སྐྱོ་བྲག་དགའ་དབང་།
བོད་ཀྱི་ཡུལ་མིང་ལ་ང་ཚོས་ཆེ་བརྗོད་ཀྱི་ཚུལ་དུ། གངས་ཅན་ལྗོངས་དང། བསིལ་ལྡན་ལྗོངས་དང། གངས་རིའི་ར་བས་བསྐོར་བའི་ཞིང་སོགས་སུ་འབོད་པ་གྲང་བའི་ཐ་སྙད་རྐྱང་ཡིན་ལ། དོན་ལའང་བོད་ཡུལ་ཕལ་མོ་ཆེ་གྲང་ཤས་ཆེ་བས་བཟའ་བཅའ་འབྲུ་རིགས་དང། ཤིང་ཐོག །སྔོ་ཚལ་སོགས་ཆེས་དཀོན། འཚོ་རྟེན་གཙོ་བོ་ཤ་མར་ཐུད་དང་ཞོ་འོ་སོགས་འབྲོག་ལས་ཐོན་སྐྱེད་ལ་བྱེད་པས་ང་ཚོའི་མི་རིགས་ཤ་གཟན་གྱི་རྒྱུད་དུ་སོང་སྟེ་བོད་མི་རྣམས་ཤ་ལ་ཆེས་དགའ། ཤ་མེད་པའི་ཟས་རིགས་ནི་བྲོ་བཅུད་མེད་པའི་གྲས་སུ་བརྩི་བཞིན་ཡོད།
ང་ཡང་བོད་ཡུལ་ཁམས་ཀྱི་ཆར་བོད་མི་རིགས་རྣལ་མའི་རྒྱུད་དུ་བྱུང་བའི་མི་བུ་ཞིག་ཡིན་ཕྱིར་ཤ་ལ་དགའ་ཞེན་ཆེ་བ་བཤད་ཅི་དགོས། འོན་ཏེ་སློབ་དཔོན་དྲིན་ཅན་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་གཞན་གྱི་བདེ་སྡུག་ལ་དོ་ཁུར་བྱེད་པའི་ཐེག་པ་ཆེན་པོའི་ཆོས་མི་ཉུང་བ་རྣ་བར་སོན་ཅིང། མི་རིགས་དང་ཆོས་ལུགས་མི་འདྲ་བའི་ཕོ་མོ་གང་མང་ཞིག་གིས་བོད་པའི་ནང་ཆོས་དང་ཁ་ཟས་ཤ་ཁྲག་བྱེད་པའི་བར་གྱི་འགལ་འབྲེལ་གྱི་དྲི་བ་འདྲ་མིན་མང་པོས་རྔུལ་ནག་རྒྱུན་མར་དོན་བཅུག་པ་དང་། མི་ཡི་གཟུགས་ལ་སྙིང་རྗེའི་གཞན་དབང་དུ་གྱུར་པ་རྒྱལ་མཆོག་ཀརྨ་པ་ནས་བླ་མ་གོང་མ་རྣམས་ཀྱི་གསུང་དྲི་མ་མེད་པ་དཔང་པོར་བཀོད་དེ། འགྲོ་མགོན་བཀའ་བརྒྱུད་པའི་རྗེས་སུ་ཞུགས་པ་ཞིག་ཡིན་ནས་བཟུང་ཤ་ཁྲག་ལ་ལོངས་སྤྱོད་དུ་མི་རུང་བའི་བཀའ་ནན་ཡང་ནས་བསྐྱར་དུ་ཕེབས་པ་དག་གིས་ཤ་ཟ་བ་ལ་སྐྱིད་པོ་རང་ཞིག་མི་འདུག་ལ། ལྷག་ཏུ་རང་ཉིད་ཀྱི་བདེ་སྡུག་གི་ཚོར་བ་དཔང་དུ་བཞག་ནས། དུད་འགྲོ་གསོན་པོ་ཚོའི་གཟུགས་བྱད་ལ་ཅེར་གྱིས་བལྟ་བ་ན། ངས་ད་ལྟ་ཁོ་ཚོའི་ཤ་ཁྲག་ནས་ཟ་ཕོད་པ་ཅང་སྲིད་དམ། ཟོས་ན་ང་སྲིན་པོ་ཞེས་པའི་གྲགས་ཅན་དེར་གྱུར་ཟིན་པ་མིན་ནམ།
དོན་དུ་ངས་བཟའ་བའི་ཤ་ཁྲག་ནི་འདི་ཚོའི་རེད་པ། ང་ཚོའི་ཞིམ་ཟས་ཁམ་གང་གི་ཆེད་དུ་ཁོ་ཚོའི་གཅེས་པའི་སྲོག་དབུགས་ཀྱང་ལེན་ཕོད་པ་འགྲོ་བ་མི་ནི་ཇི་འདྲའི་མ་རབས་ཤིག་མ་རེད་དམ། ཁོ་ཚོས་ང་ཚོ་ཚུར་ཟོས་པ་ཡིན་ན་ང་ཚོས་ཅི་ཞིག་བཤད་ཀྱི་རེད་ལ་ཅི་ཞིག་བྱེད་ཀྱི་རེད། མི་རྣམས་དྲག་ཞན་གཏུག་ནས་ཕན་ཚུན་མ་ཟོས་པ་ནི་དུད་འགྲོ་གཉོམ་ཆུང་དྲིན་ཆེན་ཚོ་ཡོད་པའི་བཀའ་དྲིན་གྱིས་ཡིན་ཅིང། གལ་སྲིད་མི་རྣམས་ཤ་ལ་ཞེན་དྲགས་ནས་འཇིག་རྟེན་འདིའི་དུད་འགྲོ་དྲིན་ཆེན་རྣམས་རྫོགས་སོང་ན་མི་བུ་ཕན་ཚུན་ཟ་བ་ལས་གཞན་པའི་ལམ་མེད་པའི་ངེས་ཤེས་ཀྱིས་གཅོད་པའི་སྤོབས་པ་རྙེད་པ་བཞིན་རིམ་པས་ཇེ་ཉུང་དུ་བཏང་སྟེ་མཐར་རྒྱལ་དབང་ཀརྨ་པའི་ཞབས་དྲུང་དུ་རྦད་བཅད་བྱས་པ་ན། ངའི་མི་ཚེའི་ལྷག་མ་ཇི་ཡོད་ལ་ཞིམ་པོ་འདུག་ཅེས་སེམས་ཅན་གང་གི་ཤ་ཁྲག་ཀྱང་ནམ་ཡང་ལོངས་སྤྱོད་ཀྱི་མིན།
འོན་ཏེ་ངའི་གཟུགས་པོ་འདི་ཆོས་འཇིག་རྟེན་གང་ནས་བསམས་ཀྱང་གལ་ཆེན་ཡིན་ཕྱིར། གལ་ཏེ་རྐྱེན་དབང་གིས་དཀར་ཟས་མ་ཐོབ་པར་ལྟོགས་ཤི་ཡོང་ཉེན་ཤར་བ་དང། ངའི་མི་རྒྱུད་ཤ་གཟན་ཡིན་ཅིང། ངའི་འཚར་ལོང་ཡང་ཤ་ལ་བརྟེན་ནས་བྱུང་བས་ཚབ་ཆེན་ན་བ་འདྲ་བྱུང་ན་བསྐྱར་ཟ་ཆོག་པ་ལས། ཆུང་ལེན་ཆེ་སྐྱུར་གྱི་ལྐུག་པ་ཨུ་ཚུགས་བྱ་འཆར་མེད་པ་མཁྱེན། ཞེས་ཞུས་པ་ན་འགྲིག་གི་རེད་ཅེས་གསུངས། རྗེས་མ་དང་པོའི་སྐབས་སུ་ང་རང་ལྟོགས་ཞད་ཀྱིས་སྔོ་ཚལ་གྲངས་ཉུང་རེ་ཟ་བ་དང་། རོགས་པས་ཤ་ལྡན་སྣ་མང་རེ་མཉམ་ཟ་བྱེད་པ་ན་མཚམས་རེ་ཟ་འདོད་ཙམ་ཡོང་གི་འདུག །རིམ་པས་དེ་ཡང་མེད་པ་ཆགས་ནས་ཤ་ཡོད་མཉམ་ཟ་བྱེད་པ་ན་རང་བཞིན་གྱིས་སེམས་མ་བདེ་བ་དང་མ་སྐྱིད་པ་ཆགས་ཡོང་ཞིང། ལྷག་ཏུ་སེམས་ཅན་གསོན་ཟ་བྱ་སར་བསླེབས་ན་ནི་ཟ་མ་གང་ལའང་བྲོ་བ་མེད་པར་གྱུར་ནས་ཟ་མི་འདོད་པ་ཡོང་གིན་གདའ།
འདི་ཚུལ་ཀརྨ་པ་མཆོག་ལ་ཞུས་པ་ན་བླ་མས་འདྲེན་ཞེས་པ་འདི་འདྲ་ཞིག་ལ་ཟེར་བ་ལས་སྐྲ་དང་ལག་པ་ནས་བཟུངས་ཏེ་ག་ཤེད་ཅིག་ཏུ་ཁྲིད་སོང་བའི་དོན་མིན་ཞེས་གསུངས་པའང་དོན་ལ་གནས་པར་འཁུམས། སྔར་ཤ་བཅད་ན་མི་ཆོད་པའི་དངངས་སྐྲག་ཅི་ཆེ་ཡོད་ནའང་། ད་ནི་ཤ་ཟ་བའི་མཉམ་དུ་དཀར་ཟས་ཟོས་ནའང་མ་བདེ་བའི་སེམས་ཚོར་ཡོང་བ་ནི་མི་ཚེའི་འགྱུར་བ་ཆེན་པོ་ཞིག་ཡིན་པ་བཤད་ཅི་དགོས། ངས་ཤ་ཆོད་པ་ལ་བརྟེན་ནས་ཁྱོད་སྤྱང་ཀིས་ཤ་ཆོད་ན་ང་མི་ཡིས་བཅད་ན་ཆོད་དང་ཆོད་ཅེས་ངོ་ཤེས་རོགས་པ་རྣམས་ལ་སེམས་སྤོབས་རྙེད་པའང་འདུག་གོ། །
སྟོན་པ་གཤེན་རབ་ཀྱིས་ཀྱང་འདི་ལྟར་གསུངས།
རང་གི་གཟུགས་ཀྱི་ཕུང་པོ་ལ།
ཚེར་མ་གཅིག་ཀྱང་མི་བཟོད་པར།
གཞན་དག་སེམས་ཅན་མང་པོ་ཡི།
སྲོག་གཅོད་ཤ་ལ་ཟ་དགོས་ཟེར།
ག་ལིའི་སེམས་ཅན་བདུད་རིགས་ཤིག
ཅེས་གསུངས་འདུག་པར་ཡིད་ཆེས་ཀྱིས་ངས་ཀྱང་ལོ་མང་པོའི་གོང་ནས་དཀར་ཟས་གཙང་མར་བསྟེན་ཡིན།
གཞན་ཡང་སྟོན་པ་གཤེན་རབ་ཀྱིས།
ཤ་ཞེས་བྱ་བའི་ཁ་ཟས་འདི།
མིག་གིས་མཐོང་ན་ཡ་རེ་ང།
ལག་ཏུ་བླང་ན་སྐྱི་རེ་འཇིགས།
ཁོང་དུ་བསྟིམ་པའི་ལུགས་ཅི་ཡོད།
ཅེས་གསུངས་ཡོད། འོན་ཀྱང་དེང་སང་བླ་སྤྲུལ་གཙོས་པའི་ནང་པར་ཁས་འཆེ་བ་དག་གིས་་་་འཚེ་བ་སྤངས་ཡོད་ཟེར་ནས་ས་སྒྲོག་གནམ་སྒྲོགས་བྱེད་ཀྱང་དོན་དུ་འཚེ་མེད་ཞི་བ་ཞེས་པའི་ཁ་ཞགས་འཁྱིལ་བའི་ཀློང་ནས་ཁྲག་གི་རྦ་རླབས་འཕྱུར་བཞིན་ཡོད་འདུག
ངས་ལོ་ངོ་བཅོ་ལྔ་ཉི་ཤུ་སྔོན་ལ་ཨིན་ཡིག་གསར་ཤོག་ཏུ་རྒྱ་ནག་ཏུ་ཚེ་ཐུང་ཤོས་མདོ་སྨད་པ་ཡིན་འདུག་བྲིས་པ་བཀླགས། བདེན་པ་ཡིན་མིན་མི་ཤེས། གལ་ཏེ་བདེན་པ་ཡིན་ན། འདི་ལ་རྒྱུ་མཚན་ཡང་དག་ཅིག་འདུག དེ་ཡང་མདོ་སྨད་ལ་རྩྭ་ཐང་ཆེན་པོ་ཡོད་པས། འབྲོག་པ་མང་བས་ཤར་དང་མར་ལ་ལོངས་སྤྱོད་ཆེ། དེ་ལྟར་ཡིན་ན་ཡང་ལུས་ལ་བཀོལ་སྤྱོད་དགོས་པ་གལ་ཆེར་མཐོང་། ངའི་དཔེ་ཆའི་དགེ་རྒན་གྱིས་བདག་ལ་བོད་ལ་མ་ལོག་པར་རྒྱ་གར་སོགས་སུ་བསྡད་ན། ལེགས། བོད་ལ་ཞི་བདེ་འབྱུང་དཀའ་བ་འདུག ང་ནི་རྒྱ་གར་ལ་འགྲོ་ན། འབྲོག་པ་ཡིན་པས། ཤ་མ་ཟ་བར་སྡོད་དཀའ་བ་འདུག་ཅེས་ལོ་ངོ་དྲུག་ཅུ་རེ་ལྔ་ཙམ་སྔོན་དུ་གསུངས། འོན་ཀྱང་རྒྱ་གར་སོགས་སུ་ཚོད་མ་དང་། ནས་འབྲུ་སོགས་གསར་པ་ལ་ལོངས་སྤྱོད་ན། ལུས་ཁམས་ཤིན་ཏུ་ལེགས་པ་ཞིག་དུ་ཆགས་པ་མངོན་སུམ་གྱིས་མཐོང་བས། དཀར་ཟས་ལ་བརྟེན་ནས་སྐྱེ་དགུ་ཀུན་བདེ་བ་དང་། ཚེ་རིང་བར་ཤོག །
ཤ་ཟ་གི་ཡིན་དང་སྔོ་ཚལ་ཟ་གི་ཡིན་ཞེས་གདམ་ཁ་ཡོད་པའི་མི་ཞིག་ཡིན་ན་ཁོ་ནི་ཕྱུག་པོ་ཞིག་ལུས་ཡིན། བོད་མི་དཀྱུས་བ་རྣམས་ལ་དེ་འདྲའི་གདམ་ཁ་ཞིག་ག་ན་ཡོད། སྤྱིའི་ཆ་ནས་ཤ་ཡི་རིགས་ཀྱིས་ལུས་ལ་སྟོབས་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད་པ་ནི་ཚན་རིག་པ་ཚོས་འདོད།
ངས་ཀྱང་བརྩེ་བ་ཡོད་པའི་ཤ་ཟ་གི་མེད། མི་ཁྱི་རྟ་གསུམ་དང་སྤྲེའུ་རིགས་ཀྱི་ཤ་ཟ་གི་མེད། དེ་མིན་ཐམས་ཅད་ཟ་གི་ཡོད། འཚེ་བ་དང་འཚེ་མེད་ཀྱི་སྐད་ཆ་བཤད་ན་འཚེ་བ་བྱས་མ་དགོས་པའི་འབྲས་དང་རྩམ་པ་མེད། འབུ་མ་བསད་པར་ཞིང་ལས་བྱེད་མི་ཐུབ། དེ་འདྲ་ཡིན་དུས་སྡིག་པ་མེད་པའི་ལྟོ་ཞིག་འཛམ་གླིང་འདིའི་ཐོག་ཏུ་མི་འདུག་བསམས་ཀྱི་འདུག ལྷག་པ་ཏུ་སྡིག་པ་ཉིས་བརྕེགས་ཡོད་པ་བཀོར་ཟས་རེད་འདོད་དོ།།
གྲྭ་བ་རྣམས་ཀྱིས་ཤ་མ་ཟོས་ན་ཡག་ནི་རེད། མདོ་ལང་གཤེགས་ལས། ཤ་ནི་གཅན་གཟན་རྣམས་ཀྱི་ཟས།།རབ་ཏུ་བྱུང་བའི་གང་ཟག་གིས།།ཤ་ནི་ཟ་བར་མི་བྱའོ།།གསུངས་འདུག །འོན་ཀྱང་འབྲོག་པ་རྣམས་འཚོ་རྟེན་ཤ་མར་ཐུད་གསུམ་ཞེས་ཁ་ལག་གཙོ་བོ་དེ་ཆགས་པས་སྤོང་དཀའ་མོ་རེད། གྲྭ་བ་རྣམས་ཀྱིས་ཤ་ཟོས་ནས་འབྲོག་པའི་ནང་དུ་དགེ་བཅུའི་ཁྲིམས་བཅས་ན་གང་འདྲ་ཡིན་མིན་མི་ཤེས།
ངེད་ལ་སངས་རྒྱས་ཀྱི་བཅས་པ་ལས་སྲུང་བྱ་གཞན་མེད།
དེ་ལས་གཞན་ཁས་ཀྱང་ལེན་ཐུབ་ཀྱི་མེད།
དྲང་མོར་བཤད་པ་ཡིན།
ཚུལ་ཆོས་ཀྱིས་ཅི་ཡང་མི་ཕན།
ཤ་མེད་ཟས་ཤིག་ཟ་རུ་མི་འདོད་ཅིང་།།
མར་མེད་རྩམ་རྐྱ་ཟ་ན་མི་འདོད་ལ།།
ཇ་མེད་ཆུ་རྒོད་འཐུང་ན་མི་འདོད་པ།།
གངས་ཅན་བོད་མིའི་གཤིས་སུ་འཇགས་ནས་ཡོད།།
གྲྭ་བ་རྣམས་ཀྱིས་ཤ་མ་ཟོས་ན་ཡག་ནི་རེད། མདོ་ལང་གཤེགས་ལས། ཤ་ནི་གཅན་གཟན་རྣམས་ཀྱི་ཟས།།རབ་ཏུ་བྱུང་བའི་གང་ཟག་གིས།།ཤ་ནི་ཟ་བར་མི་བྱའོ།།གསུངས་འདུག །འོན་ཀྱང་འབྲོག་པ་རྣམས་འཚོ་རྟེན་ཤ་མར་ཐུད་གསུམ་ཞེས་ཁ་ལག་གཙོ་བོ་དེ་ཆགས་པས་སྤང་རྒྱུ་དཀའ་མོ་རེད། གྲྭ་བ་རྣམས་ཀྱིས་ཤ་ཟོས་ནས་འབྲོག་པའི་ནང་དུ་དགེ་བཅུའི་ཁྲིམས་བཅས་ན་གང་འདྲ་ཡིན་མིན་མི་ཤེས།
གྲྭ་བ་རྣམས་ཀྱིས་ཤ་ཟ་བ་ཉུང་དུ་བཏང་ཐུབ་ན་སེམས་ཅན་མང་པོའི་ཚེ་སྲོག་ལ་གནོད་པ་ཉུང་དུ་འགྲོ་བ་དང་གྲྭ་བའི་ཁོར་ཡུག་དེ་ཡང་གཙང་ཞིང་ཡིད་དུ་འོངས་ལ། གཞན་གྱི་ཡིད་དུ་འཐད་པོ།
ཤ་ཟས་ན་ཚེ་རིང་བོར་བསྡ་མི་ཐུབ་ཟེར་ནས་གནའ་དེང་གཉིས་ཀས་འགྲེལ་བཤད་མང་།
སྐབས་ཤིག་ཚགས་ཤོག་ཅིག་མཐོང་བའི་ནང་བལ་ཡུལ་གྱི་རྒད་པོ་ཞིག་ལོ་བརྒྱ་དང་བཅུ་གཉིས་བསྡད་པ་རེད་ཟེར།
གཅིག་བྱས་ན་བརྒྱ་དང་གཉིས་ཡིན་ན་ཡང་ཐང་། གསལ་བོ་ཞིག་དྲན་མ་སོང་། མཚན་རིག་པས་བརྟག་དཔྱད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན་མི་དེས་རྟག་པར་གླང་ཤ་བསྲེགས་མ་ཟ་བཞིན་ཡོད་པས་རེད་ཟེར། རྒད་པོ་ཁོས་ཀྱང་ཤ་བསྲེགས་མ་རྒྱུན་དུ་ཟས་པ་ཡིན་ཟེར། བདེན་མིན་མི་ཤེས་ཀྱང་གསར་འགོད་པའི་དྲི་བ་ལ་ལན་དེ་འདྲ་ཞིག་བརྒྱབ་འདུག
ཨ་མདོ་བས་ཤ་ཟ་བ་མང་བ་བདེན་པ་རེད། ཁྱད་པར་དུ་འབྲོག་པ་ཚོས་རྒྱུས་ཟས་རེད། ཡིན་ན་ཡང་ཚེ་རིང་ཐུང་ལ་ངེས་མེད་རེད། གཏན་ཁེལ་ནས་བཤད་ཡ་ཡོད་མ་རེད། འབྲོག་པ་ཚོའི་ནང་ན་ལོ་བགྲེས་པ་ཧ་ཅང་མང་།
སྡིག་པའི་ཕྱོགས་ནས་བསམ་ན་བོད་པ་ལས་རྒྱ་ནག་ཚོར་སྡིག་ལས་ཆེ། འབྲོག་མི་ཞིག་ལ་མཚོན་ན་ལོ་གཅིག་ལ་གཡག་ལུག་བསོད་པའི་དབང་དུ་བཏང་ཡང་རྒྱ་མི་ཚོས་ཉིན་རེར་ཡང་འབུ་ཁྲི་ཕྲག་རེ་ཟ་བཞིན་ཡོད།
འཇར་པིན་པ་ཚོས་རྟག་ཏུ་ཉ་ཤ་ཟ་གི་ཡོད། འཇར་པིན་པ་ལོ་བརྒྱ་ཐུབ་མཁན་མང་བོ་ཡོད་རེད། ཁོ་ཚོས་ཉ་ཤ་རྒྱུན་དུ་ཟས་པས་ཚེ་རིང་བོར་བསྡད་པ་རེད་ཟེར། ཚན་རིག་པའི་ཞིབ་འཇུག་ཟིན་ཐོ་ཞིག་ལས་མཐོང་མྱོང་།
ངས་ག་རེ་བཤད་ཀྱིན་ཡོད་ཟེར་ན། སེམས་ཅན་བསད་ན་སྡིག་པ་ཡོད་མ་རེད་ལབ་ཀྱི་མེད། ཤ་ཟས་ན་ཚེ་རིང་བོར་འདུག་ཐུབ་མིན་ལ་བཤད་ཀྱིན་ཡོད། ཤ་ཟས་ན་སྡིག་པ་ཡོད་མེད་ཀྱང་ཧ་གོ་གི་མེད། རྣམ་གསུམ་དག་པའི་ཤ་ཟེར་བ་ཞིག་ཀྱང་གོ་མྱོང་། དེ་ག་འདྲ་ཞིག་ལ་ཟེར་གྱི་ཡོད་རེད། དེ་ལ་ཡང་བསམ་བློ་དགོས་ཀྱི་འདུག ཤ་ཟས་ན་ཚེ་རིང་བོར་འདུག་གི་མ་རེད་ཟེར་ནས་མི་དམངས་ལ་ཞེད་སྣང་མ་བསྐུལ་ན་ཡག་པོ་ཡོད་རེད་བསམ་སོང་། ཐུགས་དང་འགལ་ན་བཟོད་པ་བཞེས་རོགས།།་དེ་ཙམ་ཡིན།
ཡིག་ནོར་མང་ཐག་ཆོད་འདུག
འབྲི་བ་པོས་འབྲིས་མ་ཤེས་ཀྱང་།
ཀློག་པ་པོས་ཀློག་ཤེས་གནང་རོགས།
ཤ་མེད་དཀར་ཟས་ལ་རོལ་བ་ནི་ཤིན་ཏུ་ངོ་མཚར་ཆེན་པོ་དང་བསྔགས་པར་འོས་པ་ཞིག་རེད།
ཡིག་ནོར་ལ་གཟབ་བཏང་ན་གཞན་བཤད་རྒྱུ་མེད་གི །ངར་བ་རེད
ནང་ཆོས་གཞིར་བཞག་ན་ཕྱུགས་གསོད་མཁན་དང་ཤ་ཟ་མཁན་གཉིས་ལས་ཤ་ཟ་མཁན་སྡིག་པ་ཆེ། ཤ་ཟ་མཁན་མེད་ན་ཕྱུགས་གསོད་མཁན་མི་ཡོང་བའི་ཕྱིར། གཟུགས་པོའི་འཕྲོད་བསྟེན་ནི་ཤ་ཟ་མི་ཟ་ལ་འབྲེལ་བ་མེད་པར་ཟས་ཟ་ཚོད་ཟིན་པ་དང་ལུས་ལ་འགུལ་ཀྱག་རྒྱག་དགོས་པ་དང་སེམས་སྐྱིད་པོ་དགོས་པ་ལས་ཤ་ཟོས་པ་དང་མ་ཟོས་པ་ལ་གཉིས་ལ་འབྲེལ་བ་མེད་ཅེས་ཚན་རིག་པས་ཟེར།
གྲྭ་བ་རྣམས་ཀྱིས་ཤ་ཟ་བ་ཉུང་དུ་བཏང་ཐུབ་ན་སེམས་ཅན་མང་པོའི་ཚེ་སྲོག་ལ་གནོད་པ་ཉུང་དུ་འགྲོ་བ་དང་གྲྭ་བའི་ཁོར་ཡུག་དེ་ཡང་གཙང་ཞིང་ཡིད་དུ་འོངས་ལ། གཞན་གྱི་ཡིད་དུ་འཐད་པོ།
གྲྭ་བ་རྣམས་ཀྱིས་ཤ་ཟ་བ་ཉུང་དུ་བཏང་ཐུབ་ན་སེམས་ཅན་མང་པོའི་ཚེ་སྲོག་ལ་གནོད་པ་ཉུང་དུ་འགྲོ་བ་དང་གྲྭ་བའི་ཁོར་ཡུག་དེ་ཡང་གཙང་ཞིང་ཡིད་དུ་འོངས་ལ། གཞན་གྱི་ཡིད་དུ་འཐད་པོ།
ཟེར།
ཤ་ཟོས་པས་ཚེ་ལ་མི་གནོད། ཚིལ་ཟོས་པས་ཚེ་ལ་གནོད། འདི་གཉིས་ཀྱི་ཁྱད་པར་ཤེས་ན་ལེགས།
ཤ་ཟ་མཁན་ནི། རོ་ཟ་མཁན་རེད་ཟེར། ཤ་ཁུ་འཐུང་མཁན་ནི། ཤ་ཇ་འཐུང་མཁན་རེད་ཟེར། ང་ཚོའི་ནང་ནས་རོ་ཟ་་མཁན་མང་ལོས་ཡོད་པེ། ལགས།
རང་གི་ཆེད་དུ་བསད་པར་མཐོང་ཐོས་དོགས་གསུམ་མེད་པའི་རིགས་ནི་རྣམ་གསུམ་དག་པ་ཡིན་ལ། གཞན་ནི་རྣམ་གསུམ་མ་དག་པར་གསུངས། སྒྲ་དོག་པའི་དབང་དུ་བྱས་ན། རྣམ་གསུམ་དག་པའི་ཤ་ཡིན་ན་ཤི་ཤ་ཡིན་པས་ཁྱབ། ཅེས་པ་དྲན་དབང་་གོང་མའི་བཞེད་པ་རྨ་མེད་པ་ཡིན།
ཤ་མི་ཟ་བ་དང་། འོ་མ་མི་འཐུང་བ། གོས་དྲས་ཤིང་དྲུབས་་མི་གྱོན་པ་སོགས་ནི་ལྷས་བྱིན་གྱིས་སངས་རྒྱས་ལ་འགྲན་སེམས་ཀྱིས་ཁོ་རང་གི་ཚོགས་པ་ལོགས་སུ་འཛུགས་པའི་གྲ་སྒྲིག་བྱས་སྐབས་སུ་ཁོ་རང་གི་རྗེསའཇུག་ཚོར་ཁྲིམས་བཅའ་ཁུལ་བྱས་པ་རེད། སངས་རྒྱས་ཀྱིས་ནི་སྲོག་གཅོད་པ་སྐྱོན་དུ་མཐོང་ཞིང་འཚེ་བ་མེད་པའི་ལམ་དེ་ཁོང་གི་ལྟ་གྲུབ་ཀྱི་གཞི་ཡིན་ན་ཡང་འཚེ་བ་གཏན་ནས་མེད་པར་འཚོ་ཐབས་མེད་པ་མཐོང་ནས་ཤ་མཐའ་གཅིག་ཏུ་འགོག་པ་མ་གནང་བ་ནི་འདུལ་བ་ལས་ཤེས་ནུས།
ཤ་ཟ་ལ་དགའ་མཁན་ཚོས་འདུལ་བའི་ལུང་ལས་གསལ་བའི་གནང་བའི་ཤ་ཡི་ཕན་ཡོན་དང་ཚན་རིག་པས་བཤད་པའི་ཤ་ཡི་དགེ་མཚན་དང་ཉེས་དམིགས་ཚུལ་དེ་ཚོ་སྒྲོག། ཤ་ལ་མི་དགའ་བ་དང་སྙིང་རྗེ་ཅན་རྣམས་ཀྱིས་སངས་རྒྱས་མྱིས་གསུངས་པའི་བཀའ་ལས་ཤ་ཡི་ཉེས་དམིགས་དང་འཚེ་བ་འགྲོ་ཚུལ་སྒྲོག བོད་ཀྱི་གཏམ་དཔེར། ཕ་གསོད་མཁན་གྱི་བུ་ལའང་ཤོད་རྒྱུ་གཅིག་ཡོད། ཅེས་རང་གི་ཕ་རང་གིས་བསད་པར་ད་དུང་རྒྱུ་མཚན་ཡོད་ལུགས་ཤོད་ཀྱི་རེད་ཟེར། ལྕེ་ལ་རུས་པ་མེད་དུས་གང་ཡང་བཤད་རུང།
ཤ་ཟ་མཁན་ཡིན་ན་དེའི་རྒྱུད་ལ་སྙིང་རྗེ་མེད་པས་ཁྱབ་ཅེས་བཤད་ཀྱི་འདུག་ད། མི་ཁ་ཅིག་གིས་ང་ཚོ་ནི་མཐོ་སྒང་ལ་སྐྱེས་པས་མཐོ་སྒང་ལ་སྔོ་ཚལ་དང་ཞོ་ཾཁོག་ལས་སོགས་དཀོན་པར་བརྟེན་ཟ་དགོས་ངེས་དང། ང་ཚོ་ནི་སྔར་ཆུང་ངུའི་དུས་ནས་ཤ་ཟ་མཁན་ཡིན་པས་སྤོང་མི་ཐུབ་ཟེར། ད་ང་ཚོ་ནི་སྔར་ནས་ད་བར་འཁོར་བར་འཁྱམས་པས་ཉོན་མོངས་དུག་ལྔ་ལས་སོགས་སྤོང་མི
ནུས། ཞེས་ཤོད། ང་ཚོ་ནི་ཉོན་མོངས་དུག་ལྔའི་ཕུང་པོ་ཡིན་པས་ཉོན་མོངས་དུག་ལྔ་སྤོང་བ་ལ་མི་འབད་ཅེས་བཟོ་འདྲ་བཤད་ཀྱི་འདུག དེ་ལྟར་ན་དམ་པའི་ཆོས་ཀྱི་རྩ་བ་ཉོན་མོངས་དུག་ལྔ་སྤོང་ཐབས་ཁོ་ན་ལས་གཞན་མེད། དེས་ན་དམ་པའི་ཆོས་བྱེད་ཐུབ་ས་མ་རེད་ཅེས་བཤད་ན་ཡག་ཤོས་རེད། ཡང་ན་དམ་པའི་ཆོས་ཟེར་བ་དེ་གཞན་ཁོ་ན་ལ་ཤོད་རྒྱུ་ལས་རང་ཕྱོགས་སུ་འཁོར་ནས་ཉམས་ལེན་དགོས་པ་མེད་ན་ཡ་མཚན་རེད། ད་ཆང་ལ་དགའ་མཁན་ཚོས་ཆང་གི་ཕན་ཡོན་ཤོད། ཆགས་སྤྱོད་ལ་དགའ་མཁན་ཚོས་ཆགས་སྤྱོད་ཀྱི་ཡོན་ཏན་ཤོད།
མ་བསྔོས་པ་དང་ལོག་པར་བསྔོས། །གཞན་ལ་བསྒྲགས་དང་འགྱོད་པ་སྐྱེས། །དགེ་རྩ་ཟད་པའི་རྒྱུ་བཞི་ཡིན། ། ཞེས་ཀྱང་གསུངས་འདུག་གོ་ཤེས་ལྡན་ཚོ།
སྐྱོ་བྲག་དགའ་དབང་ལགས་ཀྱིས་ཤ་བཅད་ཉམས་མྱོང་བསྐོར་ཡག་པོ་འདུག །ཤ་ཟ་དུས་ངེས་པར་ཐུགས་བསམ་ཡག་པོ་གཏོང་ག་ཡ་ཆགས་འདུག་སེམས། ཚེ་རིང་ཐུང་། འཕྲོད་སྟེན་ཡག་ཉེས་སོགས་མིན་པར་ཟ་རྒྱུ་ཆེད་བསད་སྐབས་ཀྱི་མགོན་མེད་དུད་འགྲོའི་ཚོར་བར་བསམ་བློ་གཏོང་ན་ཆོས་པ་ཡིན་མིན་མིན་པ། སྡིག་པ་ཡོད་མེད་མིན་པར་ང་རང་ཚང་མ་ཚོར་བ་ཡོད་པའི་ཆ་ནས་གཅིག་མཚུངས་ཡིན་པར་བསམ་བློ་གཏང་ན་ཤ་ཟ་ཕོད་ཡ་མ་རེད་བསམ།
རྩོམ་གྱི་མགོ་བརྗོད་དུ་་་་་ཤ་བཅད་་་་་ཅེས་པ་ནི་གོ་ནོར་ཐེབས་སྲིད། ཤ་བཅད་ཟེར་བ་འབྲོག་པས་རེའུ་དང་ལུག་གུ་གཡག་གུ་ལས་སོགས་ཕོ་ཡི་འབྲས་བུའམ་སྒོང་རིལ་ཕྱུངས་བའི་དོན་རེད། དེས་ན་སྐྱོ་བྲག་གི་ཤ་བཅད་ཟེར་དུས་སྐྱོ་བྲག་དགའ་དབང་གི་སྒོང་རིལ་ལམ་རླིག་རིལ་ཕྱུངས་པའི་བཟོ་འདྲ་ཞིག་བཤད་འདུག ངས་དང་པོར་མགོ་བརྗོད་ཀློག་དུས་ཨ་ཁ་བསམ་བྱུང། ད་ཡིན་ན་མུ་སྟེགས་པ་བཞིན་དུ་དྲང་སྲོང་བྲམ་ཟེའུ་ཡི་སྒོང་རིལ་དེ་བཏོན་ཡིན་ས་རེད་བསམ་བྱུང། འོན་ཀྱང་རིམ་གྱིས་བཀླགས་དུས་དེ་རེད་མི་འདུག
ཤ་བཅད། ཤ་དཔྱད། ཤ་ཆད།
དམར་ཟས་སྤོངས་བ་དང་། འཚེ་མེད་ཞི་བདེ་གཉིས་མཚུངས་ལ། དམར་ཟས་ཟ་བ་དང་། སྲོག་གཅོད་དྲག་སྤྱོད་གཉིས་འདྲ་མཚུངས་སུ་མཐོང་ལགས།
ཅོ་རིའི་སྐད་ཆ་ལ་མོས་མཐུན་ཡོད། འཛམ་གླིང་ལ་ཟས་རིགས་མི་འདང་བའི་དཀའ་ངལ་མང་དུ་འཕྲད་ཀྱི་ཡོད་པས་ཟས་ལ་གདམས་གསེས་མང་བ་ནི་རྒྱུ་ཆེན་ཚོས་གླེང་བྱ་རེད། དབུལ་བོ་ལ་དེ་འདྲ་གདམས་བྱ་ག་ལ་ཡོད། འུ་ཐུག་ན་མི་ཤ་ཡིན་ཡང་ཟ་ཉེན་ཆེ་ལ། གཅིན་པ་ཡིན་ཡང་འཐུང་ཉེ་ཆེ། རྒྱུ་ཆེན་ཚོའི་སྐྱག་ལངས་ཀྱི་དཀའ་ངལ་ལ་གདུང་ལེན་དཀའ།
གང་ལྟར་ཟས་རིགས་གང་ཞིག་ཟ་ཚོད་ཐུག་ཅིང་ལུས་ཁམས་དང་སྟུན་ཤེས་ན་འཕྲོོད་བསྟེན་ལ་ཕན་ངེས་རེད། གདམས་ཁ་ཡོད་ན་བོད་ཀྱི་འབྲོག་པ་ལྟར་ཤ་ཡི་འཚོ་བ་ཁོོ་ན་མ་རོལ་བ་སྔོ་ཚས་དང་འབྲུ་རིགས་སོགས་དང་ལྷན་ཟ་ཐུབ་ན་འཕྲོད་བསྟེན་ལ་ཕན་ཞིང་རིང་དུ་འཚོ་ཐུབ་ངེས་རེད།
ཨ་ནུ་ཐང་བསོད་ནམས་ལགས།
བོད་ཀྱི་བླ་ཆེན་མཁན་ཆེན་ཚོས་སྤྱི་ཚོགས་ཀྱི་འཚོ་བའི་དཔལ་འབྱོར་ཐོག་ཏུ་བསམ་བློ་གཏོང་མཁན་ཉུང་ཉུང་ནང་གི་ཉུང་ཉུང་རེད། ཁོ་ཚོའི་རྒྱུད་ལ་སྙིང་རྗེ་སྤུ་སོབ་མ་རེ་སྐྱེས་འོང་དུས་བྱང་ཆུབ་སེམས་དཔའ་ལྟ་བུ་ཆགས་འགྲོ་གི་རེད། ཆོས་ལུགས་ཆོས་རྒྱུད་གནད་དོན་ཐོག་ཏུ་ཐུག་དུས་སྟག་མོ་ཁྲག་གིས་སྨྱོ་པ་ལྟ་བུ་རེད་ལ་བོད་ཀྱི་ལོ་རྒྱུས་ཐོག་ཏུ་ཆོས་པས་མི་བསད་པ་དང་དམག་བརྒྱབ་པའི་ལས་ཉེས་བསགས་པ་དངོས་ཡོད་གནས་ཚུལ་ཡིན།
བླ་ཆེན་མཁན་ཆེན་འདི་ཚོ་རྒྱུ་ཆེན་རེད། འབྲས་དང་རྩམ་པ། གྲོ་ཕྱེ། སྔོ་ཚལ་དང་ཤིང་ཐོག འོ་མ་དང་མར། ཤིང་ཐོག་ཁུ་བ་དང་ཆུ་ངར་མོ་སོགས་གང་ཟ་ཟ་དང་གང་འཐུང་འཐུང་རེད། མང་ཆེ་བ་ཤ་རྒྱག་པ་ཕག་པ་ནང་བཞིན་རེད། བོད་ཀྱི་ཞིང་འབྲོག་མི་དམངས་ཉམ་ཆུང་ཚོ་ནི་དེ་འདྲ་ག་ལ་ཡིན། ཆ་རྐྱེན་དེ་འདྲ་ག་ལ་ཡོད། གྲོད་ཁོག་རྒྱག་ཙམ་གྱི་ཟས་ཤིག་རེག་ན་གདམས་ཁ་ཟེར་དུས་ཐག་རིང་པོ་རེད། ཡིན་དང་མིན་ངོ་གདོང་གི་མདོག་ལ་བལྟས་ན་ཤེས།
བོད་ཀྱི་ཞིང་འབྲོག་མཉམ་འབྲེལ་ལམ་ལུགས་ཀྱི་འཚོ་བ་སྐྱེལ་གཏོང་རྩམ་པ་དང་གཡག་ཤ་གཉིས་གཙོ་བོ་རེད། ཤ་སྤང་དགོས་པའི་མིག་སྟོན་ངན་པ་སྤྱི་ཚོགས་ནང་བཏོན་གྱི་རེད། ཉམ་ཆུང་བོད་མི་ཚོས་ཤ་ཟ་ན་མི་འགྲིག་མདོག་མདོག་བཤད་ཀྱི་རེད་མ་གཏོགས་ཉམ་ཆུང་བོད་མི་ཚོའི་ག་རེ་ཟ་དགོས་མིན་གྱི་ཐོག་ཏུ་དགོངས་གཞི་དང་དགོངས་པ་ཡོད་མ་རེད།
བླ་ཆེན་མཁན་ཆེན་ཚོས་དད་ལྡན་ཞིང་འབྲོག་མི་དམངས་ག་པ་འཁྲིད་རེད། ག་པ་སྐོར་སྐོར་རེད། དད་ལྡན་དམངས་ཚོགས་ལ་སྙིང་རྗེ་བལྟ་མཁན་གྱི་བླ་ཆེན་མཁན་ཆེན་མི་འདུག ཉམ་ཆུང་དད་ལྡན་མི་དམངས་ཀྱི་དཔལ་འབྱོར་ཕར་ཕྲོགས་པ་མ་གཏོགས་ཚུར་སྤྲད་པའི་ལོ་རྒྱུས་ཤིག་མི་ལོ་སྟོང་གི་རིང་དུ་མེད། ཨོ་ཡ་་་སྐྱུག་མེར་ལངས་བའི་སྐད་ཆ་མཚམས་བཞག་གི་ཡིན་ལགས་་ཧ་ཧ
དག་གསར་ནང་འདི་འདྲ་ཞིག་འདུག ཕྱ། ཕྱུགས་ཀྱི་སྐྱེ་རྒྱུན་སྤེལ་བའི་དབང་པོ་ཉམས་པར་བྱེད་པའི་ཐབས་ཤིག་གི་མེང་སྟེ། ལུ་གུ་ཕྱ་བྱས་ལྟ་བུ།
རེད་རེད་ཕྱུག་བཅད་ཅེས་ཀྱང་ཟེར། རྩོམ་གྱི་མགོ་བརྗོད་ལ་་་་་་ཤ་སྤངས་པའི་ཉམས་མྱོང་་་་་་་ཟེར་ན་ཚིག་སྦྱོར་བདེ་མོ་འདུག དེ་མིན་སྐྱོ་བྲག་དགའ་དབང་གིས་ཤ་བཅད་ཟེར་དུས་ངས་གོང་དུ་བྲིས་པ་ལྟར་་ཁོང་གི་འབྲས་བུ་ཕྱུང་བ་ལ་གོ་གི་རེད།
འོ་ཕྱུགས་བཅད་་་ཅེས་བཅོས་རོགས།
བན་དེ་ལགས། འབྲོག་པས་ཕྱུག་ལུག་གི་སྐྱེས་སྒོང་བླངས་པ་དེ་ལ་ཤ་བཅད་ཟེར་བ་མ་རེད། བྱ་བཅད་ཟེར་བ་རེད། བྱ་ཚིག་ད་ལྟ་བ་ལ་བྱ་གཅོད་ཟེར་བ་རེད།
བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཆེད་དུ་མི་གསོད་དགོས་ཟེར་ནས་ལབ་མི་ནུས་འདུག་ལ་ཁོང་ཁྲོ་ལངས་སྐབས་བསམས་ནའང་ཞིབ་ཏུ་བསམ་བློ་གཏང་དུས་ལས་ཉེས་དེ་འདྲ་བྱེད་ན་ག་ནས་རུང་དྲན་གྱི་འདུག རྒྱལ་ཁབ་གཞན་དག་གི་མི་རྣམས་ཀྱིས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་མི་བསད་དང་གསོད་བཞིན་པ་རེད་ལ་མི་གསོད་རྐྱེན་གྱི་གོ་ལག་ཆ་ལ་འགྲོ་སོང་ཆེན་པོ་བཏང་ནས་གྲལ་སྒྲིག་བྱས་དང་བྱེད་པ་རེད། མི་གསོད་ཁྱད་ལས་པ་དམག་མི་ས་ཡ་མང་པོ་ལ་འགྲོ་སོང་ཆེན་པོ་བཏང་ནས་གསོ་སྐྱོང་བྱས་ཡོད་རེད།
འཚེ་བ་དང་འཚེ་མེད་ཅེས་པའི་ལྟ་གྲུབ་འདི་ཡང་འགྲོ་བ་མི་དང་མིའི་བར་དུ་བེད་སྤྱོད་ན་འོས་ཤིང་འཚམས་པ་ཞིག་རེད་བསམས་ཀྱི་འདུག་མ་གཏོགས་མི་དང་དུར་འགྲོ་བར་དུའང་འཚེ་མེད་ཞི་བདེ་ལག་སྟར་བྱེད་དགོས་ན་རྒྱལ་ཁབ་ཤིག་ཟིན་ཐུབ་པ་ཕར་ཞོག་འབྲོག་ཁྱིམ་ཞིག་ཀྱང་ཟིན་ཐུབ་ས་མ་རེད་བསམས་ཀྱི་འདུག
ཁྱོད་རྣམས་པས་བསམ་པར་ཅོ་རི་འདི་བདུད་རྒན་ངོ་མ་ཞིག་རེད་བསམས་ནའང་མི་ཤེས། ངའི་ངོས་ནས་བོད་མི་རིགས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་བཤས་བཤའ་དགོས་པ་རེད་བསམས་ཀྱི་འདུག འཚོ་བ་སྐྱེལ་དགོས་རེད། མི་དང་གཡག་གཉིས་བར་དུ་འཚེ་མེད་ཞི་བདེ་ཡོང་ཐབས་མི་འདུག དཔལ་འབྱོར་གྱི་ཆ་ནས་ཡིན་ནའང་ཤ་རིགས་བེད་སྤྱོད་མ་གཏོང་ན་བོད་མི་རིགས་ཀྱི་འཚོ་གནས་ཁག་པོ་རེད་བསམས་ཀྱི་འདུག་གོ
དོན་ངོ་མའི་ཐོག་ནས་བོད་མི་རིགས་ལ་ཤ་ཚ་མཁན་རེ་ཡོད་ན་མི་ཚེ་འདི་ལ་དམྱལ་བ་མྱོང་མི་དགོས་པ་ཞིག་དང་ཡི་དྭགས་ལྟ་བུ་ཆགས་མི་དགོས་པ་ཞིག་ལ་འབད་བརྩོན་བྱེད་རོགས་བྱེད་ན་བསམས་ཀྱི་འདུག སྐྱེ་བ་ཕྱི་མར་ཡོད་ཐག་དང་མེད་ཐག་ཆོད་ཁག་པོ་འདུག་ལ་ཐག་བཅད་མ་ཐུབ་པའི་གནད་དོན་ཞིག་གི་ཐོག་ཏུ་དཀའ་ལས་བརྒྱབ་ན་དགོས་པ་དེ་ཙམ་མ་མཐོང་། དེ་ལས་ཁ་ཡོད་ལག་ཡོད་ཀྱི་ཚེ་འདི་ལ་འཛམ་བུ་གླིང་གི་མིའི་བདེ་སྐྱིད་ཆ་ཚང་བ་ཞིག་མྱོང་གྱི་བྱུང་ན་དགའ་ས་རེད་འདོད།
འཚེ་མེད་ཞི་བདེ་ཞེས་པའི་ལྟ་གྲུབ་འདི།
མི་དང་་མི་ཡི་བར་དུ་འཚམ་ནའང།
མི་དང་དུར་འགྲོའི་བར་དུ་སྤྱོད་དགོས་ན།
ཡུལ་དང་ལུང་པ་ཟིན་པའི་རེ་བ་མེད།།
སྤོབས་མཐའ་ལགས་རེད། བྱ་བཅད། ཤ་བཅད། ཕྱུགས་བཅད། དོན་གཅིག་པ་རེད། ཡུལ་ལུང་སོ་སོའི་སྐད་མི་འདྲ་བ་ཙམ་ལས་གཅིག་པ་རེད། གནའ་སྔ་མོའི་མི་རྣམས་ངོ་ཚ་རྐྱེན་པོ་ཞེ་དྲགས་ཡོད་རེད། དེ་བྱས་དུས་ཁ་ཐུག་སྒོང་རིལ་བཏོན་པ་དང་རླིག་འབྲས་ཕྱུངས་བ་ཟེར་སྲོལ་མེད། ང་ཡི་ཕ་ཡུལ་གྱི་མི་རྣམས་ཀྱིས་བྱ་བཅད་དང་ཤ་བཅད་དང་ཕྱུགས་བཅད་བྱས་གསུམ་ཀ་བེད་སྤྱོད་ཀྱི་འདུག དེ་བྱས་དུས་ང་ཚོས། བྱ་བཅད། ཤ་བཅད། ཕྱུགས་བཅད་གསུམ་གྱི་མིང་བརྡ་ལ་དཔྱད་པ་བྱས་ན་གང་འདུག་གམ། མི་ཁག་ཅིག་གིས་འདི་ཚོར་ཆོ་མེད་པའི་སྐད་ཆར་བསམ་སྲིད། འོན་ཀྱང་དེ་འདྲ་མ་རེད། གནའ་སྔ་མོའི་སྐད་ཆ་བརྡ་རྙིང་པ་དེ་ཚོར་ཞིབ་འཇུག་དང་དྲན་གསོ་མ་བྱས་ན་ཉིན་གཅིག་་་བོད་སྐད་འདི་་་་ཏུན་ཧོང་གི་ཡིག་རྙིང་བཞིན་བོད་མི་ཚོས་གོ་བ་ལེན་མི་ཐུབ་པ་ཞིག་ཏན་ཏན་ཆགས་ཀྱི་རེད་དྲན། ལོ་ངོ་བཅུ་གྲངས་ཞིག་ལས་མ་འགྱངས་ཀྱང་་་་་གཡག་གི་མར་་་་་གཡག་མོ་ལ་འབྲི་་་་ཞེས་བཤད་དུས་ད་གང་འདྲ་བྱུང་འདུག
ཅོ་རི་ལགས་ཀྱིས་གསུངས་ལ་བདེན། འཇིག་རྟེན་ཆབ་སྲིད་ཀྱི་གནད་དོན་ཤོད་དུས་དང་ཆོས་ལུགས་ཀྱིས་ཤོད་སྟངས་ཁག་ཁག་བཟོ་དགོས་པ་རེད། ཆོས་དང་ཆབ་སྲིད་མཉམ་བསྲེས་བྱས་དུས་རྙོག་ཁྲ་འདི་དག་ལྷགས་པ་རེད། ཆབ་སྲིད་བྱེད་དུས་འཚེ་མེད་ཞི་བ་དང་སྙིང་རྗེ་བྱང་སེམས་ཟེར་བ་དེ་ཚོ་ལོགས་ལ་བཞག་ན་ཡག་པ་རེད། དེ་མིན་ཕ་རོལ་ལ་ངོ་རྒོལ་རྒོལ་གཏམ་སྤེལ་སར་་་་་བྱང་ཆུབ་སེམས་མཆོག་སེམས་མཆོག་རིན་པོ་ཆེ། ཟེར་ནས་འགྲོ་སྟངས་ཡ་མཚན་རེད། ཁ་ནང་དུ་རྩམ་པ་འགམ་རྒྱུ་དང་མེ་ལ་ཕུ་རྒྱབ་རྒྱུ་གཉིས་དུས་གཅིག་ཏུ་བྱེད་རྒྱུ་དཀའ་སེ་རེད་དྲན་གྱི་འདུག མ་ཟད་ང་ཚོ་བོད་ཀྱི་གནད་དོན་རྩོད་པ་འདི་ནང་ཆོས་ཀྱི་ཆེད་དུ་ཡིན་ཟེར་ནས་ཤོད་ཀྱི་འདུག དེ་ལྟར་ན་བོད་ལ་ཡོད་པའི་བོད་རིགས་གུང་ཕྲན་ཏང་ཡང་དེ་ཚོས་ག་རེ་བསམ་གྱི་རེད། བོད་རིགས་ཁ་ཆེ་བ་དང་བོད་རིགས་ཡེ་ཤུ་བ་བོད་རིགས་ཆོས་མེད་དེ་ཚོས་ག་རེ་བསམ་གྱི་རེད། དེ་ལྟར་ན་བོད་རིགས་དེ་ཚོས་ནང་ཆོས་ཀྱི་ཆེད་དུ་འཐབ་རྩོད་བྱེད་ཀྱི་རེད་དམ་རེད། བོད་དོན་ཟེར་བ་འདི་བོད་རིགས་ཡོད་དོ་ཅོག་གི་ཁེ་ཕན་དང་བོད་རིགས་ཡོད་དོ་ཅོག་གི་མ་འོངས་པའི་འདུན་ལམ་ཡིན་པ་ཞིག བོད་རིགས་ཡོད་དོ་ཅོག་གིས་མངོན་འདོད་ཀྱི་གནད་དོན་ཞིག་ལ་རྩོད་དགོས་པ་རེད་དྲན། དཔེར་ན། རྒྱ་གར་རྒྱལ་ཁབ་ཀྱི་གཞུང་ལ་ཆོས་མེད་རེད་ཅེས་བཤད། གཞུང་ལ་ཆོས་ཡོད་ན་རྙོག་ཁྲ་མང་པོ་ལྷགས་པའི་རྒྱུ་མཚན་ཤེས་པས་རེད། ང་ཚོ་ནི་དེ་ལྟར་མིན་ད་དུང་སྲིད་ཀྱི་ཐག་ཆོད་དེ་ཚོ་མཐར་ཆོས་ལུགས་ཀྱིས་བཅད་ཡོང་གི་འདུག་ག ལུང་བསྟན་ཞུ་ཡ་བཟོ་འདྲ་བ། ལྷ་བབ་ཟེར་བ་འདྲ་བོ་མང་པོ་འདུག ཕྱོགས་གཅིག་ནས་ལྷ་འབོད་ཀླུ་འབོད་ཟེར་ནས་མི་འདོད་པའི་རྣམ་འགྱུར་སྟོན། ཕྱོགས་གཅིག་ནས་ཐ་མའི་ཐག་ཆོད་དེ་ཚོའང་ཁོང་ཚོར་འདྲི། ཡ་མཚན་རེད།
ང་ཚོའི་ས་ནས་ལུ་གུ་ཕྱ་སར་ཕུད་པའམ་ལུ་གུའི་ཕྱ་གཅོད་པ་ལས་ལུག་ལ་ཕྱ་བཅད་པའི་ལུག་དང་མ་མོ་སོགས་ཡོད་པའི་རྒྱུ་མཚན་གྱིས་མྱིང་འདི་ལུག་ལ་མི་བཀོལ། དགའ་དགའ་ཚོ།
གནམ་འདི་ཅིག་བཤད་ཀི། མིས་རྟ་ལ་མ་ཞོན་ཟེར་དགོས་པ་འདྲ། རྟ་ལ་ཞོན་མཁན་དང་མི་ཞོན་མཁན་གཉིས་ཀ་ཡོད་རེད། ལུག་ལས་འོ་མ་མ་བཞོས་ཟེར་དགོས་པ་འདྲ། མ་གཞི་ནས་ཁྱེད་ནི་ལུག་མ་མོ་ལུག་མིན། རྟ་རྒོད་མ་རྟ་མིན། ཟེར་མཁན་ཞིག་རེད་འདུག
སྐྱོ་བྲག་དགའ་དབང་གི་ད་བར་ལས་ཀ་བཟང་ཤོས་དང་སྐེད་ཆ་ཡག་ཤོས་འདི་བྱུང་བ་རེད། བཀྲ་ཤིས་བདེ་ལེགསཞུ།
ཆང་ནི་བཏུང་བར་མི་བྱ་ཞིང་། ཤ་ལ་སོགས་པ་ཟ་མི་བྱ། མ་བྱིན་པ་ཡང་བླང་མི་བྱ། བརྫུན་དང་་འདོད་ལོག་སྤྱོད་པ་རྣམས། བླ་མ་མཉེས་པའི་བྱ་བ་མིན། ཞེས་རྒྱུད་ཀྱི་ཚིགས་སུ་བཅད་པ་འདིས་ཤེས་པར་བྱའོ།
ཤ་བཟའ་ཁྲག་འཐུང་མྱིག་ལ་མི་མཛེས་རུང་།།
དོན་ལྔ་དབང་བོའི་རྩ་ལམ་མ་ལུས་ལ།།
སྲོག་རླུང་འདྲེན་པའི་ལྕགས་ཆུ་མ་རག་ན།
ས་མཐོ་ཆུ་གཙང་གངས་ཅན་བོད་མི་དག།
ཕྱི་མའི་ཞིང་ལ་སྔ་ཙམ་ཐོན་པ་དགོས་བ།།
ཤེས་ལྡན་སྐྱེས་ཆེན་སུ་ཡིས་མཁྱེན་ཡོད་དམ།།
ས་པཎ་གྱིས། ཉན་ཐོས་རྣམ་གསུམ་དག་པའི་ཤ། །ཟ་རུང་གལ་ཏེ་མ་ཟོས་ན། །ལྷས་སྦྱིན་གྱི་ནི་རྟུལ་ཞུགས་འགྱུར། ། ཐེག་པ་ཆེ་ལས་ཤ་རྣམ་བཀག ། ཐེག་ཆེན་པ་ཡིན་ན་ཤ་ཟ་མི་རུང་བ་འདྲ།
མཁན་པོ་དགའ་དབང་གིས་ལེགས་བཤད་ཅིག་གནང་འདུག་མོད། ཡིན་ན་ཡང་རྒྱལ་བ་རིན་པོ་ཆེ་དང་ཀརྨ་པ་འཕྲིན་ལས་རྡོ་རྗེས་གླང་ཤ་གསོལ་གྱིན་འདུག་ཟེར་བདེན་པ་ཡིན་ནམ། དཔེ་ཞིག་བཞག་ན་ཁ་བཤད་དོན་ལ་གནས་པ་རྒྱལ་དབང་འབྲུག་ཆེན་སང་འདྲ་དགོས་ནི་རེད་ཀོ །
ས་པཎ་གྱིས།
ཉན་ཐོས་རྣམ་གསུམ་དག་པའི་ཤ །
ཟ་རུང་གལ་ཏེ་མ་ཟོས་ན། །
ལྷས་སྦྱིན་གྱི་ནི་རྟུལ་ཞུགས་འགྱུར། །
ཐེག་པ་ཆེ་ལས་ཤ་རྣམ་བཀག །
ཞེས་པ་འདི་ས་པཎ་གྱི་ཕྱག་དཔེ་གང་དུ་གསལ་ཡོད་དམ། ལགས།
གཉེར་ཕྱག་ལགས། དེ་སྡོམ་གསུམ་རབ་དབྱེ་ན་འདུག་བསམ་སོང་།ངས་བཙལ་ནས་མགྱོག་པོར་ཁྱེད་ལ་བསྟན་ཡོང་།
ཉན་ཐོས་རྣམ་གསུམ་དག་པའི་ཤ །
ཟ་རུང་གལ་ཏེ་མ་ཟོས་ན། །
ལྷས་སྦྱིན་གྱི་ནི་རྟུལ་ཞུགས་འགྱུར། །
འདིས་སྟོན་པ་ཤ་མ་བཀག་པར་མཚོན་འདུག
ཐེག་པ་ཆེ་ལས་ཤ་རྣམ་བཀག །
འདིས་བྱང་ཆུབ་སེམས་པས་ཤ་བཟས་ན། མི་འགྲིག་པ་ལྟར་མཐོང་བ་ཡང་དཽགས་གནད་མང་པོ་འོངས་བར་ངེས། ལྷག་པར་ཐེག་ཐེག་ཆེན་སྔགས་ལུགས་ལ། ཐེག་པ་ཆེ་ལས་ཤ་རྣམ་བཀག །ཞེས་པ་གནོད་པ་མང་པོ་བབ་པར་ངེས་སོ་སྙམ་པས་་་་ ལུང་རྟོགས་ལགས་དང་། སྤོ་མཐའ་ལགས་སོགས་ལ་ངའི་རྣ་བར་གཏད་ནས་སྡོད་བགྱིད་ཡིན་ནོ།། ཐུགས་རྗེ་ཆེ།
ཀ་རྡོ་ལགས། ཐུགས་ཁྲལ་མ་གནང་། ངས་གང་མགྱོག་མགྱོག་བཙལ་ནས་ཁུངས་དེ་ཁྱེད་ལ་བསྟན་ཡོང་ཆོག སྡོམ་གསུམ་རབ་དབྱེ་ཡིན་བསམ་སོང་།
ཤ་དེ་སྙིང་རྗེ་ཅན་གྱིས་ཟ། །
ཆང་དེ་ཤེས་རབ་ཅན་གྱིས་འཐུང་། །ཞེས་པའི་ཁ་ཕོ་ཆེ་འདི་སུའི་གསུང་ཡིན་ནམ། ལགས།
ཀ་རྡོ་ལགས། ངས་ཀྱང་དེ་འདྲ་ཞིག་གོ་མྱོང་། དཔེ་ཁུངས་སོགས་ནི་བསྟན་དུ་མེད། ཤ་ནི་སྙིང་རྗེ་ཅན་གྱིས་བཟའ།།ཆང་ནི་དམ་ཚིག་ཅན་གྱིས་བཏུང་།།དེ་འདྲ་ཞིག་ཀྱང་གོ་མྱོང་འདུག དཔེ་ཆའི་སྟེང་ན་ཡོད་པ་འདྲ་ནི་མཐོང་མ་མྱོང་ལགས། སྔགས་ཀྱི་གྲུབ་ཐོབ་གོང་མ་ཚོའི་རྣམ་ཐར་དང་གསུང་མགུར་སོགས་དེ་འདྲ་བ་ཧ་ཅང་མང་པོ་འདུག གྲུབ་ཐོབ་ཅིག་གིས་ཕག་བསད། དེ་ནས་ཡང་བསྐྱར་གསོན་བཅུག་པ་ཉན་ཐོས་ཤིག་གིས་མཐོང་། བསམ་གྱིས་མི་ཁྱབ་པའི་གནས་པ་དད་པ་ཐོབ། དེ་ནས་གྲུབ་ཐོབ་དེས་མགུར་བླངས་པའི་ཚིག་ཏུ། ཕག་པ་མ་བསྒྲལ་ཉན་ཐོས་བསྒྲལ།།ཞེས་སོགས་གསུངས་པ་ལྟ་བུ་རེད།
ཤ་ནི་སྙིང་རྗེ་ཅན་གྱིས་བཟའ།།
ཆང་ནི་དམ་ཚིག་ཅན་གྱིས་བཏུང་།།
སྙིང་རྗེ་ཅན་གྱིས་ཤ་ཟ། ཞེས་པ་དེར་རྒྱལ་དབང་ཀརྨ་པ་མཆོག་གིས་དཔེ་དོན་ཡག་པོ་ཞིག་གསུང་སོང་། དེ་ཡང་མ་དང་བུ་ལ་དཔེ་བཞག་ནས་ལུང་པ་ཞིག་ལ་མུ་གེས་འཇིག་པའི་མ་བུ་གཉིས་ནས་གཅིག་ཤི་གཅིག་གསོན་ཆེད་མས་རང་གིས་སྲོག་གཏང་ནས་བུ་ལ་ཁྱོད་རང་གསོན་ཕྱིར་ཡིན་ཅིག་ངའི་ཤ་ཟ་དགོས་ཚུལ་གདམས་ནས་རྗེས་སུ་བུས་མ་ཤ་ཟ་སྐབས་མིག་ཆུས་སྒང་བཞིན་རང་འཚོ་ཕྱིར་ཟས་པ་ལས་ཤ་དེ་ཞིམ་མི་ཞིམ་དང་ཚིལ་ལུ་ཡག་སྡུག་གི་ལོ་རྒྱུས་མིན་པ་ཞིག་་ལ་གོ་དགོས་གསུངས་སོང་། དེ་མ་གཏོགས་རང་ཤའི་བྲོ་བ་ལ་སྲེག་པ་ཆེན་པོས་ལོངས་སྤྱོད་པ་ལ་ཡིན་ས་མ་རེད་ལགས། དཔྱོད་ལྡན་རྣམས་ཀྱིས་དཔྱད་པར་ཚལ།
དགའ་སྐུ་ལགས། དེ་ན་ཆང་ནི་དམ་ཚིག་ཅན་གྱིས་འཐུང་པའི་སྐོར་ལ་ཅིག་གསུངས་སོང་ངམ།
མདོ་མྱང་འདས་ལས། སྟོན་པ་མྱ་ངན་ལས་འདའ་ཁར་ཞལ་ཆེམས་ཀྱི་ཚུལ་དུ་ཤ་ཟ་བར་མི་རུང་གསུངས། ཡང་འདུལ་བ་ལུང་སྡེ་བཞིའི་སྐབས་སུ་ཤ་འཚལ་བར་རུང་གསུངས་པ་གཉིས་ལ་ནང་འགལ་འདུག་ཅེས་དགེ་སློང་འོད་་སྲུང་ཆེན་པོས་སྟོན་པ་ལ་བཀའ་འདྲི་ཞུས་སྐབས་སྔ་མ་དེ་རྣམ་གསུམ་དག་པའི་ཤ་ལ་དགོངས་ནས་གསུངས་པ་དང་ཕྱི་མ་ནི་ཐེག་ཆེན་གྱི་དབང་དུ་བྱས་ནས་གསུངས་པ་རེད།
གོང་དེའི་ཚིག་གོང་འོག་ནོར་བཅོས། མདོ་་མྱང་འདས་ལས། སྟོན་པ་མྱ་ངན་ལས་འདའ་ཁར་ཞལ་ཆེམས་ཀྱི་ཚུལ་དུ་ཤ་ཟ་བར་མི་རུང་གསུངས། ཡང་འདུལ་བ་ལུང་སྡེ་བཞིའི་སྐབས་སུ་ཤ་འཚལ་བར་རུང་གསུངས་པ་གཉིས་ལ་ནང་འགལ་འདུག་ཅེས་དགེ་སློང་འོད་་སྲུང་ཆེན་པོས་སྟོན་པ་ལ་བཀའ་འདྲི་ཞུས་སྐབས་སྔ་མ་དེ་ཐེག་ཆེན་གྱི་དབང་དུ་བྱས་ནས་གསུངས་པ་དང་ཕྱི་མ་ནི་རྣམ་གསུམ་དག་པའི་ཤ་ལ་དགོངས་ནས་གསུངས་པ་རེད།