གཡང་སྐྱབས་རྒྱལ་གྱིས།
ཁ་བརྡ་དྲ་དེབ་འདི་སླེབས་པ་ནས་བཟུང་ང་ལ་ཚོར་སྣང་གསར་པ་ཞིག་བྱུང་། སྤོབས་པ་དང་མགོན་པོ་ཕྱག་གཉིས་པ་ལྟ་བུ་མཁྱེན་རྒྱ་ཅན་འདི་ཚོ་སེམས་ལ་འཁོར་བྱུང་། མཚམས་རེར་ཁོང་ཚོས་བྲིས་པ་རྣམས་མཐོང་སྐབས་ང་རང་དེབ་ཀྱི་རྗེས་སུ་རྒྱུགས་ནས་ཀློག་དགོས་པ་དང་ཀློག་འདོད་པ་དེ་འདྲ་བཟོས་བྱུང་། ངེད་ཀྱི་ཚོར་བ་དེ་ཤེས་ཡོན་དང་ལས་ཀ་ཞེས་པ་དེའི་སྐོར་ཡིན།
(ང་ཚོས་གཤམ་གསལ་གྱི་སྐད་ཆ་འདི་འདྲ་བཤད་སྐབས་གཟབ་གཟབ་བྱེད་དགོས་ཀྱི་འདུག གཞན་དུ་ན་ང་ཚོ་ལ་ཕྱི་རྒྱལ་གྱི་ལད་ཟློས་བྱེད་ཀྱི་འདུག་ཅེས་སྨད་པ་བཏང་ཡོང་གི་འདུག ཕྱི་རྒྱལ་གྱི་ལད་ཟློས་བྱེད་པ་དང་ཕྱི་རྒྱལ་གྱི་མི་ལ་འགྲན་བསྡུར་བྱེད་པ་གཉིས་ལའང་ཁྱད་པར་ཞིག་འདུག ཕྱི་རྒྱལ་མི་ལ་འགྲན་བསྡུར་བྱེད་པ་དེའང་ཕྲག་དོག་གི་དབང་གིས་མ་ཡིན་པར་དངོས་དོན་གྱི་ཐོག་ནས་ལྟ་རྒྱུ་ཡོད་པ་ཞིག་རེད་བསམས། )
བོད་ཀྱི་ཉེ་རབས་ཀྱི་ལོ་རྒྱུས་ཐད་ནས་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ཀྱི་རྗེས་སུ་ཚེ་རིང་ཤཀྱཱ་ལགས་ཀྱི་བོད་ཀྱི་རྒྱལ་རབས་ཏེ་གངས་ཅན་ཡུལ་ན་འབྲུག་ཅེས་པ་དེ་བོད་མིས་བརྩམས་པ་གྲགས་ཅན་དེ་རེད། ཡིན་ན་ཡང་འདི་དབྱིན་སྐད་དུ་ཡོད། ངེད་ཀྱི་དྲན་ཚོད་དང་བསྡུར་ན། འབའ་བ་ཕུན་དབང་གི་རྣམ་ཐར་དེ་དབྱིན་ཇི་བས་བྲིས་སོང་། ཆུ་སྒང་གི་ལོ་རྒྱུས་སངས་རྒྱས་ཀྱི་དཔའ་རྟུལ་ཟེར་བ་དབྱིན་ཇི་བས་བྲིས་སོང་། བོད་ནང་ཨ་རིའི་གསང་དམག་ཟེར་བ་ཞིག་དབྱིན་ཇི་བས་བྲིས་སོང་། ༧རྒྱལ་བའི་དགོངས་བཞེད་དུ་ཡོད་པའི་བོད་ཀྱི་ལོ་རྒྱུས་ཞེས་པ་ཞིག་དབྱིན་ཇི་བས་བྲིས་སོང་། བོད་ བོད་ཟེར་བ་དེ་ཡང་དབྱིན་ཇི་བས་བྲིས་སོང་། འདི་ཚོ་ཚང་མ་ཉེ་བའི་ལོ་བཅུ་ཕྲག་གི་ནང་ཚུད་ཀྱི་གནས་ཚུལ་རེད། བོད་མི་ཚོ་ལ་བོད་ཀྱི་ལོ་རྒྱུས་དང་མི་ལ་རྒྱུས་མེད་པ་རེད་དམ། སྐུ་ཞབས་པད་མ་འབུམ་གྱིས་བྲིས་པའི་སྐར་མ་སྨིན་དྲུག་སྐེ་འཁྱོག་དང་དྲན་ཐོ་རྡོ་རིང་མ་ལྟ་བུ་དང་། དེ་བཞིན་ནུས་བློས་བརྩམས་པའི་ནགས་ཚང་ཞི་ལིའི་སྐྱིད་སྡུག་ལྟ་བུ་ལ་གཟིགས་དང་། བོད་མི་ཚོས་བྲིས་པ་རྣམས་ཀྱང་གཞན་ལ་འགྲན་བསྡུར་བྱེད་ཐུབ་པ་ཞིག་ཡོད་པ་རེད། ད་ནི་ཅི་ཞིག་གིས་ལན་པ་རེད་ཅེ་ན། སྒོར་མོ་ལ་ཐུག་པ་རེད་བསམས་ཀྱི་འདུག
དབྱིན་ཇིའི་ཐོག་རྩོམ་འབྲི་བ་དང་གློག་བརྙན་བཟོ་མཁན་སོགས་སྒྱུ་རྩལ་གྱི་ལས་ཀ་གང་འདྲ་ཞིག་ཡིན་ཡང་ལོ་ལྔ་དྲུག་གི་རིང་ལ་འཆར་གཞི་གཅིག་ལ་འཐམས་པ་ཡིན་ན། དེས་རང་གི་འཁོར་བ་ལ་མི་གནོད་པའི་སྒོར་མོའི་ཡོང་ཁུངས་ཤིག་ཡོད་པ་རེད། བོད་ཀྱི་རྩོམ་པ་པོ་སོགས་ལ་མཚོན་ན་ཁ་གསོ་རྟེན་གྱི་ལས་ཀ་གཞན་ཞིག་མ་བཙལ་ཕྱིན་དེབ་དང་གློག་བརྙན་བཟོ་བ་སོགས་ལ་བརྟེན་ནས་འཚོ་ཐུབ་པའི་ཆེད་ལས་ཤིག་ཡོང་གི་མེད་པ་རེད། ཝ་ཤིན་ཊོན་ན་ཡོད་པའི་རྒྱལ་སྤྱིའི་བོད་དོན་སྐད་འབོད་ལས་ཁུངས་ཀྱིས་འདི་རིགས་ལ་དོ་སྣང་བྱས་ནས་བོད་མི་སྒྱུ་རྩལ་པ་ལ་སྒོར་མོ་སྤྲད་དེ་ལོ་བཞི་ལྔ་ཙམ་ཕྱིན་པ་རེད། འདི་ནི་དོ་སྣང་འདྲེན་བྱད་ཅིག་ལས་ཆེད་ལས་ལ་བསྒྱུར་མཁན་ཞིག་མིན་པ་རེད། བཀའ་ཤག་གིས་ཆེད་ལས་པ་གསོ་སྐྱོང་ལས་རིམ་ཞིག་བཙུགས་ཡོད་སྐད་ཀྱང་། དེ་ཚོ་ནི་རྒྱ་གར་ལས་བརྒལ་ཐུབ་པའི་སྐད་ཆ་མི་འདུག མ་གཞི་ནས་འདི་ཚོ་གཞུང་རང་གིས་བྱེད་དགོས་པའི་ལས་ཀ་ཞིག་ཡིན་མིན་ཡང་ཆ་མ་འཚལ།
ཕྱོགས་གཞན་ཞིག་ནས་འདི་གོམས་གཤིས་ལ་འབྲེལ་བ་མེད་དམ་སྙམ། དབྱིན་ཇིའི་སྐད་ཀྱི་ training ཟེར་བ་འདི་བོད་སྐད་ལ་ཟབ་སྦྱོང་ཞེས་བསྒྱུར་ཡོད། འོན་ཀྱང་དབྱིན་སྐད་དེ་ལ་གོ་བ་དེ་ལས་མི་འདྲ་བ་ཞིག་འདུག་སྙམ། ཁོང་ཚོས་ training ཟེར་དུས་གང་ཟག་སྒེར་པ་དེ་མ་འོངས་པའི་ལས་ཀ་གང་ཡིན་པ་དེ་ལ་བྱང་ཆུབ་པ་བཟོ་བ་དང་གྲ་སྒྲིག་ཨང་གསར་བཟོ་བའི་གོ་དོན་ཞིག་འདུག ང་ཚོས་རང་རིགས་ཀྱི་སློབ་མ་ཚོ་མ་འོངས་པའི་ལས་ཀ་གང་ཡིན་ལ་བྱང་ཆུབ་པ་བཟོ་གིན་ཡོད་དམ། འདི་དྲི་བ་ཞིག་རེད། དྲི་བ་གལ་ཆེན་པོ་ཞིག་རེད། བོད་ཕྱི་ནང་གཉིས་ལ་བལྟས་ན། སློབ་གྲྭ་ཐོན་དུས་ལས་ཀའི་མང་ཆེ་བ་ཞིག་དགེ་རྒན་དང་ལས་ཁུངས་ནང་གི་ཡིག་སྒྱུར་ལྟ་བའི་ལས་ཀ་བྱེད་རྒྱུ་དེ་རེད། དེ་ལས་བརྒལ་ན་ནད་གཡོག་དང་སྨན་པ་ཞིག་ཐོན་གྱིན་ཡོད། འདི་ཙམ་ཞིག་ནས་འགག་པ་རེད། དེ་གོམས་གཤིས་ལྟ་བུ་ཞིག་ཆགས་པ་རེད། མིག་དཔེ་གཞན་ཡང་མ་ཐོན་པ་རེད།
ང་ཚོ་ལ་འབྱོར་བ་མེད་པ་རེད་དམ། དེ་ཡང་གཏན་ནས་མིན། ང་ཚོ་ལ་དགོན་པ་དང་གཙུག་ལག་ཁང་བཞེངས་པའི་སྒོར་མོ་ས་ཡ་དང་ས་ཡ་ཡོད། བོད་དང་བོད་མིའི་མཚན་ཐོག་ལ་བཞག་པའི་ཐེབས་རྩ་དང་ཚོགས་པ་དེ་ཚོར་གཟིགས་དང་། རང་བཙན་ཡོད་པའི་རྒྱལ་ཁབ་དག་ལས་ང་ཚོ་རྫིག་སེ་མིན་ཡང་ཏན་ཏན་འདྲ་འདྲ་ཡིན་པ་རེད། འདི་ལྟར་བསམས་སྐབས་ཏན་ཏན་ང་ཚོའི་སྤྱི་ཚོགས་ཁྱོན་ཡོངས་ནས་སྒྱུ་རྩལ་གྱི་ལས་ཀ་ལ་མཐོང་ཆེན་མི་བྱེད་པ་དང་འཐུས་ཤོར་ལ་གཏོང་བའི་གཤིས་ཀ་ཞིག་ཡོད་པ་རེད་བསམས། འདིའི་ནང་དུ་བོད་ཀྱི་སྐད་ཡིག་ཀྱང་ཚུད་ཡོད་པ་རེད། ད་བར་དུ་བོད་ཀྱི་སྐད་ཡིག་འདི་དར་ཁྱབ་ལ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ནི་ཤ་ཞེན་ཁོ་ན་ལ་ཐུག་པ་རེད། བོད་མི་ཤ་ཞེན་ཅན་ཚོས་ཡོང་སྒོ་སྒོར་རྡོག་གཅིག་མེད་ན་ཡང་དུས་ཚོད་དང་འགྲོ་གྲོན་ཕར་བཏང་ནས་བོད་ཀྱི་སྐད་ཡིག་འདི་ཉར་བ་རེད། མི་རབས་འདི་ལ། མི་ཐོག་འདི་ལ་ང་ཚོ་ལ་ཤ་ཞེན་དེ་ཡོད་པ་རེད། དེ་འགྲིག་པ་རེད། མི་ཐོག་རྗེས་མ་ལ་ང་ཚོ་ལ་ཤ་ཞེན་དེ་མུ་མཐུད་ནས་ཡོང་གི་རེད་དམ། འདི་ལྟར་བསམས་སྐབས། བོད་ཀྱི་སྒྱུ་རྩལ་པ་འཚོ་གནས་ཀྱི་ལམ་བུ་ཆུང་ཆུང་འདི་གཤགས་ནས་རྒྱ་ཇེ་ཆེ་གཏོང་རྒྱུ་ནི་ཧ་ཅང་གལ་ཆེ་བར་མཐོང་ངོ་། འོན་ཀྱང་ལམ་བུ་དེ་ཇི་ལྟར་གཤགས་དགོས་མིན་ངས་ཀྱང་མི་ཤེས། ང་ཚོའི་སྤྱི་ཚོགས་ཀྱི་སྒོར་མོ་ཡོད་མཁན་ནི་བླ་མ་དང་དགོན་པ་རེད། བླ་མ་དང་དགོན་པ་ཚོས་འདི་ལ་བསམ་བློ་ཞིག་གཏོང་ཐུབ་བམ། ཨོ་ཙི། མར་གྱུར་སེམས་ཅན་ཐམས་ཅད་སྙིང་རེ་རྗེ། སྐྲ་སེར་སྤྲེའུ་རིགས་འདི་སྙིང་རེ་རྗེ། མགོ་ནག་བོད་ཀྱི་རིགས་རྣམས་ནོར་གྱིས་སྐྱོང་། ཨོ་ཙི། བླ་མ་དང་དགོན་པ་ལ་སྒོར་མོ་འབུལ་མཁན་ཡང་བོད་མི་ང་ཚོ་ཡིན། ང་ཚོའི་གཤིས་ཀ་འདི་ལ་འགྱུར་བ་ཞིག་ཡོང་ངམ།
ཉིད་ཀྱིས་ང་ཚོའི་སྤྱི་ཚོགས་ཀྱི་སྒོར་མོ་ཡོད་མཁན་ནི་བླ་མ་དང་དགོན་པ་རེད་ཟེར་བ་འདི་ལ་ངས་བལྟས་ན་ཁྱད་པར་ཞིག་ཕྱེ་དགོས་ཀྱི་འདུག བླ་མ་རེ་ཟུང་དང་དགོན་པ་རེ་ཟུང་ལ་སྒོར་མོ་ཡོད་པ་རྒྱུ་མཚན་དུ་བྱས་ནས་བླ་མ་དང་དགོན་པ་ལ་སྒོར་མོ་ཡོད་པར་བསྒྲུབ་འོས་ན། མི་སྐྱའི་སྒེར་བ་མང་པོ་དང་ཚོགས་པ་མང་པོར་སྒོར་མོ་ས་ཡ་དུ་མ་འབྱུང་སའི་བཟོ་གྲྭ་དང་ཚོང་ཁང་ཡོད་པས་བོད་པའི་སྤྱི་ཚོགས་ནང་སྒོར་མོ་ཡོད་མཁན་དེ་མི་སྐྱ་དང་མི་སྐྱའི་སྤྱི་ཚོགས་རེད་ཅེ་ན་ལན་ཇི་ལྟར་གདབ། བླ་མ་འདི་ཚོར་ཡང་སྒོར་མོ་ལོས་དགོས་ཏེ་བླ་མ་གཅིག་རེས་གྲྭ་པ་བརྒྱ་ཕྲག་ཁ་ཤས་རེའི་ཁ་རྒྱབ་གསོ་དགོས་ཀྱི་ཡོད་པ་དང་། ད་དུང་དགོན་པའི་ནང་གི་གྲྭ་ཤག་དང་སློབ་གྲྭ་ཡར་རྒྱས་སུ་གཏོང་བར་སྒོར་མོ་མེད་ན་དོན་དག་ཇི་ལྟར་འགྲུབ་བམ། ངས་བླ་མའི་ཁྲོད་ནས་མང་ཤོས་ཀྱིས་སྦྱིན་བདག་གི་སྒོར་མོས་ནང་པའི་སྤྱི་ཚོགས་ཤིག་ཡར་རྒྱས་གཏོང་གིན་ཡོད་པ་མཐོང་གི་འདུག མ་རབས་རེ་ཟུང་ནི་མི་སྐྱའི་སྤྱི་ཚོགས་སུ་ཡང་ཡོད་པས། མ་རབས་ཁ་ཤས་ཀྱི་དྲི་མ་ཡ་རབས་ཡོངས་རྫོགས་ཀྱི་ངོ་གདོང་ལ་མི་བྱུགས་རྒྱུ་དེ་ངའི་ལྟ་བ་ཡིན།
རྒྱ་གར་གྱི་རྙིང་མའི་བླ་མ་པད་ནོར་རིན་པོ་ཆེ་ལྟ་བུར་མཚོན་ན་ནང་པའི་ཆོས་ལ་སློབ་སྦྱོང་གནང་མཁན་གྱི་གྲྭ་པ་ཨ་ནེ་ཆིག་སྟོང་ལྷག་དང་། བལ་ཡུལ་གྱི་དགེ་ལུགས་པའི་བླ་མ་བཟོད་པ་ལྟ་བུར་མཚོན་ན་གྲྭ་པ་ཨ་ནེ་བདུན་བརྒྱ་ལྷག་གི་ཟས་གོས་གནས་མལ་དང་སྨན་བཅོས་ཤེས་ཡོན་གྱི་འགན་འཁུར་ཆེན་པོ་རེ་སྐུ་ཕྲག་ཏུ་ཡོད་པས། སྒོར་མོ་དགོས་པས་མི་ཆོག་པར་སྒོར་མོ་ས་ཡ་དུ་མ་དགོས་ཀྱི་རེད། འཇིག་རྟེན་མི་སྐྱ་ཞིག་གིས་བཟའ་ཚང་གཉིས་གསུམ་ཞིག་གི་ལྟོ་རྒྱབ་ཐག་གཅོད་པར་ཡང་དཀའ་ངལ་ཇི་འདྲ་ཞིག་འདུག་སོམས་དང་། དེ་ནས་བླ་མ་འདི་ཚོ་དང་དགོན་པ་འདི་ཚོར་ཡང་གདུང་སེམས་ཤིག་་རང་དབང་མེད་པར་སྐྱེ་རྒྱུ་འདུག་ཡ།
རེ་བ་ལགས།
ཁྱེད་ཀྱིས་གསུངས་པ་རྣམས་ལ་དེ་དེ་བཞིན་ནོ་ཞེས་བཀུར་ཅིང་བརྩིའོ། ཡི་རང་ངོ་༎ འོན་ཀྱང་སྐད་ཆ་འདི་ངས་ཞུས་པའི་བསམ་ཚུལ་གྱི་ཡན་ལག་ཏུ་སླེབས་པ་ཞིག་ཡིན། དོན་ངོ་མ་ནི་བོད་ཀྱི་སྒྱུ་རྩལ་པ་དག་གི་གནས་སྟངས་ཡིན་ལགས་ན། དེ་ལ་དེ་ལུགས་ཀྱི་དགོངས་ཚུལ་གནང་འཚལ་ལོ༎
དབྱིན་ཇི་བ་ཞིག་གིས་བོད་སྐོར་ཀྱི་དེབ་བྲིས་ནའང་འདྲ། བོད་མི་ཞིག་གིས་བྲིས་ནའང་འདྲ། ངས་དེ་ལ་ཁྱད་པོར་ཆེན་པོ་མཐོང་གི་མི་འདུག གཙོ་བོ་དེབ་ཀྱི་སྤུས་ཚད་རེད། བོད་ཡིག་ནང་བྲིས་ན་བོད་ཡིག་ཤེས་མཁན་ཚོས་ཀློག་གི་རེད། དབྱིན་ཡིག་ནང་བྲིས་ན་ཕྱི་རྒྱལ་བ་མང་པོ་ཞིག་གིས་བོད་སྐོར་ཀློག་གི་རེད། དེ་མི་འདྲ་བའི་ཁྱད་པར་ཞིག་ཡིན་པ་འདྲ།
གཡང་སྐྱབས་རྒྱལ་ལ་སྒོར་མོ་མེད བླ་མ་དེ་ཚོར་བསམ་བློ་མེད། ངས་ལྟོས་ན་གཡང་རྒྱལ་དང་བླ་མ་ཚོས་མཉམ་ལས་བྱེད་ཐུབ་ན་བོད་གྱི་་སྒྱུ་རྩལ་རླུང་རྟ་རྒྱུགས་རྒྱུ་ཡིན་པ་འདྲ་བོ་འདུག
དྲ་བ་འདི་གྲྭ་བའི་སྐོར་འབྲི་ས་འདྲ་བོ་ཆགས་འདུག ད་ནས་འདི་ལ་དྲ་དེབ་མི་ཟེར་གྲྭ་དེབ་ཡིན་ད།
འདི་ནང་གི་འབྲི་མཁན་ཚང་མ་གྲྭ་སྨྱོན་དང་གྲྭ་ལོག་མང་པོ་ཡོད་པ་འདྲ། ག་དུས་ཡིན་ན་གྲྭ་བ་དང་དགོན་པའི་སྐོར་རྐྱང་རྐྱང་བྲིས་ཡོང་གི་འདུག དེ་ཡང་མང་གཙོ་གཙོ་མིན་འགྲོ།
བཀུར་འོས་གཡང་སྐྱབས་རྒྱལ་ལགས
ཉིད་ཀྱི་བསམ་ཚུལ་འདི་ཡག་པོ་འདུག ངེད་ཀྱི་བསམ་པར། བསམ་ཚུལ་འདི་ལྟར་ཡོད་མཁན་ཚོས་སྣེ་འཁྲིད་དེ་སྤྱི་ཚོགས་ལ་ལམ་སྟོན་དགོས་ཀྱི་འདུག ལྷག་པར་དུ་བསམ་ཚུལ་སེམས་ལ་ཉར་བ་མ་ཡིན་པར་རང་ཉིད་ལམ་དེར་འགྲོ་དགོས་ཀྱི་འདུག འོན་ཀྱང༌། ཅི་ཁག བོད་ཀྱི་ཤེས་ཡོན་པར་རློམ་པ་ཚོར་མཚོན་ན། ལས་དོན་ཅི་ཞིག་ཡིན་ཡང་དེ་མཐའ་འཁྱོལ་བྱེད་ཀྱི་མི་འདུག ད་དུང་སྣ་ཐག་ཐུང་ཐུང་རེད་འདུག འདི་སྒོར་མོ་གཅིག་པོར་འབྲེལ་བ་མེད།
བོད་ཀྱི་སྤྱི་ཚོགས་ནང་གི་སྒོར་མོ་ཡོད་མཁན་ཚོས་ཀྱང་འདི་དག་གི་སྐོར་ལ་རོགས་རམ་ཁྱོན་ནས་བྱེད་ཀྱི་མེད་པ་དེ་འདྲ་མ་རེད། སྔོན་མ་དང་བསྡུར་མང་དུ་འགྲོ་གི་ཡོད་པ་རེད།
གཞན། ཁྱེད་ཀྱིས་བརྗོད་ན། བོད་དོན་དང་འབྲེལ་བའི་དེབ་མང་ཆེ་བ་དབྱིན་ཇི་བས་བྲིས་འདུག་ཟེར། དེ་བདེན་པ་རེད། འོན་ཀྱང༌། དེ་ཚོ་ཚང་མ་དབྱིན་ཇི་བ་མ་རེད། ཕྱི་རྒྱལ་བ་རེད།
ད་དུང༌། སྤོབས་པ་དང་མགོན་པོ་ཕྱག་གཉིས་པ་ཟེར་མཁན་གྱི་རྩོམ་འབྲི་བ་འདི་དག། མཁྱེན་རྒྱ་ཅན་ཡིན་མིན་མི་ཤེས་དེ། གང་ལྟར། ཁ་བརྡ་འདི་སླེབས་ནས་བཟུང༌། སོ་སོར་མཐོང་ཐོས་ཅུང་ཙམ་ཡོད་པ་དེས། ཡར་མར་གཉིས་ལ་ཁབ་བཙགས་འབིག་བཙགས་བྱེད་མཁན་གྱི་དཔེ་མཚོན་འདྲ་དགོས་ན་ཁོང་གཉིས་ལྟ་བུ་རེད། འདི་དགག་བྱ་དང་མཐོང་ཆུང་མིན༌། དངོས་ཡོད་གླེང་བ་ཡིན། ཁོང་གཉིས་ཀྱིས་དབྱངས་གསལ་སོ་བཞིའི་ལམ་ནས་སོ་སོའི་བསམ་ཚུལ་སྤེལ་བར་རྗེས་སུ་ཡི་རངས་ཡོད། ད་དུང་མུ་མཐུད་དུ་བསམ་ཚུལ་སྤེལ་རོགས།
དེ་བདེན་པ་རེད། ངས་ཁབ་གཙགས་འབིགས་གཙགས་བྱེད་མཁན་ཨང་དང་པོ་དེ་ལོན་པར་བརྩོན་གྱི་ཡོད། ཡིན་ན་ཡང་ད་རུང་སྟག་སྨྱོན་ཨང་དང་པོ་ཡིན་པ་འདྲ། ང་སྐྱེ་བའི་དོན་སྒོ་ཡང་དེ་ཡིན། གལ་སྲིད་ང་ལ་སྐུ་ཡོན་ཞིག་ཡོན་ན་ཡང་དེ་ག་རང་ཡིན་རྒྱུ་རེད། ང་དྲ་ཁང་འདིའི་ནང་ཉི་མ་སྐྱེལ་གྱི་ཡོང་གི་ཡོད་མ་གཏོགས་གཞན་ཆེན་པོ་ཆེན་པོ་མང་བོ་ཞིག་གླེང་གི་ཡོང་གི་མེད། གླེང་ཡང་མི་ཤེས།
སྟག་སྨྱོན་གྱིས་གསུངས་པ་བདེན་ཤས་ཆེ། སྤྱིར་བཏང་གྲྭ་བ་དང་གྲྭ་ལོག་གིས་རང་རེའི་ཕོ་སྐྱེས་སྤྱི་ཚོགས་ཀྱི་བརྒྱ་ཆ་མང་ཙམ་ཟིན་ཡོད་སྟབས་ཁ་བརྡར་ཕེབས་མཁན་ཚོ་ཡང་དེ་ལྟར་ཡིན་རྒྱུ་རེད། དགོན་པ་དང༌། ཆོས་ལུགས། གྲྭ་པ་དེ་ཚོ་མི་གླེང་ཐབས་མེད་རེད། དེ་ཚོ་ནི་རང་རེའི་སྤྱི་ཚོགས་ཀྱི་གྲུབ་ཆ་ཧ་ཅང་ཆེན་པོ་ཞིག་རེད། མཚམས་མཚམས་སུ་བལྟས་ན་ང་ཚོའི་སྤྱི་ཚོགས་ད་དུང་ཡང་ཆོས་ལུགས་ཀྱིས་སྣེའ་ཁྲིད་བཞིན་པ་ལྟ་བུར་མཐོང་གིན་འདུག ན་ནིང་ཐེ་ཝན་གྱི་མཁས་པ་ལི་ཨོ་ཟེར་བ་དེས་སྤྱིར་འཛམ་གླིང་སྟེང་ཡུལ་གྱི་སྲིད་གཞུང་དབང་བསྒྱུར་སྟངས་ལ་ལོ་རྒྱུས་ཀྱི་ཁུགས་པ་གསུམ་བརྒྱུད་ཡོད། ལྷ་ཡིས་དབང་བསྒྱུར་བ། རྒྱལ་པོས་དབང་བསྒྱུར་བ། མི་དམངས་ཀྱི་དབང་བ་སྟེ་གསུམ་ཡིན། ཡིན་ན་ཡང་བོད་ནི་ད་དུང་ཡང་ལྷ་ཡིས་དབང་བསྒྱུར་བའི་ཁུགས་པ་དེར་ལུས་ཡོད་སྟབས་དེ་མིས་དབང་བསྒྱུར་བའི་ཁུགས་པ་ཞིག་ཏུ་ཁྲིད་ཐུབ་མཁན་གྲུང་གོ་གུང་ཁྲན་ཏང་ཉག་གཅིག་ལས་མེད་ཅེས་ཟུར་ཟ་དང་དམའ་འབེབསབྱས་པ་དེ་ཤེས་སོང་ངམ། ཁོས་དེ་ལྟར་བརྗོད་པ་དེས་བོད་ཀྱི་ཚོགས་ལ་ཆོས་ལུགས་ཀྱི་ཤན་ཤུགས་རྒྱ་ཆེན་པོ་ཞིག་ཡོད་པ་མཚོན། བོད་ཀྱི་སྤྱི་ཚོགས་གླེང་དགོས་ན་ཆོས་ལུགས་དང་ཁ་འབྲལ་མི་ཐུབ་ལྟ་བུ་ཞིག་དང་བོད་གྱི་རིག་གཟུང་ཤེས་དགོས་ན་ཆོས་ལུགས་མི་སྦྱངས་ཐབས་མེད་ལྟ་བུ་རེད། དགོང་ཚུལ་ཡོད་ན་གསུངས་ཤོག