་ནམ་དེ་འདྲ་ཞིག་ལ་ལྷོ་ཨ་མེ་རི་ཀའི་རྒྱལ་ཁབ་ཅིག་ཏུ་ལུས་རྩལ་བའི་གནམ་གྲུ་ཞིག་ལ་སྐྱོན་ཤོར་ནས་སར་བརྡབས་ཤིང་། དེའི་ནང་གི་འགྲུལ་བ་མང་ཤོས་གསོན་པར་གནས་ཀྱང་རིམ་བཞིན་ཟ་མ་རྫོགས་ནས་གཤིན་པོ་ཚོའི་ལུས་ཀྱི་ཤ་བཀོགས་ནས་ཟོས་ཤིང་། མཐར་གཤིན་པོ་མང་ཤོས་ཀྱི་ཤ་ཟོས་ནས་རྫོགས་ཀྱང་ཁོ་ཚོ་བཙལ་ནས་ཡོང་མཁན་མ་བྱུང་བས། བློ་ཁོག་ཆེ་བའི་མི་འགས་གངས་རི་བརྒལ་ནས་གྲོང་གསེབ་ཅིག་ལ་བསླེབས་ཏེ་ཁོ་ཚོའི་ཡ་ང་བའི་གནས་ཚུལ་དེ་བརྗོད་པས། གསར་འགྱུར་དེས་འཛམ་གླིང་ཧྲིལ་བོ་ཧ་ལས་ཤིང་ཧང་སངས་པར་བྱས་པའི་གློག་བརྙན་དེ་ཡང་མིག་ལམ་དུ་ཤར་བྱུང་།
གང་ལྟར་གནམ་གྲུ་ཆེན་པོ་འདི་མུ་མཐུད་དུ་འཕུར་བཞིན་འདུག ངའི་འཁྲིས་ཀྱི་རྐུབ་སྟེགས་གཉིས་སྟོང་པ་རེད། གོ་སྐབས་དམ་འཛིན་གྱིས་གན་རྐྱལ་དུ་ཉལ་བས་གཉིད་ཁུག་སོང་། གཉིད་ལས་སད་དུས་གནམ་གྲུས་གླིང་སྣེ་བྱང་མ་དང་ཡོ་རོབ་བྱང་རྒྱུད་བརྒལ་ནས་དཀྱིལ་ཤར་ས་ཁུལ་དུ་བསླེབས་འདུག ཆུ་ཚོད་གཉིས་ཀྱི་རྗེས་སུ་རྡུའུ་སྦ་ཡེ་གནམ་ཐང་དུ་བསླེབས། ལས་ཀ་བྱེད་མཁན་ཚོ་རྒྱ་གར་བ་དང་མ་ལེ་ཤི་ཡའི་མི་རིགས་མང་པོ་འདུག ཚོང་ཁང་ཆུང་ཆུང་དེ་ཚོའི་ནང་དུ་ཁ་ཆེའི་རིག་གཞུང་གི་ཚོས་གཞི་སྟུག་པའི་ཅ་ལག་ཆུང་ཆུང་སྙིང་རྗེ་བོ་མང་པོ་ཞིག་འདུག ཡིན་ན་ཡང་། གནམ་ཐང་གི་མགྲོན་པོ་མང་ཆེ་བ་ཞྭ་དཀར་གྱོན་པའི་ཁ་ཆེ་བ་རེད་འདུག ཚོར་བ་གཅུམས་སོང་། སྤྱིར་ན་རྒྱལ་ཁབ་འདིའི་ནང་དུ་དམག་འཁྲུག་ཛ་དྲག་དེ་འདྲ་མེད་ཀྱང་འཇིགས་སྐུལ་བའི་ཉེན་བརྡ་དུས་རྟག་པར་ཡོད། ཨ་རིའི་མི་སེར་གྱི་ལག་ཁྱེར་དང་ནང་པའི་ཆོས་དད་པའི་གྱོན་ཆས་གཉིས་གནས་འདིར་དེ་འདྲའི་དགའ་བསུ་བྱེད་པ་ཞིག་ག་ལ་ཡིན། གང་ལྟར་སེམས་ནང་མི་སྐྱིད་པའི་ཚོར་བ་ཞིག་བསླེབས། རང་གི་སློབ་མ་ཁ་ན་སྒྲར་ཡོད་པ་ཞིག་ལ་སྐད་འཕྲིན་བརྒྱུད་ནས་འབྲེལ་བ་བྱས་ཏེ་རང་ཉིད་ཀྱི་ཚོར་སྣང་དེ་བརྗོད། དེ་བཞིན་ཕྱིར་ལོག་དུས་ཡང་སྐྱར་གླིང་སྣེ་བྱང་མ་བརྒྱུད་དེ་དུས་ཚོད་ཐོལ་བ་མང་པོ་ཞིག་འགྲུལ་བཞུད་ཀྱི་ཆེད་དུ་གཏོང་མི་དགོས་པ་བྱུང་ན་རབ་ཡིན་ལུགས་བརྗོད། མཐར་སློབ་མ་དེས་རང་ཉིད་ཀྱི་ཚུར་ལམ་བརྗེས་ཏེ་ལྷོ་ཁོ་རི་ཡ་བརྒྱུད་ནས་འཕུར་བའི་གནམ་གྲུའི་འཛིན་ཡིག་ཅིག་ཉོས།
བལ་ཡུལ་གནམ་ཐང་དུ་བསླེབས་དུས་སྔོན་ཆད་བཞིན་གནམ་ཐང་ཆུང་ཆུང་དེར་འགྱུར་ལྡོག་གསར་སྤྲོས་ཅི་ཡང་མེད། འགེངས་ཤོག་ཅིག་དང་འདྲ་པར་གཉིས། ཨ་སྒོར་བཞི་བཅུ་བཅས་སྤྲད་དེ་བལ་ཡུལ་དུ་ཟླ་གཅིག་སྡོད་ཆོག་པའི་ཐོངས་མཆན་ཞུས། རང་སློབ་རྙིང་པ་རྒྱ་མོ་དེ་གནམ་ཐང་དུ་རང་ཉིད་བསུ་རུ་འབྱོར་འདུག མགྲོན་ཁང་དུ་བསླེབས་དུས་ཁྲུས་ཁང་གསང་སྤྱོད་ཕྱི་རོལ་ན་མ་གཏོགས་མེད་པའི་ཁང་མིག་ཅིག་ལས་ལྷགས་མི་འདུག ཡིན་ཡང་ཉིན་མོར་ཆོས་ཞུ་རུ་འགྲོ་དགོས་པས་རྙོག་དྲ་མ་བཤད། ཀློང་ཆེན་པས་རིག་འཛིན་ཀུ་མ་ར་ཛ་ལས་ཆོས་ཞུ་དུས་སྒྱེ་མོ་ཞིག་གིས་གོས་སྟན་གཉིས་གོ་ཆོད་པར་བྱས་པའི་རྣམ་ཐར་དྲན་བྱུང་། དེ་ལ་དཔགས་ན་ངའི་མགྲོན་ཁང་འདི་ནི་རྒྱལ་པོའི་ཕོ་བྲང་ལྟ་བུ་ཞིག་ལོས་ཡིན། ཟ་མ་ཞིག་ཟོས་རྗེས་ཐད་ཀར་ཞེ་ཆེན་དགོན་པར་བསྐྱོད་དེ་ཆོས་ཞུའི་ཐོབ་ཐང་ལག་ཁྱེར་དེ་བླངས། དེ་ནས་མཆོད་རྟེན་ཆེན་པོའི་སྐོར་ལམ་དུ་བསྐྱོད། མཆོད་རྟེན་མཇལ་མ་ཐག་སེམས་ནང་ཞི་བདེའི་སྣང་བ་ཟད་མི་ཤེས་པ་ཞིག་སྐྱེས། སྐོར་ལམ་རང་དུ་ཐོད་པ་སར་གཏུགས་ནས་ཕྱག་གསུམ་བཙལ།
ཉིན་གཉིས་ཀྱི་རིང་ལ་མཆོད་རྟེན་ཆེན་པོར་སྐོར་བ་བརྒྱབ་ཅིང་ཅ་ལག་ཕྲན་བུ་རེ་ཉོས། རང་སློབ་རྒྱ་མོ་གཞན་ཞིག་བསླེབས་པ་དང་འགྲོགས་ནས་འཕགས་པ་ཤིང་ཀུན་མཆོད་རྟེན་ལ་ཡང་མཆོད་མཇལ་དུ་བསྐྱོད། མཆོད་རྟེན་ལྟག་རྒྱབ་ཏུ་བཞེངས་པའི་མགོན་པོ་འོད་དཔག་མེད་དང་གུ་རུ་རིན་པོ་ཆེ། སྤྱན་རས་གཟིགས་གསུམ་གྱི་སྐུ་བརྙན་བྱིན་རླབས་ཆེན་པོ་ཅན་དེ་ཚོར་ཡང་མཇལ། ཉིན་གཉིས་རྗེས་སེམས་ནང་ཕྱི་སྐྱོད་ལག་ཁྱེར་ནང་གི་བལ་བོའི་ཐོངས་མཆན་ལ་ལྟ་རྒྱུ་མ་བྱུང་བ་དེར་ཅིག་འགྲིག་མེད་པའི་ཚོར་སྣང་ཞིག་སྐྱེས་པས་དེ་འཕྲལ་ལག་ཁྱེར་དེབ་ཀྱི་ཁ་ཕྱེས་ནས་བལྟས་པ་ན། ཨ་ཙི། གནམ་ཐང་ལས་བྱེད་བུད་མེད་རྐུབ་ལ་རྒྱོ་རྒྱུ་མ་དེས་ང་ལ་བདུན་ཕྲག་གཉིས་ཀྱི་ཐོངས་མཆན་མ་གཏོགས་སྤྲད་མི་འདུག རླུང་རྟ་བརྒྱུགས་པ་ཞིག་ལ་ད་དུང་ཐོངས་མཆན་ཞུ་བའི་དུས་ཚོད་འདུག དེ་ནས་ཐད་ཀར་ཨ་རི་ནས་ཕེབས་པའི་སྤྲུལ་སྐུ་གསང་སྔགས་བསྟན་འཛིན་རིན་པོ་ཆེར་དེ་ལུགས་ཞུས། ཁོང་གིས། ཞེ་ཆེན་བཤད་གྲྭའི་མཁན་པོ་ཞིག་ཡོད་པས་ནམ་རྒྱུན་ཐོངས་མཁན་འཕར་མ་ཞུ་མཁན་ཚོར་རོགས་རམ་ཡག་པོ་གནང་གི་ཡོད་པས་ཁོང་ལ་འབྲེལ་བ་ཞིག་ཞུས་ན་གསུངས། ལམ་སེང་བཤད་གྲྭའི་མཁན་པོའི་རྩར་བཅར་ནས་གནས་ལུགས་ཞུས། མཁན་པོ་ཁོང་ནི་ཧ་ཅང་གུས་ཞབས་དང་ཐུགས་སེམས་དཀར་པ་ཞིག་ལགས་པས། དེ་མ་ཐག་ཏུ་རོགས་རམ་གནང་རྒྱུའི་ཞལ་བཞེས་ཐོབ་པར་བློ་བདེ་བོར་གྱུར།
གསུམ་པ། འཇིགས་མེད་གླིང་པ་དང་དཔལ་སྤྲུལ་གསུང་འབུམ་ལྗགས་ལུང་།
རང་ཉིད་ལ་མཚོན་ན་ཀུན་མཁྱེན་རོང་ཀློང་འཇིགས་གསུམ་གྱི་གསུང་འབུམ་ཁྲོད་གང་འཚམ་རེར་མཇལ་བ་དང་། སྔ་ལོར་རྗེ་བླ་མ་ཁྱབ་བདག་སངས་རྒྱས་འགྲོ་བའི་མཉན་པ་རིན་པོ་ཆེའི་སྐུ་མདུན་ནས་ཀུན་མཁྱེན་ཆེན་པོ་ཀློང་ཆེན་རབ་འབྱམས་པའི་ཟབ་གསང་ཐུགས་ཀྱི་བཅུད་འདུས་སྙིང་ཐིག་ཡ་བཞིའི་བཀའ་དབང་དང་ལྗགས་ལུང་ཟབ་མོ་ཡོངས་རྫོགས་ཐོབ་ཅིང་། དེ་དུས་ཞེ་ཆེན་དགོན་སོགས་ཀྱི་བླ་མ་མཁན་པོ་མང་པོར་རྒྱུས་ཡོད་དུ་གྱུར། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ནས་ཕེབས་པའི་སྔ་འགྱུར་བའི་སྔགས་འཆང་རིག་པ་འཛིན་པ་གང་འཚམ་རེར་ཡང་གྲོགས་འབྲེལ་འཛུགས་ཐུབ་པ་བྱུང་། འགྲིམ་འགྲུལ་སོགས་གང་ཅིའི་ཐད་མཐུན་རྐྱེན་ཧ་ཅང་དཀོན་པའི་ཧི་མ་ལ་ཡའི་རི་ཀླུང་དུ་ཡང་ཁོང་རྣམ་པས་དཀའ་སྤྱད་འབད་བརྩོན་གྱིས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་གསང་ཆེན་སྔ་འགྱུར་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་ཆེད་དུ་ཕྱག་ལས་རྒྱ་ཆེན་གནང་དང་གནང་བཞིན་པར་ངོ་མཚར་དང་རྗེས་སུ་ཡི་རང་ཆེན་པོ་སྐྱེས།
སྤྱི་ཟླ་ལྔ་པའི་ཚེས་བཅུ་གཉིས་ནས་དབུ་བརྩམས་ཏེ་རྗེ་བླ་མ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་བཤད་སྒྲུབ་ཆོས་ཀྱི་སེང་གེ་ཞེས་པའི་རིག་པ་འཛིན་པ་ཆེན་པོ། ཨོ་རྒྱན་ཆེན་པོའི་ཞལ་ཚབ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་ཐུགས་སྲས་རྣམ་བཞིའི་ཡ་གྱལ་དང་རིགས་དང་ཆོས་ཀྱི་བརྒྱུད་འཛིན་པ་ཆེན་པོར་བཞེངས་པ། མཁས་བཙུན་བཟང་པོའི་ཡོན་ཏན་དུ་མས་མངོན་པར་མཐོ་བ་གང་གི་ཞབས་དྲུང་དུ། སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་དང་མཁན་ཆེན་པདྨ་ཤེས་རབ། འབྲུག་ནས་འཁྲུངས་པའི་བདུད་འཇོམས་ཡང་སྲིད་དང་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་རྣམ་གཉིས་ལས་སྐུའི་ཚ་རིགས་སུ་འཁྲུངས་པ། རྣལ་འབྱོར་བ་ཆེན་པོ་འཇིགས་མེད་རྣམ་རྒྱལ་རིན་པོ་ཆེ་དང་སློབ་དཔོན་སྣ་ཚོགས་གཟུགས་ཅན། མཁའ་འགྲོ་ཚེ་རིང་མ་དང་གཙང་མཐའ་མཁའ་འགྲོ་སོགས་སྔ་འགྱུར་རྙིང་མའི་སྤྲུལ་སྐུ་དང་མཁན་སློབ་དཔོན་དུ་མ། འབྲི་གུང་ནུབ་པ་རིན་པོ་ཆེ་དང་སོགས་ཆོས་བརྒྱུད་གཞན་པའི་བླ་མ་དགེ་བའི་བཤེས་གཉེན་མང་པོ། གཞན་སྔགས་པ་ཕོ་མོ་གྲྭ་བཙུན་སོགས་གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་ཆོས་ཞུ་བ་སྟོང་ཕྲག་དུ་མ་ལྷན་དུ་འདུས་ནས་ཟབ་གསང་ཆོས་ཀྱི་བདུད་རྩིར་རོལ་བ་ནི་ངོ་མཚར་ལས་ངོ་མཚར་ཆེ་བ་ཞིག་ལགས། དེ་ཡང་ཉི་མ་རེ་རེའི་ཞོགས་པའི་ཆུ་ཚོད་བདུན་དང་ཕྱེད་ཀ་ནས་དགོང་དྲོའི་ཆུ་ཚོད་དྲུག་པ་བར་གུང་གསེང་གི་ཉི་མ་ཡང་མེད་པའི་ཆོས་ཀྱི་དགའ་སྟོན་ཆེན་པོ་ཞིག་སྟེ། ཐོག་མར་ཀུན་མཁྱེན་ཆེན་པོ་རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ་ཨ་འཛོམས་པར་མ་པོད་བཅུ་དྲུག་གི་བདག་ཉིད་ཅན་གྱི་ལྗགས་ལུང་དང་། དེ་རྗེས་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་སླར་ཡང་མགོ་ནག་བོད་མིའི་གཟུགས་སུ་བྱོན་པ་རྫ་དཔལ་སྤྲུལ་རིན་པོ་ཆེའི་གསུང་འབུམ་པོད་དྲུག་གི་བདག་ཉིད་ཅན་གཉིས་ཀྱི་ལྗགས་ལུང་བསྩལ། དེ་རྗེས་སྙིང་ཐིག་རྩ་པོད་ལས་བྱུང་བའི་བཀའ་དབང་ཟབ་མོ་དག་རིམ་པར་བསྩལ་ཅིང་། རྗེ་བླ་མ་ཞེ་ཆེན་རབ་འབྱམས་པ་འདིི་ཉིད་དགུང་གྲངས་གཞོན་ཞིང་སྐུ་སྙུང་ཙམ་ཡང་མ་བཞེས་པར་གསུང་གདངས་སྙན་མོ་ཐོས་གྲོལ་ཡན་ལག་དྲུག་ཅུའི་དབྱངས་སུ་བརྒྱུས་པའི་ལྗགས་ལུང་ཟབ་མོས་ཉི་མ་རེ་རེའི་ཆུ་ཚོད་མང་པོ་ཡང་སྐད་ཅིག་ལ་རྫོགས་པ་ལྟ་བུའི་སྣང་བ་བརྒྱུད་མར་སྐྱེས། ཉིན་མཐའ་མར་བླ་སྤྲུལ་མཁན་སློབ་བརྒྱ་ཕྲག་ཁ་ཤས་ལ་སྔ་འགྱུར་བའི་སྲུང་མ་ཁྱད་པར་ཅན་སྔགས་ཀྱི་བདག་མོ་ཨེ་ཀ་ཛ་ཊི་དང་ཚེ་རིང་མཆེད་ལྔའི་སྲོག་གཏད་ཀྱི་བཀའ་དབང་བསྩལ། དབང་གྲལ་དུ་གཙང་ཐ་མཁའ་འགྲོ་ངེད་གཉིས་སྡོད་ས་གཅིག་ཏུ་ཁེལ། མོས་ང་ལ་མེ་ཏོག་དམར་པོ་སྙིང་རྗེ་བོ་ཞིག་སྤྲད་པ་དབང་གི་མཇུག་ཏུ་སྐྱབས་རྗེ་རབ་འབྱམས་རིན་པོ་ཆེར་ཕུལ། ཁོང་གིས་འདི་ཅི་རེད་གསུངས་པར་ཁྱེད་ལ་འབུལ་བ་ཡིན་ཞེས་ཞུས་ཤིང་། སློབ་དཔོན་སྣ་ཚོགས་གཟུགས་ཅན་ཚང་དང་གཙང་ཐ་མཁའ་འགྲོ གུས་པ་བཅས་ཀྱིས་སྐྱབས་རྗེ་རིན་པོ་ཆེའི་ལྷན་དུ་པར་བསྒྲོན་དུས་ཁོང་གི་ཕྱག་ཏུ་མེ་ཏོག་དེ་བསྣམས་ཡོད་བསམས། དབང་གི་རྗེས་སུ་སློབ་དཔོན་སྣ་ཚོགས་གཟུགས་ཅན་ཚང་དང་གཙང་ཐ་མཁའ་འགྲོ ང་རང་སོགས་དགེ་གྲགས་རིན་པོ་ཆེས་མགྲོན་འབོད་བཞིན་པོ་ཏ་ལ་ཟ་ཁང་དུ་བསྐྱོད་ནས་གུང་ཟས་མཆོད་ཅིང་ཁ་བརྡ་ཅུང་ལྷོད་པོ་ཞིག་བྱེད་རྒྱུ་བྱུང་། གཙང་ཐ་མཁའ་འགྲོས་ང་ལ་ཁྱེད་ཀྱིས་ཨམ་སྐད་དག་མ་ཞིག་བཤད་ཀི་འདུག་པས་གོ་ན་དགེ་བ་ཞིག་རེད་གསུངས། བདག་དང་ཁ་ན་སྒྲར་ཡོད་པའི་བདག་གི་སློབ་ཚོགས་མི་འདྲ་བ་གཉིས་ཀྱིས་སྐྱབས་རྗེ་རབ་འབྱམས་རིན་པོ་ཆེའི་གསུང་ཆོས་ཀྱི་སྐབས་སུ་མཎ་ཌལ་རྟེན་གསུམ་སྐུ་འགྱེད་མང་ཇའི་དོད་སོགས་ནེ་སྒོར་འབུམ་བཞི་ལྷག་ཐེངས་གཉིས་ལ་འབུལ་རྒྱུ་བྱུང་བ་བསོད་ནམས་ཀྱི་ཚོགས་བསགས་བཟང་པོར་བསྒོམས།
ཕྱོགས་གཞན་ཞིག་ནས་རང་ཉིད་ལོ་མང་རིང་བོད་ཀྱི་སྲོལ་རྒྱུན་ཚོགས་ཆོས་གྲྭ་འགྲིམ་དགོས་པའི་དགོན་སྡེ་དག་དང་ཁ་བྲལ་བས། ཆུ་ཚོད་མང་པོར་སྐྱིལ་ཀྲུང་དུ་སྡོད་དུས་པུས་མོ་དང་རྐེད་པ་ན་བའི་དཀའ་ངལ་ཞིག་ལོ་ཤས་སྔོན་ནས་ཡོད་པ་དང་། གྲལ་མཛེས་སློབ་དཔོན་སྣ་ཚོགས་གཟུགས་ཅན་ཚང་ལ་ཡང་དཀའ་ངལ་དེ་ཕལ་ཆེར་གཅིག་མཚུངས་སུ་འདུག་པས། གསུང་ཆོས་དབུ་བཙུགས་ནས་ཆུ་ཚོད་རེ་ཟུང་གི་རྗེས་སུ་གཟན་འོག་ནས་རྐང་གཡས་བརྐྱངས་གཡོན་བསྐུམས་ཐེངས་མང་བྱེད་དགོས་བྱུང་། དེ་ཡང་གསུང་ཆོས་འདིའི་སྐབས་སུ་མཐོ་བླ་ཆེན་གྱི་བཞུགས་གྲལ་ནས་དགའ་མི་དམངས་དཀྱུས་མའི་བར་དུ་གོས་དཀར་ལྕང་ལོའི་སྡེ་ནས་རབ་བྱུང་ངུར་སྨྲིག་གི་སྡེ་གཉིས་དཔུང་པ་མཉམ་གཤིབས་གནང་ནས་བཞུགས་པ་འདི་ཡང་ཆོས་བརྒྱུད་གཞན་ལ་ཕལ་ཆེར་མི་སྲིད་པའི་བཞུགས་གྲལ་སྒྲིག་སྟངས་ངོ་མཚར་བ་ཞིག་ཏུ་མཇལ་ཞིང་། གྲལ་གྲོགས་རྡོ་རྗེ་མཆེད་ལྕམ་ཚང་མས་གཅིག་གིས་གཅིག་ལ་དག་སྣང་གུས་ཞབས་ཆེན་པོ་བྱེད་པ་དེ་ཡང་ཆོས་བརྒྱུད་གཞན་པའི་ཆོས་གྲལ་ནས་ཧ་ཅང་མཐོང་དཀོན་པ་ཞིག་རེད་བསམས། དཀར་ཡོལ་ཚོང་ཁང་ཞིག་ནས་ཇ་ཕོར་སེར་ཁྲ་སྙིང་རྗེ་བོ་གཉིས་ཉོས་ནས་གཅིག་སློབ་དཔོན་སྣ་ཚོགས་གཟུགས་ཅན་ཚང་ལ་ཕུལ་བར་ཁོང་ཐུགས་མཉེས་པོ་གནང་བ་འདི་ཡང་སྐྱེས་བུ་དམ་པར་ཟང་ཟིང་གི་འབྲེལ་བ་འཇོག་ཐབས་ཤིག་ཏུ་མཐོང་། སློབ་དཔོན་ཚང་གིས་ཁོང་གིས་བོད་ནས་གོང་ཆེན་གནང་སྟེ་ཉོས་པའི་མཆོང་གཟི་ཆོས་འབྱུང་ངམ་ཧེ་རུ་ཀའི་ལས་རྟགས་ཡོད་པ་ཧ་ཅང་གཟི་བྱིན་འབར་བ་ཞིག་ཡོད་པ་ཁོ་བོར་དད་རྟེན་དུ་གནང་བ་ཨེ་མ་ཧོ། ད་དུང་སློབ་དཔོན་ཚང་ལ་ལག་འདོགས་ཆུ་ཚོད་གོང་ཆེན་ཞིག་ཡོད་པ་ཡང་ཉིན་ཤས་རྗེས་ངེད་གཉིས་ཀྱི་རྒྱབ་ཏུ་བཞུགས་པའི་དོལ་བོའི་སྔགས་འཆང་རིན་པོ་ཆེ་རྩ་ཆེན་ཞིག་བཞུགས་པའི་དེའི་སྲས་ལ་ལེགས་སྐྱེས་སུ་གནང་ཟིན་འདུག སྤྱིར་ན་ཐེངས་འདིར་ཚེས་སུམ་ཅུ་ཉིན་སློབ་དཔོན་ཚང་དང་ངེད་གཉིས་གནམ་གྲུ་གཅིག་ཏུ་ཁེལ་ཡོད་ཀྱང་ངས་གནམ་གྲུ་བརྗེས་ཟིན་པས་ཁོང་དང་ལྷན་དུ་རྡུ་སྦ་ཡེ་བར་འཕུར་ཐབས་བྲལ་ཡང་གནམ་ཐང་དུ་ཆུ་ཚོད་གཉིས་ལྷག་ཅིག་འཚིག་ཇ་དང་ཟ་མར་རོལ་བའི་གོ་སྐབས་བཟང་པོ་ཞིག་བྱུང་། ཁོང་གི་གནམ་གྲུ་དེ་བལ་ཡུལ་ནས་འཕུར་ཏེ་ཅུང་མ་འགོར་བར་ཛ་དྲག་ངང་རྒྱ་གར་གྱི་གྲོང་ཁྱེར་ལག་ནའོ་ལ་འབབ་དགོས་བྱུང་ཞིང་། དེ་རུ་ལྷུ་ལག་ལ་ཞིག་གསོ་བྱས་རྗེས་གཞི་ནས་རྡུ་སྦ་ཡེ་ལ་འུར་ཐུབ་པ་བྱུང་འདུག
དེ་བཞིན་ཐེངས་འདིར་ཧྰུཾ་ཏྲཾ་བླ་བྲང་གི་སྤྲུལ་པའི་སྐུ་མཆེད་གསུམ་གྱི་བཀའ་དྲིན་བདག་རྐྱེན་ལ་བརྟེན་ནས་རྫ་བླ་མ་འཇིགས་མེད་རྣམ་རྒྱལ་རིན་པོ་ཆེ་མཆོག་ལས་ཀློང་ཆེན་སྙིང་ཐིག་གི་ཉམས་ལེན་གྱི་ཆ་ལག་ཧ་ཅང་གལ་ཆེ་བ་རྩ་རླུང་འཁྲུལ་འཁོར་ཉེར་གཅིག་གི་བཀའ་ཁྲིད་དང་དཔེ་ཆའི་ལྗགས་ལུང་ཐོབ་ཅིང་། ཁྲིད་དཔོན་འབྲུག་སྤྲུལ་འཆར་ཁའི་ལང་ཚོ་མཆོག་ལས་འཁྲུལ་འཁོར་གྱི་མཛུབ་ཁྲིད་ཐོབ། ཡང་ལེ་ཤོད་དུ་བསྐྱོད་ནས་བོད་དུ་འཁྲུངས་པའི་བདུད་འཇོམས་ཡང་སྲིད་རིན་པོ་ཆེའི་ཕྱག་དབང་དང་སྒེར་ཞུས་ཚིག་བདུན་གསོལ་འདེབས་ཀྱི་ལྗགས་ལུང་ཐོབ། གེ་སར་གཏེར་ཆེན་ནམ་མཁའ་རིན་པོ་ཆེ་ལས་ཁོང་གི་དགོངས་གཏེར་གེ་སར་དྲག་པོའི་དབང་གི་དཀྱིལ་འཁོར་དུ་སྨིན་པར་མཛད། མཁན་ཆེན་རྣམ་གྲོལ་རིན་པོ་ཆེས་བཞེངས་པའི་བཀའ་བརྒྱད་ཞི་ཁྲོའི་བློས་བསླངས་ངོ་མཚར་བ་དང་། རྗེ་བླ་མ་བྱ་བྲལ་རིན་པོ་ཆེས་བཞེངས་པའི་རྡོ་ནག་གི་མཆོད་རྟེན་རིག་འཛིན་འཇིགས་མེད་གླིང་པའི་ཕྱག་མཛུབ་ནང་བཞུགས་ཅན་དེར་ཡང་མཇལ། མཁའ་འགྲོ་ཚེ་རིང་མ་དང་གཙང་ཐ་མཁའ་འགྲོ་མ་གཉིས་ལ་ཡང་སྐད་འཕྲིན་སོགས་ཀྱི་འབྲེལ་ལམ་སྟབས་བདེ་རེ་ཞུས་པ་དང་། འབྲུག་ནས་ཡིན་པའི་གྲྭ་གཞོན་རྩོམ་པ་པོ་ཞིག་གིས་གྲྭ་ཆུང་སྨྱོན་པ་ཞེས་པའི་སྒྲུང་དེབ་མཐུག་པོ་སྟོད་སྨད་གཉིས་ཡོད་པ་ཞིག་བསྟན་ནས་ལོ་མང་རིང་ཁྱེད་ཀྱི་བརྩམས་སྒྲུང་བཀླགས་པའི་རྐྱེན་གྱིས་འདི་འདྲ་ཞིག་འབྲི་ཐུབ་སོང་བས། དུས་རྟག་ཏུ་ཁྱེད་ལ་བཀའ་དྲིན་ཆེ་ཞུ་བཞིན་ཡོད་ཟེར། ཨ་འདུས་སྐལ་བཟང་རྒྱ་མཚོར་ཡང་འཕྲད་ནས་ཁོང་གིས་བརྩམས་པའི་བཅོ་བརྒྱད་ཁྲི་ཆེན་རྣམ་ཐར་དེབ་ཅིག་སྤྲད་སོང་ལ། ཁོང་གིས་མཁན་ཆེན་ཨ་པད་རིན་པོ་ཆེའི་རྣམ་ཐར་ཕལ་ཆེར་བརྩམས་གྲུབ་ཡོད་འདུག དེ་བཞིན་ཏྰ་ལའི་བླ་མ་མཐོ་སློབ་དང་བྷིང་ལོར་མཐོ་སློབ་སོགས་སུ་སློབ་སྦྱོང་བྱེད་བཞིན་པའི་ན་གཞོན་རྩོམ་པ་པོ་འགའ་རེས་གྲོགས་འབྲེལ་བཙུགས་བྱུང་།
བཞི་པ། རྫོང་གསར་མཁྱེན་བརྩེས་(སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་།) བཀླགས་པ།
གོང་སྨྲོས་བཞིན་ཐེངས་འདིའི་ཆོས་གྲལ་དུ་རང་ཉིད་དང་མི་གཉིས་སྙིང་གཅིག་ལྟ་བུའི་ཆོས་གྲོགས་དམ་གཙང་སློབ་དཔོན་སྣ་ཚོགས་གཟུགས་ཅན་མཆོག་ཕེབས་ཡོད་པ་དང་ཉི་མ་རེ་རེ་བཞིན་ནང་མོལ་དང་བཞེས་ལག་མཆོད་པ་སོགས་ཀྱི་གོ་སྐབས་ཐོབ། ཆེས་ཐོག་མར་ངེད་གཉིས་ཨ་རིའི་རྒྱལ་ས་ཝ་ཤིང་ཁྲོན་གྱི་དུས་དབང་སྐབས་སུ་མཇལ་བ་མ་གཏོགས། ཁོང་དང་ངེད་གཉིས་རྒྱལ་ཁབ་གཅིག་ཏུ་གནས་ཀྱང་བལ་ཡུལ་དུ་མ་གཏོགས་ཨ་རི་ནས་ཐུག་རྒྱུ་ཧ་ཅང་ཁག་པོ་ཞིག་འདུག ཐེངས་འདིར་སློབ་དཔོན་ཁོང་གིས་ཁོང་གི་ཉེ་རབས་བརྩམས་ཆོས་གྲགས་ཅན་སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་གི་དབྱིན་དེབ་ཅིག་དང་བོད་དེབ་ཁ་ཤས་བསྣམས་འདུག ཉིན་ཤས་རྗེས་ཁོང་གིས་ང་ལ་རྫོང་གསར་མཁྱེན་བརྩེ་ཚང་གིས་ཁོང་ལ་སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་གི་སྐོར་བཀའ་འདྲི་རོབ་ཙམ་གནང་ལུགས་གསུངས། དེ་རྗེས་ཁོང་གིས་དེབ་དེའི་བོད་དཔེ་ཞིག་རྫོང་གསར་ཚང་ལ་ཕུལ་འདུག་ཅིང་། ཉིན་རྗེས་མ་དེའི་བཀའ་ཆོས་ཧྲིལ་བོའི་རིང་རྫོང་གསར་ཚང་གིས་བཞུགས་ཁྲིའི་སྟེང་སྐུ་ཐད་ཀར་བཞུགས་ནས་སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་གི་དེབ་དེ་ཀློག་བཞིན་འདུག་ལ། སྐབས་རེར་སྐུ་ཁྲི་སྟེང་དུ་ཟུར་བཞུགས་གནང་སྟེ་ཕྱག་གིས་དབུ་ཐོད་སྐྱོར་བའི་བཞུགས་སྟངས་ཡིད་དབང་འཕྲོག་པོ་དེ་གནང་ནས་དེབ་དེར་གཟིགས་བཞིན་འདུག ངའི་ལག་པ་གཉིས་ཀྱང་སྡོད་མ་ཚུགས་པར་ཁོང་གིས་བརྩེ་དེབ་དེར་གཟིགས་བཞིན་པའི་སྐུ་པར་ཐེངས་ཁ་ཤས་བརྒྱབ་པ་ཡིན་ལ། འཁྲིས་དེར་བཞུགས་པའི་ཆོས་གྲོགས་རེ་ཟུང་གིས་ཀྱང་དེ་ལྟར་པར་བརྒྱབ་བྱུང་། ཡིན་ཡང་སྐབས་དེར་ཁོང་གིས་བརྩེ་དེབ་ལ་གཟིགས་བཞིན་པའི་སྐུ་པར་དྲ་ཐོག་ཏུ་བཀྲམས་པ་སོགས་འུར་ཟིང་གི་ལས་ཀ་མ་བསྒྲུབས། གང་ལྟར་ངའི་མིག་གི་མཐོང་ས་དེ་རང་ནས་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་ཞེས་ས་ཆེན་པོ་འདིའི་མཐའ་དབུས་ཀུན་ན་ཉི་མ་ལྟར་འཚེར་ཞིང་རྒྱ་མཚོ་བཞིན་འཕྱུར་བའི་སྐྱེས་བུ་སྙན་གྲགས་ཅན་འདིས་བདག་གི་མཆེད་གྲོགས་དམ་པ་མཁས་དབང་སློབ་དཔོན་སྣ་ཚོགས་གཟུགས་ཅན་ཚང་གི་རྩོམ་དེབ་གྲགས་ཅན་འདི་མགོ་ནས་མཇུག་བར་དུ་ཚར་གཅིག་ཧ་ཅང་ཞིབ་ཚགས་དང་ལྡན་པའི་སྒོ་ནས་ལྗགས་ཀློག་གནང་སོང་།
དེའི་རྗེས་སུ་བལ་ཡུལ་ན་མིང་གྲགས་ཆེ་བའི་སྐར་མ་ལྔའི་གསོལ་མགྲོན་ཁང་ཆེན་མོ་Hyatt Hotel་་དུ་བསྐོངས་པའི་གུ་རུ་རིན་པོ་ཆེ་དང་དགའ་རབ་རྡོ་རྗེའི་འཁྲུངས་ཡུལ་འཚོལ་ཞིབ་ཀྱི་ཚོགས་འདུ་དེའི་སྟེང་དུ་རྫོང་གསར་ཚང་གིས་སློབ་དཔོན་ཚང་ལ་སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་གི་སྐོར་བཀའ་མོལ་མང་དུ་གནང་ལུགས་ཀྱང་ཐོས། སྤྱིར་རྫོང་གསར་ཚང་གིས་གློག་བརྙན་ཁ་ཤས་བཟོས་ཡོད་པའི་ཁྲོད་ཀྱི་ཆང་ཧུབ་ཐེངས་གཅིག་གི་འཁྲུལ་སྣང་ནི་སྒྱུ་མ་དང་བརྩེ་དུང་ཟུང་འབྲེལ་གྱི་གློག་བརྙན་ཧ་ཅང་ཡག་པོ་ཞིག་ཡིན་ཞིང་། ང་རང་ལོ་ན་ཆུང་དུས་གློག་བརྙན་དེའི་ནང་གི་སྒྱུ་མ་མཁན་གྱི་སྒྲུང་རྣ་ལམ་དུ་ལན་བརྒྱ་ཕྲག་བརྒལ་བ་ཐོས་མྱོང་ཞིང་། ཁོང་གིས་སྒྲུང་དེ་འབྲུག་ཡུལ་དུ་ཐོས་པ་ཡིན་མིན་མ་ཤེས་ཀྱང་སྒྲུང་དེ་གཞིར་བཟུང་ནས་གློག་བརྙན་བཟོས་གནང་བ་དེ་ཁོ་རང་གིས་ཁོང་གི་ཤེས་རབ་ཀྱི་ཟབ་ཚད་རྟོགས་ཐུབ། གོང་གསལ་གསོལ་མགྲོན་ཁང་ཆེན་མོ་དེར་སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ། རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ། མཁན་ཆེན་རྣམ་གཉིས། སློབ་དཔོན་སྣ་ཚོགས་གཟུགས་ཅན་དང་སྲས་ནམ་མཁའ་རྡོ་རྗེ་རིན་པོ་ཆེ། དོལ་བོ་ཉིན་ཆུང་སྤྲུལ་སྐུ། མཁན་པོ་མིག་དམར་ཚེ་རིང་། ནམ་མཁའ་རིན་པོ་ཆེ་སོགས་སྔ་འགྱུར་བའི་སྐྱེས་ཆེན་སྐོར་ཞིག་གདན་འདྲེན་ཞུས་ཏེ་གུ་རུ་རིན་པོ་ཆེ་དང་དགའ་རབ་རྡོ་རྗེའི་འཁྲུངས་ཡུལ་སྐོར་བཀའ་སློབ་བསྩལ། ཚོགས་འདུ་སྟངས་འཛིན་པས་གསུང་བཤད་ཀྱི་ཆུ་ཚོད་ལ་དོ་དམ་གནང་མ་ཐུབ་པས་ཚོགས་ཞུགས་པ་མང་ཤོས་ལ་གཏམ་བཤད་ཀྱི་གོ་སྐབས་མ་ཐོབ་ཀྱང་ཚོགས་འདུ་ལེགས་ལམ་ངང་མགོ་བརྩམས་ཏེ་མཇུག་བསྡུས། ཁོ་བོར་མཚོན་ན་ཚོགས་འདུའི་སྔོན་ཏག་ཏག་ལ་མགྲོན་ཁང་ཆེན་མོའི་ཟ་མ་ཞིམ་པོ་དེ་ཚོད་མེད་དུ་ཟོས་པས་ཚོགས་འདུའི་རིང་གཉིད་ཅོག་བརྒྱབ་སྟེ་མགོ་བོ་སློབ་དཔོན་སྣ་ཚོགས་གཟུགས་ཅན་ཚང་གི་ཕྲག་པར་ཡང་ཡང་བརྡབས་པས། ཁོང་གིས་ཤབ་ཤུབ་ཏུ་ཁྱེད་ཀྱིས་འདི་ལྟར་བྱས་ནས་མཐོང་སྣང་ལ་མི་མཛེས་ཞེས་གསུངས།
ལྔ་པ། རྫོང་གསར་མཁྱེན་བརྩེས་ཀླུ་སྨྱོན་བརྡུངས་པ།
ཉིས་སྟོང་བཅུ་བདུན་ལོའི་དབྱར་ཁར་ཁོ་བོ་ཆེད་དུ་བལ་ཡུལ་ལ་བསྐྱོད་ནས་སྐྱབས་རྗེ་འཁྲུལ་ཞིག་རྡོ་རྗེ་འཆང་གི་མཛད་རྣམ་འབྲི་རྒྱུའི་སྟ་གོན་ནམ་སྔོན་འགྲོའི་ལས་ཀ་སྟེ། ཁོང་གི་སྐུའི་ཉེ་གནས་ཆེན་པོ་གསོལ་དཔོན་ངག་དབང་མཆོག་ལ་འབྲེལ་གཏུགས་ཀྱིས་རྗེ་བླ་མའི་ཉིན་ཐོའི་སྐོར་བཀའ་འདྲི་ཞུས་ཤིང་། ཁོང་གིས་གཧའུུསུངས་པ་ལྟར་ན་རྗེ་བླ་མས་ལོ་ངོ་སུམ་ཅུ་ཙམ་གྱི་རིང་བྲིས་གནང་བའི་ལོ་ཐོ་དེ་དག་ཁོང་གི་ཕྱག་ཏུ་ཡོད་ལ། ལོ་ཟླ་རིམ་བརྒྱུད་དང་ལོ་ཐོ་དང་དེའི་ངོས་ཀྱི་ཡིག་འབྲུ་གསལ་མིན་སོགས་ཀྱི་དབང་གིས་དེ་དག་ལེགས་སྒྲིག་ཆེན་པོ་ཞིག་མ་བྱས་བར་དུ་བེད་སྤྱོད་གཏོང་རྒྱུ་སྤྲོས་བྲལ་ཡིན་ལུགས་སེམས་ནང་བཅངས་ཏེ། དང་པོར་རྗེ་བླ་མའི་ཉེ་གནས་ཁོང་གིས་མཚོན་པའི་སྐུའི་གམ་བཅར་བ་དང་རྗེའི་དགོན་པ་གོང་འོག་གི་གྲྭ་བཙུན་བགྲེས་གྲས་རིགས་ལ་རྗེའི་རྣམ་ཐར་སྐོར་བརྙན་ལམ་ནས་བཅར་འདྲི་ཞུས་ཤིང་། དེའི་ཆེད་དུ་དམིགས་ནས་རི་བོ་ཧི་མ་ལ་ཡའི་ཉེ་འདབས་རང་དུ་ཡོད་པའི་རྗེ་བླ་མའི་གདན་ས་ཐུབ་བསྟན་ཆོས་གླིང་ལ་ཡང་རླངས་འཁོར་གྱིས་ཆུ་ཚོད་བཅུ་གྲངས་དང་རྐང་ཐང་གིས་ཆུ་ཚོད་དགུ་ལྷག་ལ་བསྐྱོད་པ་ཡིན། སྐབས་དེར་རྗེའི་ཞལ་སློབ་མང་པོ་ཞིག་ལ་བཅར་འདྲི་ཞུས་པས་མ་ཚད། ཆོས་བརྒྱུད་གཞན་པའི་བླ་མ་སློབ་དཔོན་མཁན་པོ་ཁག་ཅིག་ལ་ཡང་རྗེའི་རྣམ་ཐར་སྐོར་བཅར་འདྲི་ཞུས་པ་ཡིན་མོད། རྗེའི་ཞལ་སློབ་ཁྲོད་ནས་དེང་དུས་སྐུ་ཡོན་དང་གདུལ་བྱ་ཆེན་པོ་མངའ་བ་རྒྱལ་དབང་འབྲུག་པ་དང་རྫོང་གསར་མཁྱེན་བརྩེ་སོགས་ཡུལ་དུས་གནས་སྟངས་མང་པོ་ཞིག་གི་རྐྱེན་གྱིས་དངོས་མཇལ་ཞུ་མ་ཐུབ་པས། ཐེངས་འདིར་སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེའི་གསུང་ཆོས་འདི་དང་བསྟུན་ནས་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་ལ་རྗེ་བླ་མའི་སྐོར་བཅར་འདྲི་ཞིག་ཞུ་ཐུབ་ན་བསམས་ཏེ་པར་ཆས་སྤུས་ལེགས་ལྗིད་ཁོག་ཅན་དེ་ཡང་ཆེད་དུ་ཨ་རི་ནས་ཁུར་ཡོད།
ཉིན་འདི་དག་གི་རིང་མཁྱེན་བརྩེ་རིན་པོ་ཆེ་མཆོག་འཇིགས་དཔལ་རྣམ་གཉིས་ཀྱི་གསུང་འབུམ་ལྗགས་ལུང་ཆ་ཚང་ལ་བཞུགས་ཤིང་། ཁོང་གི་བཞུགས་ཁྲི་དེ་རྗེའི་ཕྱག་གཡས་ངོས་སུ་ཁེལ་བས་ངེད་ཅག་གཡོན་ངོས་སུ་སྡོད་པ་ཚོས་ཁོང་དང་ཞལ་སྤྲོད་ཀྱི་ཚུལ་དུ་ཉི་མ་རེ་རེ་དང་ཆུ་ཚོད་རེ་རེ། ཐ་ན་སྐར་མ་རེ་རེ་དང་སྐར་ཆ་རེ་རེར་མཁྱེན་བརྩེ་རིན་པོ་ཆེའི་སྐུའི་རྣམ་འགྱུར་ཚང་མ་མཇལ་དུ་ཡོད་པ་ནི་ངོ་མ་སྐལ་བ་བཟང་པོ་ཞིག་ཅི་ལ་མིན། ལྗགས་ལུང་གསུང་ཆོས་ཀྱི་མཇུག་ཙམ་ལ་བསླེབས་པའི་ཉིན་གུང་གི་གསོལ་ཇའི་བར་གསེང་ཞིག་ལ། འདུ་ཁང་ལྟག་རྒྱབ་ཏུ་བསྐྱོད་སའི་སྒོ་ཆུང་དེའི་ཕར་ཕྱོགས་ཁང་མིག་ཆུང་ཆུང་ཞིག་ཡོད་པའི་ནང་དུ་མཁྱེན་བརྩེ་རིན་པོ་ཆེ་དང་ངེད་བླ་སྤྲུལ་མཁན་པོ་འགའ་ལས་མི་འདུག་ལ། ང་ནི་ཁོང་གི་ཕྱག་གཡོན་ཕྱོགས་སུ་ཡོད་པས། ངའི་སེམས་ནང་འདི་ནི་འཐོབ་དཀའ་བའི་གོ་སྐབས་བཟང་པོ་ཞིག་ཡིན་པས་ཁོང་ལ་བཅར་འདྲིའི་དུས་ཚོད་གནང་རོགས་ཞུས་ན་བཟང་བསམས་ཏེ། ཁོང་གི་འཁྲིས་སུ་བཅར་ནས་གཟན་གྱིས་ཁ་བཏུམས་ཏེ་ཧ་ཅང་གུས་ཞབས་དང་བཅས། རིན་པོ་ཆེ་བཀྲ་ཤིས་བདེ་ལེགས། ང་ལ་རིན་པོ་ཆེར་བཀའ་འདྲི་ཞུ་རྒྱུ་ཞིག་ཡོད་པས་ཆུ་ཚོད་ཅིག་གནང་རོགས་ཞེས་ཞུས། ཁོང་གིས། ཡ། ཁྱོད་ལ་ཆུ་ཚོད་གཅིག་གི་རིང་ག་རེ་ལབ་རྒྱུ་ཡོད་གསུངས་པར། ངས། ལགས་ཆུ་ཚོད་གཅིག་མི་དགོས། སྐར་མ་འགས་འགྲིགས་ལགས་ཞེས་ཞུས། ཁོང་གིས། ཡ་དེས་ན་ཞོགས་པའི་ཆུ་ཚོད་བདུན་པར་ངའི་མགྲོན་ཁང་དུ་ཤོག་གསུངས། ངས་རིན་པོ་ཆེ་མགྲོན་ཁང་གི་ཐོག་བརྩེགས་དང་ཁང་མིག་ཨང་གྲངས་གང་གི་ནང་དུ་བཞུགས་ཡོད་ཅེས་བཀའ་འདྲི་ཞུས་པས། ཁོང་གིས་ཐུགས་བསམ་ཅུང་བཞེས་རྗེས། ཁ་སྔོན་ང་ཚོ་ཐུག་སའི་ཚོམས་ཆུང་དེར་ཤོག་དང་ང་དེར་ཡོང་གསུངས། ངས། རིན་པོ་ཆེ་ཉི་མ་ག་ཚོད་མགྲོན་ཁང་དེར་བཞུགས་ཀྱི་ཡིན་ཞུས་པར། ཁོང་གིས། ང་སྐབས་རེར་མགྲོན་ཁང་དེར་ཡོད། སྐབས་གཞན་ཞིག་ལ་ཡོད། ང་ནི་ཀུན་ཏུ་རྒྱུ་ཡིན་ནོ་ཞེས་གསུངས། དེ་ནས་ཁོང་གིས་ངའི་རྒྱབ་ལོགས་ལ་ཕྱག་གིས་ཁུ་ཚུར་བཅངས་ཏེ་ལན་དྲུག་བདུན་ཞིག་གཞུས་བྱུང་བས། རང་ཉིད་ནི་རྗེ་བླ་མ་འདིས་བྱིན་རླབས་ཆེན་པོ་ཞིག་གནང་སོང་སྙམ་པའི་དགའ་བ་ཆེན་པོ་ཞིག་གིས་བཟི་བར་གྱུར། དེར་ངའི་གཡས་ཕྱོགས་སུ་ཡོད་པའི་མགོ་ལོག་པ་སྤྲུལ་སྐུ་གསང་སྔགས་བསྟན་འཛིན་མཆོག་གིས་ཀྱང་། རིན་པོ་ཆེ་ལགས། ང་ཡང་རྡུང་རོགས་ཞེས་ཁོང་གི་འཁྲིས་སུ་བཅར་བར་ཡང་ཁུ་ཚུར་གསུམ་ཙམ་ཞིག་གཞུས་གནང་སོང་།
ཉིན་གཉིས་པའི་ཞོགས་པར། ང་དང་ངའི་སློབ་མ་ཁེ་ན་སྒྲ་ནས་ཡིན་པ་རྒྱ་རིགས་ཕོ་མོ་གཉིས་ཀྱིས་རིན་པོ་ཆེས་གསུངས་པའི་ཚོམས་ཆུང་དེའི་ནང་པར་ཆས་གྲ་སྒྲིག་གིས་ཆུ་ཚོད་བདུན་ནས་བདུན་དང་ཕྱེད་ཀ་བར་དུ་བསྒུགས་ཀྱང་རིན་པོ་ཆེའི་སྐུའི་གྲིབ་མ་ཙམ་ཡང་མཇལ་རྒྱུ་མ་བྱུང་། གསུང་ཆོས་ཆུ་ཚོད་བདུན་དང་ཕྱེད་ཀར་དབུ་འཛུག་པ་ཡིན་པར་ལམ་སེང་པར་ཆས་བསྡུ་གསོག་བརྒྱབ་ནས་ཞེ་ཆེན་དགོན་པའི་འདུ་ཁང་ནང་དུ་བརྒྱུགས། ཨོ་ཙི། དེ་རིང་མཁྱེན་བརྩེ་རིན་པོ་ཆེ་ལྗགས་ལུང་གི་ཆེས་མཐའ་མཇུག་ཞུ་རུ་ཕེབས་མི་འདུག གཞི་ནས་ཁོང་ཕྱོགས་ག་ཤེད་ཅིག་ལ་ཕེབས་ཚར་བ་རྟོགས། མགོ་ནང་ཏོག་ཙམ་ནག་འཐིབས་སེར་གྱུར། ཉིན་རྗེས་མར་ཁོང་གི་དྲུང་ཡིག་འབྲུག་པ་ཕོ་གཞོན་སྐྲ་ལོ་ཐོར་ཅོག་ཅན་དེའི་སྐད་འཕྲིན་རག་བྱུང་བའི་ནང་དུ་མགྲོན་ཁང་དུ་རིན་པོ་ཆེར་བསྒུགས་པའི་སྐོར་དང་མཇལ་བཅར་སྐར་མ་ལྔ་ནས་བཅུ་ཙམ་རིང་མ་གཏོགས་མི་དགོས་ལུགས་བྲིས་ནས་བསྐུར་ཀྱང་ལན་ནི་རྒྱ་མཚོའི་ནང་དུ་མ་ཎི་རྡེའུ་ཞིག་འཕངས་པ་དང་འདྲ།
དེ་ནས་ཉིན་ཤས་རྗེས་ཞེ་ཆེན་དགོན་པའི་དགོན་མཚེས་བཀའ་རྙིང་བཤད་སྒྲུབ་གླིང་གི་རང་བྱུང་ཡེ་ཤེས་སློབ་གླིང་གིས་མཁྱེན་བརྩེ་རིན་པོ་ཆེ་གདན་འདྲེན་ཞུས་སྐབས་གསུངས་པའི་བཀའ་སློབ་བརྙན་ཐུང་ཞིག་ངོ་དེབ་ནང་མཇལ་བྱུང་། ཁོང་གིས་གྲྭ་པ་ཚོས་སྐྲ་སྐྱེས་ན་སྡིག་པ་ཚབས་ཆེན་ཡིན་པར་བསམས་ནས་ཉིན་རེར་སྐྲ་ལན་ཁ་ཤས་རེར་གཞར་བ་དང་། སྔགས་པ་ཚོས་སྐྲ་བཅད་ན་སྡིག་པ་ཚབས་ཆེན་ཡིན་པར་བསམས་ནས་སྐྲ་ལ་བདག་གཅེས་ཆེན་པོ་བྱེད་པའི་སྐོར་གྱི་བཀའ་སློབ་བཟང་པོ་ཞིག་མཇལ་བྱུང་བས། ཁོང་ད་དུང་ཉེ་འཁོར་ལ་ཞིག་ན་བཞུགས་འདུག་ཨ་བསམས་ཀྱང་ཐད་ཀར་འབྲེལ་བ་ཞུ་ས་དང་རྩད་གཅོད་བྱེད་ཐུབ་མ་སོང་། གང་ལྟར་རིན་པོ་ཆེ་མཆོག་གི་མཛད་པ་འཕྲིན་ལས་ཧ་ཅང་རྒྱ་ཆེ་བས་བདག་ལྟ་བུའི་དོན་ཆུང་ཞིག་གི་ཆེད་དུ་མཇལ་འཕྲད་ཡོང་རེ་ཞུ་མཁན་ཉི་མ་རེ་རེར་སྟོང་ཕྲག་མི་ཤེས་ཏེ་བརྒྱ་ཕྲག་རེ་ཡོད་པ་བཤད་མི་དགོས་པས། ང་ལྟ་བུའི་ས་འོག་གི་ས་འབུ་དང་ས་སྟེང་གི་གྲོག་མ་ཉམ་ཆུང་འདི་རིགས་ཀྱིས་ཉིན་བཅུ་གྲངས་ཤིག་གི་རིང་ལ་རིན་པོ་ཆེ་མཆོག་གི་སྐུའི་མཆོད་རྟེན་མཇལ་བ་དང་། ཁོང་གིས་ཕར་མ་ཞུས་པར་ཚུར་རྐྱེན་ངན་སྡིག་སྒྲིབ་འདག་པའི་ཁུ་ཚུར་ལན་དྲུག་བདུན་ཞིག་གཞུས་པ་དེ་ལས་ལྷག་པའི་དངོས་གྲུབ་ཅིག་འཐོབ་རྒྱུ་ཕལ་ཆེར་ཡོད་མི་སྲིད། ཡང་བསམ་བློ་གཉིས་པ་ཞིག་འཁོར་བ་ནི། ཉིན་དེར་ཁོང་གིས་ང་ལ་ཁུ་ཚུར་ལན་དྲུག་བདུན་ཞིག་གཞུས་པ་དེ་ནི། ཉེ་ཆར་མཁས་པ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར་བའི་རྒྱ་ནག་གི་བསམ་གཏན་པའི་སློབ་དཔོན་ཆེན་པོ་ཧུའེ་ནིང་གི་ལོ་རྒྱུས་ལས། ཁོང་གི་སློབ་དཔོན་གྱིས་ཁོང་ལ་མཚན་གྱི་དུས་བརྡ་གསུམ་པའི་སྟེང་གསང་བའི་སྒོ་ནས་གསུང་ཆོས་ལ་བཅར་དགོས་པའི་བརྡར་ཕྱག་གི་འཁར་རྒྱུགས་ཀྱིས་གཏུན་ཤིང་ལ་ལན་གསུམ་གཞུས་པ་དང་། ཅི་ཡང་མི་ཤེས་པའི་ཚུལ་དུ་བརྫུས་པའི་སློབ་ཕྲུག་ཧུའི་ནིང་ཤེས་རབ་ཆེ་བས་ལམ་སེང་ཁོང་གི་སློབ་དཔོན་གྱི་གསང་བརྡའི་གོ་དོན་རྟོགས་པས། ནམ་ཕྱེད་རྒྱལ་བའི་དཀྱིལ་འཁོར་ལ་སློབ་དཔོན་གྱི་གཟིམ་ཤག་ཏུ་བཅར་ནས་ཐེག་པ་ཆེན་པོ་ཅིག་ཅར་བའི་གདམས་ངག་ཡོངས་རྫོགས་ཐོབ་ན་ཡང་། བླུན་རྨོངས་བདག་གིས་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེས་རང་གི་སྒལ་བའི་སྟེང་ཁུ་ཚུར་ལན་དྲུག་བདུན་ཞིག་བཞུས་པ་དེའི་ནང་དོན་མ་རྟོགས་པ་ནི་ཅི་འདྲའི་ངོ་གནོང་དགོས་པ་ཞིག་རེད་བསམས་པ་ཞིག་ཀྱང་བྱུང་།
དྲུག་པ། མཆོད་རྟེན་སྐོར་ལམ་ནས་གང་དུ་འགྲོ་དགོས།
གལ་སྲིད་བལ་ཡུལ་གྱི་ངོ་མཚར་རྟེན་གསུམ་གྱི་གྲས་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་འདབས་སུ་གློ་བུར་ཐོལ་རྒྱག་ཏུ་འབྱོར་བ་ཡིན་ན། ཁྱེད་ཀྱི་མགྲོན་ཁང་དང་ཟ་ཁང་གང་དུ་ཡོད་དམ། ཉེ་ཆར་མཆོད་རྟེན་སྐོར་ལམ་ལ་ཧ་ཅང་ཐག་ཉེ་བའི་ཛམ་དཀར་མགྲོན་ཁང་དང་ཟ་ཁང་། པོ་ཏ་ལ་མགྲོན་ཁང་དང་ཟ་ཁང་གཉིས་ཅུང་གྲགས་ཆེ་ཞིང་། གཉིས་ཀའི་སྦྱིན་བདག་ཨ་མདོ་རྔ་བའི་ཡིན་པ་འདྲ་ཡང་བརྒྱ་ཆ་བརྒྱ་མི་ཤེས། གང་ལྟར་ཛམ་དཀར་ཚང་གི་ཞོགས་ཇ་དང་ཉིན་གུང་རང་འདེམ་ཟ་མ། པོ་ཏ་ལ་ཚང་གི་ཉིན་གུང་དང་དགོང་མོའི་ཟ་མའི་བྲོ་བ་ཧ་ཅང་ཆེ་ལ་གོང་ཡང་ཤིན་ཏུ་བདེ། པོ་ཏ་ལའི་ཐག་ཉེའི་སྒྲོལ་མ་ཟ་ཁང་གི་ཟ་མ་ཡང་ཡག་པོ་འདུག་ལ་སྦྱིན་བདག་ཨ་མདོ་བ་ཞིག་ཡིན་མོད་ཕ་ཡུལ་མ་ངེས། ཟ་ཁང་འདིའི་གསང་སྤྱོད་ཀྱི་ཆུ་བཤལ་སྤྱད་ནི་མཐེབ་གནོན་དེ་འདྲ་མ་ཡིན་པར་སྐུད་པ་ཕྲ་མོ་ཞིག་ཡིན་པས་ག་ལེར་འཐེན་མ་གཏོགས་དེ་ཆད་ན་ཞབས་འདྲེན་ལུང་བ་གང་ཞུས་ཡོང་། བཀའ་རྙིང་བཤད་སྒྲུབ་གླིང་གི་སྒོའི་ཐད་ཀར་ཀུན་དགའ་ཟ་ཁང་ཞེས་པ་ཞིག་ཡོད་པའི་ཟ་མ་ཞིམ་ལ་སྡོད་ས་སྐྱིད་པོ་ཡོད་ཀྱང་སྒུག་ཡུན་ཅུང་རིང་། སྤྱིར་མགྲོན་ཁང་ཟ་ཁང་གི་སྦྱིན་བདག་ཆོལ་ཁ་གང་ཡིན་ལ་ཁྱད་པར་སྤུ་ཙམ་ཡང་མེད་མོད། ཟ་མ་དང་མགྲོན་བསུའི་སྤུས་ཀ་ལེགས་པོ་ཡོད་པའི་མགྲོན་ཁང་དང་ཟ་ཁང་འདི་གསུམ་ངོ་སྤྲོད་བྱས་པ་ཡིན། གཞན་མཆོད་རྟེན་སྐོར་ལམ་ན་དེབ་ཚོང་ཁང་གཉིས་ཡོད་ཅིང་། ཞེ་ཆེན་དགོན་པའི་མགྲོན་ཁང་དང་ཐར་ལམ་དགོན་པའི་མགྲོན་ཁང་གཉིས་གོང་ཆུང་ལ་མཆོད་རྟེན་དང་ཐག་ཉེ་བའི་ཁྱད་ཆོས་ལྡན། རབ་ཡིན་ན་ཁྱེད་ཀྱིས་ཨ་རི་ནས་ཡོ་རོབ་ནས་རང་གི་ཁ་པར་གྱི་རྒྱལ་སྤྱིའི་བརྡ་རྟགས་ཁ་ཕྱེས་པ་ཡིན་ན་གང་ཅིར་སྟབས་བདེ་ཡིན་ཞིང་། ངས་ཐེངས་གསུམ་ལ་དེ་ལྟར་མ་བྱས་པས་སྐད་འཕྲིན་དང་ངོ་དེབ་སྔོག་པར་ངེས་པར་དུ་ཟ་ཁང་དང་མགྲོན་ཁང་དུ་རྒྱུགས་དགོས་པའི་དཀའ་ངལ་བྱུང་། གཞན་ཁྱེད་ཀྱིས་གཙང་ཤོག་ཅིག་ལག་ཁུག་ནང་བཟུང་བ་ཡིན་ན་མ་གཏོགས་བལ་བོའི་གསང་སྤྱོད་མང་ཤོས་ནང་གཙང་ཤོག་མེད་ལ་གཙང་སྦྲ་ཡང་ཡག་པོ་མེད། ཞོགས་པར་མཆོད་རྟེན་སྐོར་ལམ་དུ་ཤར་བའི་ཨ་ཅག་ལགས་གཉིས་གསུམ་ཞིག་གིས་བོད་ཇ་དང་མངར་ཇ་དེ་བཞིན་ཞོག་ཁོག་བག་ལེབ་འཚོང་བཞིན་ཡོད་ལ། ཇ་ཕོར་ནི་ཆུ་ལ་བཤལ་ཙམ་མ་གཏོགས་འདག་རྫས་སོགས་ཀྱིས་བཀྲུ་བ་མ་མཐོང་བས་གཏམ་འདོད་ཅན་ཁྱེད་ཀྱིས་གཟབ་པར་འཚལ། ཡང་མཆོད་རྟེན་སྐོར་ལམ་གྱི་ཤར་ཕྱོགས་སུ་སྦུག་ལམ་བརྒྱུད་ནས་ཏོག་ཙམ་ཕྱིན་ན་ཇ་འཐུང་སའི་ར་སྐོར་ཆེ་ཙམ་ཞིག་ཡོད་པར་སྤོ་རྨོ་གསར་བུ་གསར་མོ་སོགས་འཛོམ་ས་ཡག་པོ་ཞིག་ཀྱང་འདུག ཡང་བོད་པའི་ཁ་ཟས་འགྱིག་ཤོག་ནང་བཅུག་སྟེ་འཚོང་མཁན་རེ་ཟུང་འདུག་ལ་དེ་ཚོ་ཁ་རུ་ཞིམ་པོ་འདུག་ཀྱང་དེ་བཟོ་སའི་གནས་སྟངས་ངོ་མ་དེ་མཐོང་ན་མིད་པར་དེ་ཙམ་འགྲོ་བདེ་བོ་མི་འདུག སྐོར་ལམ་རང་གི་ཁང་བརྩེགས་གསུམ་པ་ཞིག་ཏུ་འཕུར་མཉེད་གཏོང་ས་ཞིག་འདུག་ཀྱང་དེར་འགྲོ་ཁོམ་མ་བྱུང་། དེ་ནི་ཕུག་རོན་ལ་གྲོ་ནས་གཏོར་སའི་ཕར་ཕྱོགས་ཟུར་གདོང་ན་ཡོད་པའི་ཁང་བརྩེགས་དེའི་ནང་དུ་རེད། སྔོན་ཆད་དང་མི་འདྲ་བར་རྒྱ་མི་སྐོར་དང་སྐོར་བྱས་ནས་མཆོད་རྟེན་གྱི་མཐའ་རུ་འགྲོ་བཞིན་འདུག་ཅིང་། མང་པོ་ཞིག་གིས་ལག་པར་ཕྲེང་བ་བཏགས་ཁ་ནས་གཟུངས་སྔགས་ཟློ་བཞིན་ཡོད་པས་དག་སྣང་ཡང་སྦྱོང་བར་འཚལ། བལ་མོ་སློབ་གྲྭ་པའི་ཆ་ལུགས་ཅན་ལང་ཚོས་ཁྱོགས་པ་འདོད་པ་ཁོང་ནས་སློང་བ་མང་པོ་ཞིག་ཞོགས་པ་རེ་རེ་བཞིན་སྐོར་ལམ་སོགས་ནས་མཐོང་རྒྱུ་ཡོད་ཀྱང་དེ་ཚོ་མང་ཤོས་ནི་མ་སྨིན་པའི་ཀུ་ཤུ་དང་ཚ་ལུ་མ་ཏག་ཏག་ཡིན། སྔོན་ཆད་ཀྱི་གཉན་ཆེན་ཐང་ལྷ་ཚགས་པར་གྱི་ཚབ་ཏུ་བོད་ཀྱི་འཚོ་བ་ཡར་རྒྱས་ཁྱབ་སྒྲོག་བྱེད་པའི་ཚགས་པར་ཞིག་འདོན་སྤེལ་བྱེད་བཞིན་འདུག སྐུ་བརྙན་ཅུང་ལེགས་པའི་གྲས་ཉོས་རྗེས་རྒྱལ་སའི་ལས་ཁུངས་ཤིག་ཏུ་ཁྱེར་ནས་ཁྲིམས་མཐུན་ཉོ་ཚོང་བྱས་པའི་ལ་ཆའི་ཐེལ་ཙེ་ཞིག་རྒྱག་དགོས་པ་དེས་གནམ་ཐང་དུ་ཕན་ཐོགས་ཆེ། ཅ་ལག་གང་ཞིག་ཡིན་ཡང་མཐོང་མ་ཐག་མ་ཉོ་བར་ཚོང་ཁང་གཞན་དག་ཉུལ་ན་ཅ་ལག་གཅིག་པ་ལ་གོང་ཚད་གཏན་ནས་མི་འདྲ་བ་ཤེས་ཡོང་། ཐང་ཀ་དང་སྐུ་འདྲ་ནི་བལ་ཡུལ་གྱི་ཐོན་རྫས་ཡག་ཤོས་ཡིན་ཡང་དེང་སང་རིན་གོང་གནམ་ན་ཡོད།
མཆོད་རྟེན་ནང་རོལ་སྔོན་མར་གཉན་ཆེན་ཐང་ལྷའི་ལས་ཁུངས་ལ་འགྲོ་སའི་སྦུག་ལམ་དེར་དངུལ་བརྗེ་ས་ཡོད་པས་ཨ་སྒོར་གཅིག་ལ་ནེ་སྒོར་བརྒྱ་དང་བཅུ་སྟེར་བཞིན་འདུག གལ་སྲིད་དེའི་སྒོ་བརྒྱབ་ཡོད་པ་འདྲ་བྱུང་ན་མཆོད་རྟེན་གྱི་ཕྱི་སྒོའི་ཐད་ཀ་དེར་དངུལ་བརྗེ་ཁང་གཉིས་ཁྱིམ་མཚེས་བྱས་ནས་འདུག བལ་བོའི་རྒྱལ་སྤྱིའི་གནམ་ཐང་ནས་མཆོད་རྟེན་བྱ་རུང་ཁ་ཤོར་ལ་གླ་འཁོར་དུ་བསྡད་ན་ནེ་སྒོར་ལྔ་བ་བརྒྱ་རེད། གླ་འཁོར་གྱིས་མཆོད་རྟེན་ནས་ཡང་ལེ་ཤོད་དུ་འགྲོ་ན་ནེ་སྒོར་གཅིག་སྟོང་ལྔ་བརྒྱ་ནས་ཉིས་སྟོང་རེད། མཆོད་རྟེན་ནས་འཕགས་པ་ཤིང་ཀུན་ལ་གླ་འཁོར་གླ་ཆ་ནེ་སྒོར་ལྔ་བརྒྱ་ནས་དྲུག་བརྒྱ་བར་རེད། ཡིན་ན་ཡང་ཁྱེད་རང་མགོ་འཐོམ་མདོག་ཁ་བོ་ཡོད་ན་དེ་ལས་མང་བ་ལེན་གྱི་རེད། དེ་ནས་ལམ་རྒྱུས་མེད་ན་ཡང་ཡོད་ཁུལ་བྱེད་དགོས། གལ་སྲིད་ཁྱེད་ལ་རང་གི་འདོད་མོས་ཅན་གྱི་ལྭ་བ་འཚེམ་དགོས་ན་པོ་ཏ་ལ་མགྲོན་ཁང་གི་ཐོག་བརྩེགས་དང་པོར་ཚེམ་མངག་ཁང་འགའ་ཡོད།
བལ་ཡུལ་དུ་ཡོང་ན་ཁྱེད་ལ་ངེས་མེད་དུ་འབབ་པའི་ཆར་བ་འགོག་སྤྱད་ཉི་གདུགས་ཤིག་དང་བར་མེད་དུ་ལྡང་བའི་ཐལ་བ་འགོག་སྤྱད་ཁ་རས་ཤིག་ངེས་པར་དུ་དགོས། རྒྱ་ནག་ནས་ཐོན་པའི་དཀར་ཡོལ་སྙིང་རྗེ་བོའི་རིགས་དགོས་ན་གཉན་ཆེན་ཐང་ལྷའི་སྦུག་ལམ་བརྒྱད་ནས་མཆོད་རྟེན་ཕྱི་ལོགས་ཀྱི་སྲང་ལམ་དེར་སོང་ན་བཞི་མདོ་ཆུང་ཆུང་ཞིག་ཏུ་དཀར་ཡོལ་ཚོང་ཁང་ཞིག་ཡོད། ཚོང་པ་ཨ་མ་ཞིག་དང་བུ་མོ་ལོ་གཞོན་གཉིས་ཡོད། ཚོང་ཁང་འདིའི་སྒོའི་ཕྱི་ལོགས་སུ་(གོང་ཚད་གཅོག་རྒྱུ་མེད་)ཅེས་བྲིས་ཡོད་ཅིང་དོན་ལ་ཡང་དེ་བཞིན་འདུག ཚོང་ཁང་འདིའི་མར་ཙམ་དེར་རྒྱ་མིའི་ཟ་མགྲོན་ཁང་ཞིག་ཡོད་པའི་མིང་ལ་Xinchang Hotel ཟེར་ཞིང་། གཙང་སྦྲ་ཧ་ཅང་སྐྱོ་ཡང་ཟ་མ་ཞིམ་ཐག་ཆོད་འདུག་པས། ཁྱེད་རང་ཀྲོག་ཀྲོག་ཚ་བོ་མེད་ན་ཕེབ་རྐྱང་གནོངས། རྒྱལ་སའི་ཚོང་ཁྲོམ་གྲགས་ཅན་ཁྲ་མེལ་ཞེས་པ་དེར་རྒྱ་མིའི་ཟ་ཁང་ཚོང་ཁང་ཡག་པོ་གང་འཚམ་ཡོད་རབས་འདུག་ཀྱང་དུས་ཚོད་ཀྱིས་ལྕོགས་ན་དེར་ཡང་ཕེབས། སྤྱིར་བལ་བོའི་མི་ནི་རྒྱ་གར་གྱི་མི་དང་བསྡུར་ན་ཅུང་ཟད་ཉམ་ཆུང་བས། རང་རེ་བོད་པ་མགོ་འཐོམ་ཚོར་མཚོན་ན་གནས་འདིར་ཟ་ཉལ་འགྲོ་གསུམ་དང་ཉོ་ཚོང་རྒྱོ་གསུམ་གང་ཐད་ནས་ཀྱང་སེམས་པ་ལྷོད་ཤིག་གེ་བ་ཞིག་ནི་རང་བཞིན་ངང་གིས་ཡོང་བ་ཚང་མས་མཁྱེན་གསལ་རེད།
ནངས་སྔ་མོ་ལས་ལ་འགྲོ་དགོས་ཀྱང་།
ཀླུ་སྨྱོན་པའི་བདེན་གཏམ་སྙན་གྲགས་ནས།
དོ་དགོང་གི་གཉིད་ནི་བརྗེད་དེ་ཐལ།
ཐོ་རེངས་ལ་བྱ་ཕོས་གསུང་སྐད་སྒྲོག།
ཁ་བྱང་མཐོང་བ་ནས་ལྟ་འདོད་མེད་པར་གྱུར་སོང་།
གྲུབ་དབང་དོ་རྡོ་ཚང་གིས་སྒྲུང་བསྙན་མོ་ཞིག་བྲིས་འདུག གཙང་མཐའ་མཁའ་འགྲོ་མ་་རྒྱར་བཞེས་ན་འགྲིག་གི་མོ། མོ་རང་་ཨ་མདོ་སྐད་ལ་དགའ་ན་རྟག་པར་ཉན་ཆོག་གི་རེད་མོ། །
ཨ་ལགས་དོ་རྡོ་ཚང་གིས།། འཛམ་གླིང་གཡས་སྐོར་བརྒྱབ་ནས།། ལྷོ་བལ་ཡུལ་དུ་ཕེབས་དོན།། བལ་བཟའ་སྣ་ལོང་ཅན་ཞིག། རྗེས་སུ་འཛིན་རྒྱུ་མིན་ནམ།། ཧེཧེ།
སྙན་པོ་ཞིག་བྲིས་འདུག ང་ཡང་དབང་ཞུས་ལ་གནས་སོ།།
ཀླུ་སྨྱོན་ལགས་ཀྱི་འབྲི་རྩལ་དང་། བོད་སྐད་བོད་ཡིག་ཏུ་འབྲི་སྟངས་འདི་ཤིནད་ཏུ་ལེགས་པས། དོན་གཉེར་ཅན་མང་པོའམ། ཀུན་ལ་ཕན་ངེས་འདུག་པས། ལན་ཅིག་ངེས་པར་དུ་ལྟ་ཀློག་མཛོད་ཅིག་ཀྱེེ།།
་་་་་་་་་ སྤྱིར་བལ་བོའི་མི་ནི་རྒྱ་གར་གྱི་མི་དང་བསྡུར་ན་ཅུང་ཟད་ཉམ་ཆུང་བས། རང་རེ་བོད་པ་མགོ་འཐོམ་ཚོར་མཚོན་ན་གནས་འདིར་ཟ་ཉལ་འགྲོ་གསུམ་དང་ཉོ་ཚོང་རྒྱོ་གསུམ་གང་ཐད་ནས་ཀྱང་སེམས་པ་ལྷོད་ཤིག་གེ་བ་ཞིག་ནི་རང་བཞིན་ངང་གིས་ཡོང་བ་ཚང་མས་མཁྱེན་གསལ་རེད། ་་་་་་་་་་ ཟེར།
་
ང་ཚོ་སྔགས་འཆང་ཚོ་ལ་དགོས་༼རྒྱོ་༽ཡ་ཞིག་འདིར་བྲིས་མི་འདུག་གམ། ལགས།། །།
ལྷོ་བལ་འགྲིམ་པའི་གནས་ཚུལ་ཧ་ཅང་སྙན་པོ་བྲིས་འདུག་ཚང་མ་བཀླག་ཟིན་ཐུགས་རྗེ་ཆེ།
མང་པོ་བྲིས་འདུག Dubai ལ བླ་རྒན་སྔྲག་ཡིན་ས་རེད། ཧ་ཧ།
གནམ་གྲུ་བྱང་སྣེ་འཕུར་བའི་སྐབས་སུ། ལོ་ཤས་སྔོན་བླ་རུང་གི་རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ་གླིང་སྣེ་བྱང་མར་ཕེབས་པའི་འདྲ་དོར་མཇལ་བ་མ་གཏོགས་དེ་སྔོན། བོད་པ་སུ་ཞིག་སླེབས་ཡོད་པའི་གསར་འགྱུར་མཐོང་མ་སོང་།
འདི་ནི་གསར་འབྱོར་བའི་སྐད་ཆ་བཤད་སྟངས་རང་རེད། གསར་འབྱོར་བའི་མང་ཆེ་བ་དེ་འདྲ་བཤད་སྲོལ་འདུག གོང་ས་སྐུ་ཕྲེ་ང་བཅུ་གསུམ་སྐབས་སུ་ནས་བོད་པ་ནུབ་ཕྱོགས་དབྱིན་ཡུལ་སོགས་ལ་འགྲོ་འགོ་ཚུགས་པ་རེད། ལོ་རབས་དྲུག་བཅུ་བཙན་བྱོལ་ནས་བོད་པ་ལྷོ་བྱང་ཨ་མི་རི་ཀ་ལ་འགྲ་ོམཁན་སྟོང་ཕྲག་མང་པོ་བྱུང་ཡོད། འདི་ཚོའི་རིགས་ལ་ཐོག་མར་བོད་པ་ནང་ནས་ང་འགྲོ་ཡིན། ངའི་བླ་མ་འགྲོ་རེད་ཟེར་བའི་འུར་གཏམ་ཉུང་ན་མཛེས།
ཨ་རི་དང་གླིང་སྣེ་བྱང་མ་ཁ་ཁ་རེད་ལགས། གླིང་སྣེ་བྱང་མའི་ས་ཆ་ཕལ་མོ་ཆེ་མི་མེད་ལུང་སྟོང་རེད།
ངས་ཀྱང་གླིང་སྣེ་བྱང་མའི་བརྒྱུད་ནས་ཁེ་ན་ཊར་ཐེངས་ཁ་ཤས་ཕྱིན་ཡིན། ཐེངས་དང་པོ་ནི་ཕྱི་ལོ་༡༩༩༠ ཕྱི་ཟླ་བཞི་པའི་ནང་ལ་རེད།
བྱང་སྣེའི་འཁྱགས་རོམ། ལྷོ་སྣེའི་འཁྱག་རོམ། བོད་སྣེའི་འཁྱག་རོམ། གསུམ་ནི་ཛམ་གླིང་འཁྱགས་རོམ་གསུམ་པོ་དག་གོ།
བོད་རིགས་ཀྱིས། བོད་སྣེའི་འཁྱག་རོམ་དེ་དག རྒྱ་ཧན་གྱིས་ཞུ་རུ་མ་བཅུག་པ་བྱ་རྒྱུ་དེ། བོད་རིགས་གཞོན་སྐྱེས་རྣམས་ཀྱི་ལས་འགན་གསར་པ་ཞིག་རེད་དོ།།
གླིང་སྣེ་བྱང་མ་ནས་འགྲོ་མཁན་བརྩེགས་དོ་ཡོད་རེད་བདོ།
བོད་ཀྱི་དུས་བབ། > གསར་འགྱུར། >
་
ཨ་རུ་ན་ཅལ་མངའ་སྡེ་ཞེས་འབྲི་མི་ཆོག
་
http://tibettimes.net/2019/05/09/177500/
ཨ་ཁཁ། ད་དེརིང་བློ་ཕམ་པ་ཞིག་དང་ངོ་ཚ་བོ་ཞིག་གནས་ཚུལ་ཞིག་གསར་འགྱུར་དིན་འདུག རྡ་རམ་ས་ལའི་་་་་དགེ་བཤེས་དང་སྤྲུལ་སྐུ་མཚན་གནས་གཉིས་འཛོམ་ལྡན་པའི་་་བྲག་རི་རིན་པོ་ཆེ་ཞུས་བ་དེ་་་སྡི་ལའི་ནས་རྡ་སའི་གནམ་གྲུའི་ནང་འཕུར་སྐབས་བུད་མེད་ཅིག་ལ་་་་ལུས་ལ་ལག་སྙོབ་་་བྱས་ནས་་་རྡ་སའི་ཁྲིམས་ཁ་ཐུག་འངུག་་་་་་ད་བླ་མ་རྣམས་ངེས་པར་གཟབ་དགོས་འདུག་་་ཨ་ཁ་་་
འདིར་གཟིགས་དང་། བློ་ཕམ་པའི་གནས་ཚུལ་འདུག
://www.tibetanjournal.com/senior-tibetan-lama-faces-allegations-of-sexual-assault/
ཉིན་ཤས་སྔོན་རྙིང་མ་ཚང་གིས་རྣམ་ཐར་ཞིག་བཟོ་གིས་ཡོད་རེད་ཟེར་བ་ཞིག་ཐོས་སོང་བདེན་ཡི་པ་རེད། གཙང་མཐའ་འགྲོ་ལ་གྲུབ་ཆེན་ཚོས་འཚང་ཀ་རེད་ཁྱོད་ཀྱིས་རག་མི་ཡོང་། རྔ་བ་ཚོ་ཚོང་ལས་ལ་ཡག་རབས་ཡོད་ཡིན་རྒྱུ་རེད། ཁྱེད་ཀྱིས་གསུངས་སྟངས་ལ་གཞིགས་ན་རྫོང་སར་ཚང་མི་གཤིས་མེད་མཁན་གྱི་ཁྱི་འདྲ་བོ་ཞིག་ཡིན་ས་གདའ། རེ་བ་ནང་བཞིན་གྱི་ཚོར་བ་བྱུང་མ་སོང་། ཡ་ཡ་རྩོམ་པ་པོ་ཐུགས་རྗེ་ཆེ།
ད་རུང་གཅིག་ལྷག་འདུག་ཀླུ་སྨྱོན་ཁྱོད་བསོད་ཟད་རེད་མཁའ་འགྲོ་ཚང་གིས་གནང་བའི་མེ་ཏོག་དེ་གཞན་ལ་ཕུལ་ནས་དཔེ་མི་སྲིད་རེད།ཧཧཧ
ཆོས་ཞུ་བར་ཁ་གཡར་ནས་གཙང་ཐ་མཁའ་འགྲོ་མར་ཐུག་པར་ཡོང་མཁན་མང་པོ་འདུག
གློའུ་སྨྱོན་ཚང་གིས་མཁའ་འགྲོ་མ་རྩལ་དུ་བཏོན་ནས་གླེང་སྟངས་ལ་གཞིག་ན་ཁོང་ཡང་དེའི་གྲལ་དུ་གཏོགས་པ་འདྲ། རྫོང་སར་ཚང་གིས་ཆོས་ཞུ་བའི་གྲལ་མགོ་ནས་བརྩེ་དུང་གི་དཔེ་ཆ་ཞིག་བཀླག་ནས་བསྡད་པའི་གནས་ཚུལ་དེ་དངོས་བདེན་ཡིན་མིན་མི་ཤེས། བདེན་ན་དེ་ཡང་རན་པོ་ཞིག་དང་སློབ་མ་ཡ་རབས་ཤིག་གི་བྱེད་སྟངས་གཏན་ནས་མ་རེད། འོན་ཏེ་རྙིང་མ་ཚང་ལ་ནི་རྫོབ་ལས་ཡོད་ཚད་ལ་ཕྱི་ཤུན་ཡག་པོ་རེ་གཡོག་རྒྱུའི་ཁ་ལྕེ་དང་བློ་ཁོག་གཉིས་ཀ་འདུག་པས་སུ་ཞིག་གིས་རྒོལ་བར་ནུས།