ཁྲོ་གཏུམ།
མཛེས་སྡུག་གི་གངས་རི་དང་སྤང་རི། གཡའ་རི། ནགས་ཚལ་གྱིས་བཏུམས་པའི་རི་བོ། དྭངས་གཙང་གི་རྫ་ཆུ་བསིལ་མ་ཤག་ཤག་འབབ་ས། ལྗོན་ཤིང་དང་མེ་ཏོག སྨན་རྩྭའི་རིགས་ཀྱི་དྲི་ཞིམ་ཕྱོགས་བཅུར་ཁྱབ་པ། གནས་འདི་ནས་ཕ་མེས་ཡང་མེས་ཀྱི་འཚོ་བའི་དགོད་སྒྲ་མཆེད་ཅིང་། རིགས་རྒྱུད་ཀྱི་སྨྱུ་གུ་གང་སར་མཆེད་པའི་ལོ་རྒྱུས་ཀྱི་དཔང་པོ་ཡོད་ཅིང་། རྟ་ནོར་ལུག་གསུམ་གྱི་རྗེས་སུ་ལྷིང་འཇགས་དང་ཞི་བདེར་རོལ་བའི་ཡུལ་གྲུ་ལ། ང་ཚོས་ནམ་ཡང་དད་མོས་དང་རྣམ་ཤེས་ཀྱི་གསེང་ལ་འཐིམས་པའི་བག་ཆག་ཟབ་མོ་ག་ཚོད་ཅིག་བཤད་མ་ཕོད་པ་དང་། ཡང་ན་བཤད་མ་ཤེས་པར་བག་ལ་ཉལ་བའི་སེམས་པ་གང་མང་ཞིག་ཡོད་པ་ནི་གདོན་མི་ཟའོ།།
དུས་རབས་ཀྱི་འཕེལ་རིམ་ཁྲོད་དུ་ཚན་རིག་གི་ལག་ཚལ་ཕུན་སུམ་ཚོགས་པའི་བརྡ་འཕྲིན་གྱི་བརྒྱུད་ལག་བར་དུ། སའི་གོ་ལའི་ཕྱོགས་བཞི་མཚམས་བརྒྱད་ནི་ལག་མཐིལ་ལ་བླངས་ཤིང་། པར་དང་བརྙན་ལམ་ནས་ལྟ་འདོད་པའི་འཇིག་རྟེན་གྱི་ངོ་མཚར་གང་མང་ཞིག་མིག་མདུན་དུ་བཤམ་པ་ནི་ལྟ་བས་ཆོག་མི་ཤེས་པ་ཞིག་ཡིན་པའི་སྐབས་འདིར། ངས་ཀྱང་ཉི་ནུབ་དང་དབྱར་དགུན་མི་གཅིག་པའི་རྒྱལ་ཁབ་ཆ་མེད་ཅིག་ལ་ཆ་ཡོད་རྒྱུས་ཡོད་ཀྱི་གོམས་འདྲིས་འཇོག་ཞོར། ཆུང་དུས་ནས་ལོབ་ཅིང་ཆུང་དུས་ཀྱི་འཚོ་བའི་གོམས་གཤིས་གང་མང་ཞིག་ཕ་མེས་ཡང་མེས་ཀྱིས་བཙལ་བའི་གནས་དེ་རུ་བཞག་ཅིང་ལྷག་ཡོད་པ་མ་ཟད། ད་ལྟའི་ཕྱིར་དྲན་གྱི་ཚོར་བའི་ཁྲོད་ལ་ལྷུང་ཡོང་བའི་དྲན་པ་ལྕི་མོ་དག་ཀྱང་དེ་དག་ལས་གཞན་གང་ཡང་མིན།
དེ་རིང་གི་ཉིན་བཟང་སྐར་བཟང་། ཕྱི་ལོ་ ༢༠༢༠།༡༠།༠༣ ཉིན། གོའུ་བདེ་རྒྱལ་ཚང་སྨན་རྒན་གྱི་མི་རྒྱུད་ལས་མཆེད་པའི་ལོ་རྒྱུས་ཀྱི་དེབ་ཐེར་རེའུ་མིག་ཡོད་ཅིང་། དགུང་ལོ་བརྒྱད་བཅུར་བུད་པའི་རྨོ་རྨོ་ལགས་གཙོས་མོའི་ཚེ་ལྡན་གྱི་བུ་བུ་མོ་དེ་དག་གི་བུ་རྒྱུད་དང་ཚ་བོ་ཚ་མོ་སོགས་མཉམ་དུ་འཛོམས་ཤིང་། སྤྲོ་སྐྱིད་ཀྱི་གར་དང་གཏམ་ལ་རོལ་བའི་དུས་སྐབས་བཟང་པོ་འདི། བརྙན་དང་འདྲ་པར་གྱི་ལམ་དུ་ཐག་རིང་གི་ངའི་མཐོང་ལམ་དུ་འཕུར་ཡོང་དུས། དངོས་སུ་མཉམ་ཞུགས་བྱེད་པའི་གོ་སྐབས་མ་ལྡན་ཡང་། བརྡ་འཕྲིན་གྱི་དྲིན་གྱིས་རེ་རེ་བཞིན་ངའི་ཆུང་མ་དང་བུ་ཆུང་གཉིས་སུ་ངོ་སྤྲོད་བྱས་ཤིང་། འཚམས་འདྲིའི་ལག་སྐྱེས་མེད་རུང་ཁ་གཡང་གི་ཚིག་གི་འབོད་པ་བཏང་། སྤྲོ་འཛོམས་ཐུང་ཐུང་དེའི་ནང་དུ། གཏམ་བཤད་དང་གླུ་གར་ལ་རོལ་བའི་རྣམ་པ། ཟས་ཀྱི་སྡེར་ཅོག་རང་འཁོར་རྒྱག་པའི་སྟེང་དུ་བཅུད་ལྡན་ཟས་རིགས་ཀྱི་སྣ་ཁ་འཛོམས་པོ་དང་བཏུང་བ་སྐོམ་ཆུའི་རིགས་ཀྱི་སྡེར་ཁ་བསྟར། ཁ་བརྡ་དང་དགོད་སྒྲས་ཁེངས་པའི་ལྷན་འཛོམས་ཡག་མོ་འདི་ནི། སྤུན་མཆེད་དང་ཚ་བུ་ཚ་མོ། ཡང་ཚའི་མཐའ་སྐོར་སྟེ་མཉམ་འཛོམས་ཀྱི་སྐལ་བ་ལྡན་པའི་དུས་དྲན་ཁྱད་དུ་འཕགས་པའམ། ཡང་ན་ང་ཚོ་ཤ་ཉེ་སྤུན་མཆེད་རྣམས་ཀྱི་ཆེས་བརྗེད་དུ་མེད་པའི་སྤྲོ་ཚོགས་ཁྱད་པར་པ་ཞིག་མིན་ནམ།
ཨོ་གླིང་རྒྱལ་ཁབ་ཀྱི་ཞི་བདེའི་རྒྱ་མཚོའི་མཚོ་ཁ་རུ་ལྷུང་བའི་ཤ་ཉེ་ཞིག་གིས་ཀྱང་ནམ་ཡང་སྤྲོ་འཛོམས་འདིའི་དོན་སྙིང་རྟོགས་ཤིང་ཡང་སྙིང་ཅི་ཡིན་གྱི་བསམ་གཞིགས་ལ་འགྱུར་བ་མེད་པར། དྲ་ལམ་དུ་ཤ་ཉེ་སྤྲོ་ཚོགས་སུ་དགའ་བའི་ཞུགས་ཤིང་རེ་བའི་མིག་ཟུང་གི་བུང་བ་ཁྱོད་ཚོའི་མདུན་དུ་ལྡིང་སྐོར་བྱེད་ཀྱིན་མཆིས་སོ།།
ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༠༣ ཉིན་ཨོ་གླིང་རྒྱལ་ཁབ་ནས་ཕུལ།
གྲོགས་པོ་ཁྱེད་ཀྱི རྩོམ་ཡིག་ཐང་གཅིག་གློག་པས་ང་ལ་ཡང་བྱུང་མྱོང་བའི་ཚོར་བ་མང་པོ་ཞིག་ཕྱིར་དྲན་བྱས་སོང་། རྩོམ་པ་པོ་ལ་ཐུགས་རྗེ་ཆེ་ཞུ།།
ཟླ་དཀར་དཀར་བ་ཟླ་སྟོད།
ཕ་མ་འཛོམས་པ་ཚེ་སྟོད།
སྤུན་ཉེ་འཛོམས་པ་བརྩེ་སེམས།
རང་རིགས་འཛོམས་པ་མཐུན་སྒྲིལ།