རྫ་ཚེ་རིང་བཀྲ་ཤིས།
སངས་རྒྱས་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ།། དེ་རིང་ནི་འཛམ་གླིང་དཀར་ཟས་ཀྱི་ཉིན་མོར་གྲགས། དཀར་ཟས་ལ་དུངས་མཁན་མང་པོ་ཞིག་གིས་དཀར་ཟས་ཀྱི་སྐུལ་འདེད་དང་འབྲེལ་བའི་ལས་འགུལ་སྣ་ཚོགས་སྤེལ་བ་མཐོང་། གུས་པས་ཀྱང་ད་ནངས་ཞོགས་པ་རྒྱལ་དབང་༧ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེའི་དཀར་ཟས་དང་འབྲེལ་བའི་བཀའ་སློབ་ཞིག་བརྒྱུད་སྤེལ་ཞུས་པ་ཡིན། ཡང་དགེ་བའི་བཤེས་གཉེན་ཞིག་གིས་ནང་པའི་གཞུང་ལྟར་ན་ཤ་ཟ་ཆོག་པའི་བཀའ་མོལ་རིང་པོ་ཞིག་གནང་འདུག་པའང་དྲ་ཐོག་ཏུ་ཁྱབ་ཀྱིན་འདུག ཁོང་ཉིད་གཞན་ལ་དགེ་བ་སྟོན་པའི་བཤེས་གཉེན་ཞིག་ཡིན་པའི་ཆ་ནས་དགོས་པ་དགོངས་གཞི་ངེས་ཅན་ཡོད་སྲེིད་མོད། ཁོང་གི་དམར་ཟས་ཟོས་ན་ཉེས་པ་མེད་པའི་སྒྲུབ་བྱེད་གསུང་སྐབས་ཁོང་གི་གཡས་གཡོན་ན་ཡང་མང་པོ་ཞིག་འུར་ཆིལ་ལེར་དགོད་བཞིན་པ་ཐོས་འོངས་ཤིང་། ཕར་ཉན་ཚོད་ལ་ཁོང་དང་ཁོང་གིས་དགེ་ཕྲུག་དག་གིས་ཤ་ཟ་ཆོག་པའི་ལུང་འདི་དག་སྐྱོར་བཞིན་ཧ་ཅང་མཉེས་ཚོར་ཆེན་པོ་གནང་གིན་འདུག
གལ་ཆེ་ཤོས་ཏེ་ཁོང་གི་དགེ་ཕྲུག་དག་དགའ་ཞིང་འགུ་ལ་ཡི་རངས་པར་གྱུར་མ་གྱུར་དེ་མ་ཡིན་པར་ཁོང་གིས་སྒྲུབ་བྱེད་དེ་དག་ལ་རིགས་པ་དཔང་པོར་བཞག་ནས་བསམ་བློ་བཏང་ན་དོན་ལ་གནས་མིན་དེ་རེད། འོན་ཀྱང་ཁོང་གིས་གང་གསུངས་པ་དེ་ཚོ་དམན་པ་ངས་ཀྱང་ཁས་ལེན་ཞུ་ཐབས་བྲལ་བ་ཤ་སྟག་ཏུ་མཐོང་བྱུང་། སྤྱིར་རང་ངོས་ནས་རྩོད་པ་ལྷུར་ལེན་པའི་དགག་བཞག་དེ་ཚོ་་ཤེས་ཀྱང་མི་ཤེས་ལ་སྤྲོ་ཡང་མི་སྤྲོ་མོད། ཁོང་གི་སྐད་ཆ་དེ་དག་རྒྱུ་མཚན་དུ་བྱས་ནས་དམར་ཟས་ཟ་བ་ནང་པའི་གཞུང་ལུགས་དང་འགལ་གྱི་ཡོད་ས་མ་རེད་སྙམ་མཁན་ཡང་འགའ་རེ་ཡོང་མི་སྲེིད་པ་རེད་མི་འདུག་པས་དེ་དག་གི་ཆེད་དུ་གསལ་བཤད་ཉུང་བསྡུས་ཤིག་བྱས་ན་བསམ།
གཅིག
ཁོང་གིས་རྗེ་བཙུན་མི་ལས་ཤ་ཟོས་པས་ཉམས་རྟོགས་སྐྱེས་པ་རྒྱུ་མཚན་དུ་དྲངས་ནས་ཤ་ཟ་ཆོག་ཟེར། གསང་སྔགས་ལྟར་ན་ཤ་ཟོས་ན་བདེ་སྟོང་གི་ཡེ་ཤེས་སྐྱེ་བའི་ཕན་ཡོན་ཡོད་ཟེར། གསང་སྔགས་ཀྱི་རྟོགས་པ་མཐོན་པོ་དག་ལ་དེ་འདྲ་ཡིན་ངེས་ན་ཡང་། གསང་སྔགས་ཀྱི་དམ་ཚིག་སྒྲ་ཅི་བཞིན་དུ་སྤྱོད་པར་མ་མཐའ་ཡང་སྦྱོར་ལམ་དྲོད་ཐོབ་པ་ཞིག་དགོས་པ་གསར་རྙིང་ཐུན་མོང་གིས་བཞེད། དེས་ན་ཐ་མལ་པ་རྣམས་ལ་དེ་འདྲ་གཏན་ནས་མ་རེད། མི་ལས་ཆང་གསོལ་བ་དང་གསང་ཡུམ་བཞེས་ནས་ཀྱང་ཉམས་རྟོགས་ལ་བོགས་ཐོན་པ་ཞལ་གྱིས་བཞེས་ཡོད། དེ་རྒྱུ་མཚན་དུ་བྱས་ནས་ང་ཚོ་ཚང་མས་དེ་ལྟར་ཆོག་པར་སུས་ཀྱང་བཤད་མི་རུང་། ཞབས་དཀར་ཚོགས་དྲུག་རང་གྲོལ་སོགས་ཚད་མར་གྱུར་པའི་གོང་མ་དག་གིས་ཀྱང་མདོ་སྔགས་ཀྱི་ཤ་ཟ་རུང་མིན་གྱི་ས་མཚམས་ལ་འགྲེལ་བཤད་ཧ་ཅང་གསལ་བོ་གནང་ཡོད། དེ་ལོས་མཁྱེན།
གཉིས།
སྡོམ་གསུམ་རབ་དབྱེ་ཡི། ཉན་ཐོས་རྣམ་གསུམ་དག་པའི་ཤ། །བཟའ་རུང་གལ་ཏེ་མི་ཟ་ན། །ལྷས་བྱིན་གྱི་ནི་བརྟུལ་ཞུགས་འགྱུར། །ཞེས་པ་དེ་དྲངས་ནས་སྟོན་འཁོར་ཚང་མ་གད་མོ་ཤུགས་ཆེན་པོ་ཞིག་བགད་འདུག འོན་ཀྱང་། དེའི་མཇུག་ཐོག་དེ་མ་ཐག་གི་རྩ་ཚིག ཐེག་པ་ཆེ་ལས་ཤ་རྣམས་བཀག །ཟོས་ན་ངན་འགྲོའི་རྒྱུ་རུ་གསུངས། །ཞེས་པའི་ཚིག་རྐང་གཉིས་འདི་མ་གཟིགས་པ་ནང་བཞིན་གནང་བ་ནི་རིགས་པ་སྨྲ་བ་དག་ལ་ཆེས་མི་འོས་པ་ཞིག་མ་ཡིན་ནམ། ད་དུང་ལུགས་འདི་ལ་ཚད་མར་གྱུར་པ་དཔལ་ས་སྐྱའི་གོ་རམས་པ་སོགས་ཀྱིས་འདིའི་ཐད་ཀྱི་ཆོས་རྗེ་ས་པན་གྱི་ལུགས་ལ་ཉན་ཐོས་རང་གཞུང་ལས་ཤ་ཟ་བ་དྲང་དོན་དང་། ཐེག་ཆེན་ལུགས་སུ་ཤ་གཏན་ནས་བཀག་པ་ཉིད་ངེས་དོན་དུ་གསལ་ཞིང་རྒྱས་པར་དཀྲལ་བ་མ་གཟིགས་པ་ག་ལ་སྲིད།
གསུམ།
འདུལ་བ་ལས་སྤྱིར་བཏང་གི་ཤ་དང་ཉ་ཤ་སོགས་གནང་ཡོད་པ་ལུང་སྨན་གྱི་གཞི་སོགས་སུ་གསལ་བ་ཚང་མས་ཤེས་པ་ཞིག་རེད། རྗེ་དགེ་འདུན་གྲུབ་ཀྱི་གླེང་གཞི་སོགས་ལས་ཀྱང་གསལ། གུས་པ་ལྟ་བུའི་ཐོས་པ་ཆུང་བས་ཀྱང་བཤད་གྲྭ་ལོ་རིམ་དང་པོར་སྡོམ་གསུམ་རྣམ་ངེས་ལྟ་སྐབས་ནས་འདུལ་བ་རང་གཞུང་གི་གསུང་སྟངས་དེ་ཚོ་མཇལ་མྱོང་ཡོད། འོན་ཀྱང་ཉན་ཐོས་རང་ལུགས་སུ་ཡང་། རྣམ་གསུམ་དག་པ་དང་ཚོང་འདུས་གསུམ་འགྲིམས་སོགས་ཀྱི་ཆ་རྐྱེན་བཏོན་ཡོད་པ་དེས་ཉན་ཐོས་ཀྱི་ལུགས་སུ་ཡང་ཤའི་ཟས་འདི་ཟས་གཞན་པ་ལས་སྡིག་པ་ཧ་ཅང་ཆེ་བ་ཡིན་པ་གསལ་བཏོན་གནང་ཞིག་རེད། དེང་སང་གིས་བཤད་སྟངས་བྱས་ན་སངས་རྒྱས་ཀྱིས་འདིའི་ཕྱོགས་ལ་ཐོག་མ་ནས་གཞན་དང་མ་འདྲ་བའི་དོ་སྣང་ཆེན་པོ་གནང་འདུག
བཞི།
ཁྱེད་ཀྱིས་ལུང་འདྲེན་གྱི་བབས་ལ་བརྟག་ན། སེ་ར་རྗེ་བཙུན་པས་ནི་སྤྱིར་ཉན་ཐོས་ཐེག་པ་ལས་ཤ་མ་བཀག་སྟེ་ཞེས་སྤྱི་སྒྲ་དམིགས་སུ་སྨྲོས་པའི་ཐོག་ནས་སྡོམ་གསུམ་གྱི་ལུང་དྲངས་འདུག དེ་ནི་ཧ་ཅང་དོན་ལ་གནས་པ་སྟེ། སྤྱིར་ཞེས་པའི་སྒྲས་དམིགས་བསལ་ཐེག་ཆེན་སོགས་ཀྱི་བཞེད་པ་བཅད་པ་ཡིན། དེས་ན་ཁྱེད་ཀྱི་གསུང་སྟངས་དང་མི་འདྲ།
ལྔ།
ཀརྨ་པ་མི་བསྐྱོད་རྡོ་རྗེས་ཤ་ཟ་ཆོག་པར་འདོད་པའི་ཁུངས་སུ། ཁོང་གི་འདུལ་གཞུང་གི་སྨན་གྱི་གཞིའི་ཚིག་དོན་བཟའ་བ་དང་བཅའ་བའི་རྣམ་གྲངས་སྨྲོས་པ་གྲངས་འདྲེན་དག་འདྲེན་པ་ནི་སྐབས་ཤན་གཏན་ནས་མ་ཕྱེས་པའི་རགས་བཤད་རེད། མ་གཞི་རགས་རིམ་ལས་མ་རྟོགས་པས་རགས་བཤད་ཆགས་ན་ཧ་མི་ལས་མོད། ཤ་ཟ་རུང་བའི་སྒྲུབ་བྱེད་དུ་གང་མཁོ་དེ་ལེན་བྱས་པ་ཡིན་ན་དེ་ནི་ཧ་ཅང་ཉེན་ཁ་ཆེན་པོ་རེད། དེ་ལྟར་ཅིས་ཀྱང་མིན་པར་སྨོན།
ཁོང་གིས་འདུལ་བ་རང་གི་ཚིག་དོན་འཆད་སྐབས་རྣམ་གྲངས་དེ་ལྟར་སྨྲོས་ཡོད་པ་ནི་ཉན་ཐོས་ཐེག་པ་རང་གི་འཆད་ཚུལ་རེད། འོན་ཀྱང་། རྗེ་མི་བསྐྱོད་པའི་མཐར་ཐུག་གི་བཞེད་པ་གང་ཡིན་ཁོང་གིས་མཛད་པའི་ཁྲིད་ཐུང་བརྒྱ་རྩའི་ནང་དུ་མ་དག་པའི་དངོས་པོ་བརྒྱད་སྤོངས་པ་ནན་ཏན་དུ་གསུངས་པའི་ནང་ཚན། ཤ་ཆང་མཚོན་གསུམ་ལ་མིག་གིས་ལྟ་བ་ཙམ་ཡང་སྤོངས་དགོས་པར་གསུང་ཤིང་། གལ་ཏེ་འདི་ལ་བླང་དོར་ཚུལ་བཞིན་མི་བྱེད་པ་དེ་བཀའ་བརྒྱུད་འདི་བར་མི་གཏོགས་ཞེས་ཐ་ཚིག་ནན་པོ་བསྒྲགས་ཡོད་པ་རེད་འདུག་ལགས།
མདོ་སྔགས་ཀྱི་དྲང་ངེས་འབྱེད་པ་ལ་བོད་གངས་ཅན་ཙམ་ན་ཕུལ་དུ་ཕྱིན་ཅིང་། ལུང་ཙམ་སྐྱབས་སུ་གྱུར་པའི་ངང་ཚུལ་ངོ་བོ་ཉིད་ནས་མི་མངའ་བའི་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོའི་གཞུང་ལུགས་ཀྱིས་ལུས་སྟོབས་གསོས་པའི་གང་ཟག་ཅིག་གིས་འདུལ་བ་དང་སྔགས་ཀྱི་སྐབས་ཀྱི་གསུང་སྟངས་མ་འདྲ་བ་དེ་ཚོར་དྲང་ངེས་དང་སྐབས་དོན་གྱི་ཁྱད་པར་གཏན་ནས་མེད་པར་ཚང་མ་ང་ཚོས་ཤ་ཟ་ཆོག་པའི་ཁུངས་སུ་འདྲེན་གནང་བ་ནི་སྤོབས་པ་ཧ་ཅང་ཆེ་བ་ཞིག་རེད།
དྲུག
ཉ་ཤ་ཟ་ཆོག་ཚུལ་བཤད་པའི་བཀའ་མོལ་འདིས་ང་ལ་སེམས་ཁྲལ་ལྷག་མ་གཞན་ཞིག་སྐྱེ་བཅུག་བྱུང་། སྤྱིར་བོད་པ་རྣམས་ཀྱིས་ཟོག་ལུག་གི་ཤ་ཟ་ན་ཡང་། ཉ་དང་ཆུ་གནས་ཕྲ་མོའི་རིགས་ཟ་བར་ཧ་ཅང་འཛེམས། དེ་ནི་གོམས་གཤིས་དཔེ་ཡག་པོ་ཞིག་རེད། མ་གཞི་ང་ཚོས་རིག་གཞུང་དང་གོམས་གཤིས་ཁ་ཤས་ཀྱི་ཐོག་ལ་ལུང་འདྲེན་གྱིས་ཕན་པའི་ཚབ་ཏུ་གནོད་པ་སྐྱེལ་བའི་སྐབས་ཀྱང་མཆིས། མི་སྐྱ་ཕོ་མོ་ཚར་ཁོང་ཚོའི་ཤེས་རབ་ཀྱི་ལུས་ཟུངས་དང་བསྟུན་པའི་བཅོས་ལུགས་བཤད་ལུགས་རེ་ཡོད་དགོས། དེ་མེད་ན་མིད་པ་འཕུད་སྲིད། དེང་སང་གྲོང་ཁྱེར་སོགས་སུ་ཀླད་སྟོང་དག་གིས་རྒྱའི་ལད་མོ་བྱས་ནས་ཆུ་གནས་སོགས་གང་བྱུང་ཟ་བའི་ཉེན་ཁ་ཆེན་པོ་ཡོད། རྒྱ་ཡུལ་གྱི་ཟ་ཁང་ཆེན་པོ་དག་གི་ཤ་རིགས་སྤྱི་དང་ཁྱད་པར་ཆུ་གནས་རིགས་དེ་དག་ལ་ཚོང་འདུས་གསུམ་འགྲིམས་དང་རྣམ་གསུམ་དག་པའི་སྐད་ཆ་ཡོད་མ་རེད། ཟ་ཁང་གིས་གསོན་པོ་བཤམས་ནས་བཞག་ཡོད་པ་སྐྱོགས་ཀྱིས་བཅུས་ནས་ཐབ་ཏུ་བརྔོས་ཏེ་སྔུན་ལ་འཇོག་པ་རེད།
དེ་ཡང་ཤ་ཚོད་སྡེར་མ་གང་གི་ནང་དུ་ཉ་འབུ་གཅོང་གསུམ་བརྒྱ་ཕྲག་ལོངས་པའི་ཚེ་སྲོག་འགྲོ་བའང་ཡོད། དེ་འདྲའི་དུས་ཚོད་དང་ཁོར་ཡུག་ཅིག་ནས་སྡེ་སྣོད་གསུམ་ལ་སྦྱང་བ་གནང་མཁན་གྱི་དགེ་བའི་བཤེས་གཉེན་ཞིག་གིས་འདུལ་བའི་ལུང་ཚིག་གསལ་པོར་བསྐྱོར་ནས་ཉ་ཤ་ཟ་ཆོག་པ་རེད་འདུག་ཅེས་སྐར་མ་མིག་དམར་ཐོག་ནས་ཆུའི་ཐོན་ཁུངས་ཆེན་པོ་ཞིག་བརྙེད་ལྟར་་འགའ་སྤྲོ་ཆེན་པོས་ས་བསྒྲགས་གནམ་བསྒྲགས་བྱས་པ་ཡིན་ན་མི་དཀྱུས་མ་མང་པོ་ཞིག་མགོ་འཐོམ་རྒྱུའི་ཉེན་ཁ་འདུག འགའ་ཞིག་གིས་ཁྱེད་ཀྱི་བཀའ་མོལ་དེ་དག་རང་གི་ངན་སྤྱོད་འགེབས་པའི་ལག་ཆར་བེད་སྤྱོད་ཡང་སྲིད་པ་རེད། དེ་ཚོའི་ཕྱོགས་ལ་ཐུགས་བསམ་བཞེས་རྒྱུ་བྱུང་ངམ།
བདུན།
ད་དུང་རྗེ་བདག་ཉིད་ཆེན་པོས་ལྷ་ལྡན་སྨོན་ལམ་ཉིན་བཅོ་ལྔའི་རིང་ལ་ཤ་བུབ་སྟོང་ཕྲག་གཉིས་ལྷག་གིས་གསོལ་སྟོན་དྲངས་པ་རྒྱུ་མཚན་དུ་འདྲེན་པ་ནི་བསྟོད་མི་ཤེས་པའི་བསྟོད་པ་ལྟ་བུ་ཞིག་ཏུ་མཐོང་། དེ་ནི་རྗེ་རིན་པོ་ཆེའི་ཆེ་བ་བརྗོད་པ་ཞིག་མ་རེད། དཔེར་ན། དེ་རིང་ཁྱེད་ཀྱིས་མི་རིགས་གཞན་པའི་ནང་པའི་ཆོས་གྲོགས་ཤིག་ལ་བོད་ཀྱི་ནང་པས་ཤ་ཟ་ཆོག་པའི་སྒྲུབ་བྱེད་དུ་རྗེ་རིན་པོ་ཆེས་སྔར་དུས་མཆོད་གཅིག་ལ་ཤ་བུབ་སྟོང་གཉིས་ལྷག་བཏང་བ་རེད་ཅེས་ལབ་ན་དེ་ག་རང་གིས་ང་ཚོ་ཕམ་པ་རེད། རང་གི་རང་ལ་ཕམ་ཉེས་དེ་ལས་ཆེ་བ་གཏོང་རྒྱུ་མེད་པ་བཏང་བ་རེད། མ་གཞི་དེང་སང་གི་མིའི་བསམ་བློ་གཏོང་སྟངས་འགྱུར་བ་ཕྱིན་པ་རེད། རིན་ཐང་གི་ལྟ་བ་ཡང་མི་འདྲ་བ་རེད། སྲོལ་རྒྱུན་གྱིས་དང་ལེན་ཐུབ་པ་མང་པོ་ཞིག་ད་ལྟ་དང་ལེན་ཐུབ་ཀྱི་མེད་པ་རེད།
ཕྱོགས་གཞན་ཞིག་ནས་རྗེ་རིན་པོ་ཆེའི་བྱང་ཆུབ་སེམས་པའི་སྤྱོད་ཚུལ་ཚང་མ་ང་ཚོས་སྒྲ་ཅི་བཞིན་དུ་ཁས་བླངས་ན་འགྲིགས་པ་ཞིག་ག་ལ་ཡིན། བླ་མ་ཞང་ཚལ་བས་དམག་དཔོན་མཛད་པ་དང་། གྲུབ་ཐོབ་རྭ་ལོ་ཙཱ་བས་བྱང་ཆུབ་སེམས་དཔའ་བསད་པ། འབྲུག་པ་ཀུན་ལེགས་ལ་དགའ་རོགས་སྟོང་ཕྲག་ཡོད་པ་སོགས་ཀྱང་ཁོང་རྣམ་པ་ལ་ཁོང་རྣམ་པའི་འགྲོ་ལུགས་ཤིག་ཡོད་པའི་རིགས་ལམ་ལྟར་ན་ང་ཚོས་དེ་དག་ལ་དག་སྣང་སྦྱོང་ཆོག་མོད། ང་ཚོས་དེ་ལྟར་ལད་མོ་ཆོག་པའི་རྒྱུ་མཚན་དུ་མི་འགྲོ
ལུགས་སྲོལ་འགའ་ཞིག་ནི། གང་ཟག་སྒེར་བཙན་གྱི་དབང་དུ་རྩོད་མེད་ཀྱི་སྐྱེས་བུ་དམ་པའི་མཛད་པ་དང་འབྲེལ་ཡོད་ཀྱང་། བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་ན་དུས་དང་མཐུན་པའི་ལེགས་བཅོས་དགོས་པའང་ཧ་ཅང་མང་པོ་ཡོད་པ་དེ་རིགས་ལ་འཁྲེགས་འཛིན་བྱས་ན་གང་ཡང་ཡོང་རྒྱུ་མིན་པ་༧བླ་མ་སྤྱན་རིས་གཟིགས་ཀྱིས་ཀྱང་ཡང་ནས་ཡང་གསུང་།
བརྒྱད།
ཡང་འགའ་ཞིག་གིས་དགེ་ལུགས་པས་ཤ་དགག་གི་མེད་པ་དང་། ཁྱད་པར་དེང་སང་དགེ་ལུགས་དཀར་ཟས་ལ་གལ་ཆེན་དུ་མི་བྱེད་སྙམ་པ་འདུག་ཀྱང་ངས་ནི་དེ་ལྟར་བསམ་གྱི་མེད། དཀར་ཟས་དང་དམར་ཟས་ཀྱི་སྐད་ཆ་འདི་ངའི་ངོས་ནས་གྲུབ་མཐའ་མི་འདྲ་བའི་བསམ་བློ་གཏོང་སྟངས་ཤིག་ཡིན་པར་ཡིད་ཆེས་བྱེད་ཀྱི་མེད།
༧རྒྱལ་དབང་ཀརྨ་པས་ཤའི་ཉེ་དམིགས་སྐོར་གྱི་བཀའ་སློབ་དེར་མཁས་གྲུབ་ཐམས་ཅད་མཁྱེན་པའི་སྡོམ་གསུམ་གྱི་ལུང་ཞིག་དྲངས་པར། ཤ་རོ་ལ་སྲེད་པའི་དབང་གིས་ཤ་ཟ་རུང་བ་ནི་རྣམ་པ་ཀུན་དུ་མི་སྨྲ་ལ། དེ་ལྟ་བུ་ཟ་བ་སྐྱོན་མེད་པ་ནི་རྨི་ལམ་དུ་ཡང་མི་སྨྲའོ།། ཞེས་བཀའ་བསྩལ་ཡོད་པར་གསུངས། མཉམ་མེད་ཤར་རྒྱལ་བ་ཙོང་ཁ་བའི་སྲས་ཀྱི་ཐུ་བོ་མཁས་གྲུབ་ཐམས་ཅད་མཁྱེན་པས་རྨི་ལམ་དུ་ཡང་ཞལ་གྱིས་མི་བཞེས་པ་ཞིག་ང་ཚོར་དངོས་སུ་ཉེས་པ་མེད་པར་སྨྲ་རྒྱུའི་བློ་ཁོག་ག་ལ་ཡོད།
དེ་བཞིན་འཕགས་ཡུལ་གྱི་གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་ལ་མཚོན་ན། སྤྱི་ལོ་༡༩༩༠ ལོར་སེ་ར་བྱེས་པ་གྲྭ་ཚང་ནས་དབུ་བཙུགས་ཏེ་དགེ་བཤེས་གཏོང་སྒོ་ལ་དམར་ཟས་མི་ཆོག་པ་བཟོས་པར་བཤད་ཅིང་། ད་ཆ་གདན་ས་ཆེན་པོ་གསུམ་དུ་ཚོགས་སུ་ཤ་འདྲེན་པ་གཏན་ནས་མཚམས་འཇོག་གནང་ཡོད། གུས་པའང་ལོ་སྔ་མ་དག་ཏུ་གདན་ས་ཆེན་པོ་འབྲས་སྤུངས་དང་བཀྲ་ཤིས་ལྷུན་པོ་སོགས་སུ་གསུང་ཆོས་ལ་དགེ་འདུན་པ་ཁྲི་ཕྲག་དུ་མ་དང་མཉམ་དུ་འཚོགས་པ་ཡིན་པས། ཆོས་འཁོར་ཆེན་པོ་དེ་དག་ཏུ་དཀར་ཟས་ཁོ་ན་ལས་དམར་ཟས་གཅིག་ཀྱང་དྲང་འདྲེན་མི་ཆོག་པས་མིག་མཐོང་ལག་ཟིན་ཡིན། འོ་ན་ཁོང་དག་གིས་རྗེ་རིན་པོ་ཆེའི་ཕྱག་བཞེས་ལ་རྒྱབ་གཏོད་གནང་བ་ཞིག་རེད་དམ།
ད་དུང་། དཔལ་ས་སྐྱའི་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་དང་རྫ་དཔལ་སྤྲུལ་སོགས་ཀྱིས་འདིའི་ཕྱོགས་ལ་ཞིབ་ཅིང་ཕྲ་བར་གསུངས་པ་དེ་ཚོ་ནི་འདིར་སྨྲོས་སུ་མི་ལང་ངོ་། །
ཞེས་པ་འདི་ཡང་། དཀར་ཟས་པ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་འཛམ་བུ་གླིང་གི་ཆེས་མཛེས་སྡུག་ལྡན་པའི་ལྷ་ཡུལ་ལྟ་བུའི་རྒྱལ་ཁབ་ཨོ་སི་ཐྲོ་ལི་ཡའི་ཤར་ཕྱོགས་ཀྱི་རི་མགུར་ཉམས་དགའ་བ་ཞིག་ནས་ཡང་དག་པའི་ཤེས་རབ་ལ་དྲན་པ་ཉེ་བར་བཞག་པའི་བློས་འཛམ་གླིང་དཀར་ཟས་ཀྱི་ཉིན་མོ(2016/11/25)འི་དགུང་མོ་ཤིན་ཏུ་འཕྱི་བོར་སྤེལ།།
ང་ལ་མཚོན་ན་ཟ་མ་བརྒྱ་ཆའི་གོ་ལྔ་དཀར་ཟས་ཡིན། དཀར་ཟས་རིང་ལུགས་པ་ཚང་མར་གུས་ཞབས་ཆེན་པོ་ཡོད། བོད་པའི་བླ་མ་ཚོས་བོད་པ་ཚོར་ཤ་བཟའ་གི་མ་བཅུག་ན་བོད་པས་ཟ་མ་བཅུད་ཆེན་ག་རེ་བཟའ་དགོས། བོད་ལ་དུད་འགྲོ་སེམས་ཅན་མེད་ན་བོད་པའི་འཚོ་རྟེན་གང་ལ་བྱེད། བོད་པ་ཚང་མ་ཚོང་པ་ཆགས་མི་སྲིད། བོད་པ་ཚང་མ་དགེ་རྒན་དང་ལས་བྱེད་ཆགས་མི་སྲིད། རྒྱ་མི་ལ་གྲོང་ཁྱེར་ཆེན་པོ་ལས་ཀ་འཚོལ་ས་ཡོད་རེད། བོད་པ་མང་ཤོས་གྲོང་ཁྱེར་ཆེན་པོར་སོང་ན་ལས་ཀ་ཕར་ཞོག་གསང་སྤྱོད་ཀྱང་རྙེད་ཁག་པོ་རེད། དེང་སྐབས་བོད་པས་ཤ་ཟ་མི་ཆོག་ན་ཕྱུགས་འཚོས་ནས་ག་རེ་བྱེད་ཟེར་ནས་སེམས་ཅན་སྟོང་ཕྲག་མང་པོ་རྒྱ་ཁ་ཆེའི་བཤན་པ་ལ་བཙོངས་དང་འཚོང་བཞིན་ཡོད། ཡང་བླ་མ་ཚོ་བརྒྱུགས་ཏེ་ཁ་ཆེ་ཚོར་སྒོར་ས་ཡ་འབུམ་ཕྲག་སྤྲད་ནས་སེམས་ཅན་ཚུར་ཉོས། ཡང་སེམས་ཅན་དེ་དག་གི་ཤ་བཟའ་མ་ཆོག་དུས་ཡང་སྐྱར་བེད་མེད་ཡིན་པའི་སྟེང་དུ་རྩྭ་ཆུ་སོགས་མཁོ་སྤྲོད་བྱེད་དགོས། བོད་པའི་བླ་མ་ཚོས་དང་པོར་བོད་མི་རིགས་ལ་སྡིག་པ་མེད་པའི་འཚོ་ཐབས་རྨད་དུ་བྱུང་བ་ཞིག་བསླབས། དེ་ནས་ཕྱུགས་ཟོག་ལ་བརྟེན་པའི་འཚོ་ཐབས་ལ་སྒྱུར་བཅོས་གནང་ན་ལེགས། བླ་མ་དཀར་ཟས་པ་ཁྱེད་རྣམ་པས་བོད་མཐོ་སྒང་གི་གྲང་ངར་ཆེན་པོའི་ནང་འཚོ་གནས་བྱེད་པའི་བོད་མིའི་ལུས་སྟོབས་རྒྱས་ཤིང་གནམ་གཤིས་ཀླད་གོར་འོག་གི་སུམ་ཅུ་བཞི་བཅུར་བསླེབས་དུས་ད་དུང་གཟུགས་པོ་ཚ་ཤག་ཤག་ཏུ་གནས་ཐུབ་པ། རོ་བཅུད་ཟུངས་གསུམ་ཤ་ཁྲག་ཚིལ་གསུམ་དང་འདྲ་བའི་འཚོ་བཅུད་ཡོད་པའི་ཟ་མ་བཅུད་ཆེན་པོ་དེ་འདྲ་འགའ་ངོ་སྤྲོད་གནང་རོགས། དེ་མིན་ཕ་རིའི་སྤང་རྒྱན་མེད།།ཚུར་རིའི་སླེ་བོ་ཡང་མེད་པ་ཞིག་ཆགས་དང་ཆག་བཞིན་འདུག
མི་གི་དུད་འགྲོའི་ཤ་ཟ་རྒྱུའི་ལམ་ལུགས་ག་དུས་དར་བ་ཡིན་དང་དེའི་རྒྱབ་ལྗོངས་ཀྱི་ལོ་
རྒྱུས་ཁུངས་ཐུབ་གསུང་མཁན་ཡོད་ན་དགའ་བསུ་ཡོད་གསུང་རོགས་གནང་ཐུགས་རྗེ་ཆེ་།
འཚེ་བ་རྒྱང་དུ་དོར་བའི་ནང་པ་ཚོ་།
གཅན་ཟན་ལྟ་བུའི་དུད་འགྲོའི་ཤ་ཟ་བ་།
ཞིབ་ཏུ་དཔྱད་ཚེ་རང་གི་རང་ཉིད་ཕུང་།
ཕྱི་མི་གཞན་ལ་འབྲེལ་བཤད་ཇི་ལྟར་
རྒྱག་།
སྔོན་ཆད་བོད་རིགས་གཞོན་ནུ་ཚོ་ཤ་དར་ཁྲག་དར་རྒྱ་གར་པན་འཇབ་པ་འདྲ་བོ་ཡོད། དེང་སྐབས་ཕྱི་འགྲིམ་སློབ་མ་མང་པོ་བུ་བུ་མོ་གཉིས་ཀ་མདོག་སྐྱོ་བོ། གཟུགས་པོ་སྐམ་པོ་དང་ནག་པོ་མང་པོ་འདུག དེ་ནི་བོད་རང་གི་ས་ནས་ཟ་མ་ཤ་ཁྲག་ཚིལ་གསུམ་དང་མར་རྩམ་སོགས་མ་ཟོས་པར་རྒྱ་ཡུལ་གྱི་རྫས་འགྱུར་སྣ་ཚོགས་ཀྱིས་ལྷད་ཡོད་པའི་ཟ་མ་ངན་ངོན་མང་པོ་ཟོས་པའི་རྟགས་མཚན་ཉག་གཅིག་རེད།
དཔེར་ན་སྔོན་ཆད་བོད་ནས་གསར་དུ་རྒྱ་གར་ལ་འབྱོར་བ་དང་རྒྱ་བལ་གྱི་བོད་པའི་གཞིས་ཆགས་གསར་བུ་གསར་མོ་ཚོ་ངོ་མདངས་ལ་བལྟས་པ་ཙམ་གྱིས་ཐག་གཅོད་ཐུབ་པ་ཞིག་ཡོད། བོད་འབྱོར་མང་ཤོས་ཤ་མདངས་དཀར་ལ་དམར་མདངས་ཆགས་པ། གཟུགས་པོ་རིང་པོ་དང་སྟོབས་ཤུགས་ཅན་དེ་འདྲ་འདུག སྤྱི་ལོ་ཉིས་སྟོང་དྲུག་བདུན་ཡས་མས་ནས་བཟུང་བོད་ནས་འབྱོར་བ་མང་པོ་ཞིག་ཀྱང་གཟུགས་སྟོབས་ཞན་པ་ངོ་མདངས་སྐྱོ་བ་དེ་འདྲ་འདུག དེ་ནི་ཟ་མ་ངན་ངོན་ཟོས་པའི་རྟགས་མཚན་རེད།
མི་གི་ཤ་ལྡོག་དཀར་མདངས་དང་དམར་མདངས་ནག་མདངས་དེ་ཚོ་
ཟས་བཅུད་གཅིག་པོ་གི་ཡིན་ལེ་མ་རེད་རྒྱ་གར་ཡུལ་གྱི་འཇེན་
མི་རིགས་དེ་ཚོ་ཤ་ཟ་ལེ་མ་རེད་དེ་ཁོང་ཚོ་ང་ཚོ་ལས་ཤིན་ཏུ་
མདོག་ཡག་གི་རེད་ཤ་མདོག་དཀར་དམར་ནག་དེ་ཚོ་ཟས་བཅུད་
གཅིག་པོ་གི་མ་རེད་ལུང་པའི་ཁྱར་པར་དང་འཁོར་ཡུག་གི་ཁྱད་
པར་སོགས་ས་ཆུ་གཙང་མིན་ལ་རག་ཡོད་རེད་བསམ་གྱི་འདའ་།
་་་་་་་་་ འགའ་ཞིག་གིས་ཁྱེད་ཀྱི་བཀའ་མོལ་དེ་དག་རང་གི་ངན་སྤྱོད་འགེབས་པའི་ལག་ཆར་བེད་སྤྱོད་ཡང་སྲིད་པ་རེད། ་་་་་་་་ འདི་ལེགས་བཤད་དུ་མཐོང་།
་་་་་་་་་ བླ་མ་ཞང་ཚལ་བས་དམག་དཔོན་མཛད་པ་དང་། གྲུབ་ཐོབ་རྭ་ལོ་ཙཱ་བས་བྱང་ཆུབ་སེམས་དཔའ་བསད་པ། འབྲུག་པ་ཀུན་ལེགས་ལ་དགའ་རོགས་སྟོང་ཕྲག་ཡོད་པ་་་་་་་་་་་་་་་
འདི་ནི་བོད་ཀྱི་ཆོས་པས་ཞབས་འདྲེན་ཞུས་པ་ལས། ད་ནས་བཟུང་དགའ་བསུ་ནམ་ཡང་ཞུ་རྒྱུ་ཡོད་མ་རེད་དོ།།
བདག་ཅག་གི་སྟོན་པས་
ཤ་བཟའ་མ་ཆོག་པའི་བཀའ་གནང་ཡོད་དམ་?
ཐེག་དམན་དགེ་སློང་བསོད་སྙོམས་པ་ལ་དམར་ཟས་འགོག་མི་ཐུབ་སྟེ། སྦྱིན་བདག་གིས་གང་གནང་བ་དེ་ལྷུང་གཟེད་ནང་འོང་བ་དེ་ཉིད་མཆོད་དགོས་པ་དང་། དགེ་སློང་གིས་ང་ལ་དམར་ཟས་མི་དགོས་དཀར་དགོས་ཞེས་གསུང་མི་བདེ་བའི་ཕྱིར།
ཐེག་ཆེན་བྱང་སེམས་ཀྱིས་བྱུང་ན། དམར་ཟས་ངེས་པར་དུ་སྤོང་དགོས་ཏེ། གནང་ཚད་གཞན་དོན་ཡིན་པའི་ཕྱིར། གསང་སྔགས་འོག་མ་ལ་ནི། དམར་ཟས་མི་འོས་ལ། སྔགས་བླ་མེད་ཀྱི་སྐབས་ལ། དམར་ཟས་ཀྱི་སྐོར་ལ་འདིར་དྲ་རྒྱར་གླེང་ན་ཕན་པ་ལས་གནོད་ཆེ་བས་་་་་་ བདག་གིས་སྨྲ་བར་མི་འདོད་དོ།།
བོད་བླ་ཁ་ཅིག་གིས། སོ་སོས་ཚེ་འདིར་བློས་གཏོང་མ་ཐུབ་པར་ཟིང་ཟང་ངང་ནས་མི་ཚེ་སྐྱལ་གྱིས་ཡོད་པ་བརྗེད་དེ་གཞན་ལ་བསླབ་བྱ་རྫིགས་པོ་རེ་བྱས་ནས་ཉི་མ་བསྐྱལ་གྱི་ཡོད་ས་རེད། བོད་བླ་འདི་ཚོས་ཉི་མ་ཞིག་རྩམ་པ་མ་ཟ། གལ་ཏེ་ཟོས་ན་ཉེས་པ་ཆེན་པོ་ཡོད་རེད་ཟེར་ས་རེད། ཞིང་རྨོ་དུས་ས་འོག་གི་འབུ་ས་ཁར་བུད། ས་ཁའི་འབུ་ས་འོག་ཏུ་མནན། སྲོག་ཆགས་གྲངས་མེད་ཤི་ཚར་བ་རེད། རྩམ་པ་ཕོར་བ་གང་གི་ཆེད་དུ་སྲོག་ཆགས་ག་ཚད་ཤི་ཡོད་དམ། སྤང་དགོས་རྒྱུ་དངོས་གནས་དེ་ལེ་ལོ་རེད། དེང་དུས་ཀྱི་ཉམས་ལེན་པ་ཚོར་ཉམས་རྟོགས་མེད་པ་དེ་ཤ་ཟོས་པའི་ཉེས་སྐྱོན་མ་རེད། ལེ་ལོ་དང་ཚེ་འདིའི་བྱ་བ་ལ་དབུ་འཁོར་ནས་ཉམས་ལེན་གནད་དུ་མ་ཁེལ་བ་རེད། སྔོན་བྱོན་གྱི་སྐྱེ་བུ་དམ་པ་རྗེ་བཙུན་མི་ལ་སོགས་ཚེ་འདི་བློས་བཏང་ནས་སྒྲུབ་པ་ཉམས་ལེན་བྱས་ཏེ་གྲུབ་པ་ཐོབ་པ་རེད། །
སྟོན་པ་བཀྲིན་ཅན་མཆོག་གི་ཤ་བཀག་མེད་པ་འདྲ
ཆང་བཀག་པ་རེད་བསམ་སོང་་དེ་དངོས་བངེན་་
ཡིན་ནམ་?
ཤ་མི་ཟ་མཁན་གྱིས་དམར་ཟས་ཀྱི་ཉེས་དམིགས་གླེང་ན་ཏག་ཏག་བསྡད་ཡོད་ལ། ཤ་ཟ་མཁན་གྱིས་དམར་ཟས་ཀྱི་ཕན་ཡོན་བཤད་ན་ཏག་ཏག་བསྡད་མེད། སྔ་མ་ནི་ལྷག་བསམ་དང་ཕྱི་མ་ནི་འདོད་རྔམས་རེད།
ཆང་ནི་ཉེས་པ་ཀུན་གྱི་རྩ་བ་ཡིན་།
ཙ་སྟེང་ཟིལ་པ་ཙམ་ཡང་སྤང་བར་བྱ་།
ཆང་ནི་དམ་ཚིག་ཀུན་གྱི་རྩ་བ་ཡིན་།
ཨམ་ཆོག་ཞུམ་པར་བྱས་ནས་ཐུང་བར་བྱ་།
ཞེས་དང་།
རྟོགས་པ་ཅན་གྱི་ཆང་ཐུང་།
སྙིང་རྗེ་ཅན་གྱི་ཤ་ཟ་།
གང་ལ་ཆ་བཞག་དགོས་པ་རེད་དམ་?
སྟོན་པ་བཀྲིན་ཅན་འཇིག་རྟེན་འདིར་ཕེབས་
སྐབས་དེང་དུས་དང་མི་འདྲ་བར་སེམས་ཅན་གྱི་བསོད་ནམས་
སྙོམས་ཕྱིར་བསོད་སྙོམས་ལ་ཕེབས་ནས་རྒྱུ་འབྱོར་
ྦྱབས་གང་སྦྱིན་པ་དེ་བཞེས་ནས་བརྔོ་བ་གནང་ནས་བསོད་ནམས་སྦྱིན་པ་ལས་སྟོན་པ་ལ་ཤ་གི་བསོད་སྙོམས་ཕུལ་མཁན་ཡོད་པ་
ངས་ནམ་ཡང་ཤེས་མ་སོང་ངོ་།
མཁས་དབང་རྣམས་ལ་ཞུ་གསོལ། སྡིག་པ་མེད་པའི་ཟ་མ་ཞིག་ངོ་སྤྲོད་གནང་རོགས་གནང་།
ཤ་མ་ཟ་ན་ཡང་དཀར་ཟས་ཀྱིས་ལུས་སྟོབས་ཅན་དུ་ཡོད་པ་མཐོང་ཐུབ། བོད་མི་མང་པོ་རྒྱ་གར་དུ་དང་པོ་འབྱོར་དུས། གྲོ་ཤུན་ལྤགས་ཡོད་པ་ལས་ཤུན་ལྤགས་མེད་པའི་གྲོ་ཞིབ་དཀར་པོར་ཡག་ག་བརྩིས། ཞོ་ཁོག་ཤུན་ལྤགས་མེད་པ་འདམས། དེ་ཡིས་བོད་ནས་འོངས་པ་མང་པོར་གཅོང་ནད་ཀྱིས་ཟིན། བདག་རང་ལོ་གཞོན་སློབ་གྲྭའི་སྐབས་སུ་དངུལ་ལྡངས་པ་ཡོད་ན། གྲོ་ཞིབ་དཀར་པོས་རྒྱ་ཐུག་བཟོས་ཏེ། བསྐམས་ནས་ཐུག་པ་སྐོལ་དགོས་བསམ་བློ་ཡོད་པ་ཡིན། སྟབས་ལེགས་ཀྱིས་དངུལ་དཀོན་པས་སྲན་མ་གོང་ཆུང་བ་དང་། ལུས་ལ་ཕན་པ་ཟ་དགོས་བྱུང་། དེ་ཡང་རྗེས་སུ་མ་གཏོགས་མ་ཤེས་པ་ཡིན། ངའི་སྤུན་མཆེད་རྒན་པ་ཝཱ་རཱ་ཎ་སཱིར་ངས་རྒྱ་གར་སྲན་མ་པགས་པ་སེར་སྐྱར་ཡོད་པ་ཟོས་པའི་གནས་ཚུལ་མ་ལ་བཤད་པ་མས་ཡང་སྐྱར་ང་ལ་གསུངས། གྲོ་ཞིབ་དཀར་པོ་དང་ནག་པོ་གཉིས་ཟ་བ་ན། དཀར་པོ་དེ་ལུས་ལ་མི་ཕན་པ་དང་། གྲོ་ཞིབ་ནག་པོ་དེ་ལུས་ལ་ཕན་པ་ཤེས་རྟོགས་བྱུང་། དེ་ཡིས་གྲོ་ཞིབ་དཀར་པོ་ཁོ་ན་བཀོལ་བའི་སྤྱི་ཐབ་ནས་འཐོན་དགོས་བྱུང་། ལུས་ལ་འགུལ་སྐྱོད་གཏོང་བ་ཡང་་གལ་ཆེར་མཐོང་། བོད་དུ་དགོན་པ་ལ་སྐོར་བ་རྒྱབ་པ་དེ་དགོན་པའི་བྱིན་རླབས་ཀྱིས་གཟུགས་པོ་ཐང་པོ་བྱུང་ཟེར་བ་ཐོས། དགོན་པ་ལྷ་ཁང་དང་། མཆོད་རྟེན་ལ་སྐོར་བ་རྒྱབ་པ་དེ་ལུས་སྦྱོང་གི་མཆོག་གོ །དེའི་སྒང་ལ་ལུས་པོར་ཉི་ཟེར་ཕོག་དགོས་པ་ཡང་གལ་ཆེ་བར་ལུས་ཁམས་འཕྲོད་བསྟེན་ལས་བཤད། དེ་ཡང་ལྕང་པ་ཞིག་གི་འོག་ཏུ་རྩྭ་སྐྱེས་པ་དེ་སྟོབས་མེད་དང་། ཉི་མ་ཕོག་པའི་རྩྭ་གཉིས་ལས་ཉི་མ་ཕོག་པ་དེ་སྟོབས་ཆེ་བར་བཤད་པ་དེ་ལོ་༦༠་རེ་གྲངས་སྔོན་དུ་བཀླགས་སོ།
རྟོགས་པ་ཅན་གྱི་ཆང་ཐུང་།
སྙིང་རྗེ་ཅན་གྱི་ཤ་ཟ་།
གང་ལ་ཆ་བཞག་དགོས་པ་རེད་དམ་?
་
ལན་དུ།
གསང་སྔགས་རྟོགས་པ་མཐོ་བོར་སོན་པ་ཚོས་མཆོད་ཆང་མཆོད་ན། རང་ཉིད་རྟོགས་པ་འཕེལ་བ་ལ་རྩོད་པ་མེད་དགོས།
ནང་པ་སྤྱི་དང་། ཁྱད་པར་བྱང་སེམས་ཀྱིས་གལ་སྲིད་ཤ་ཞིག་ཟ་དགོས་ན། ངའི་ཟ་བཞིན་པའི་ཤ་འདི་ནི། ངའི་ཕྲུ་གུའི་ཤ་དང་མཉམ་པ་ཡིན་པར་མོས་ས། ཤི་མཁན་ཁོ་སྙིང་གཅེས་སྙམ་པའི་སྒོ་ནས། ཤ་བཟས་པས་ན། ཤ་དེ་སྙིང་རྗེ་ཅན་གྱིས་ཟ་ཞེས་པའོ་གོ་དོན་ཡང་་ཡོངས་སུ་རྫོགས་པར་འགྲོ་ངེས་འདུག ད་དུང་དཔྱད་པར་འཚལ་ལོ།།
ཁྱོད་ཀྱིས་དཀར་རྫེས་སྐོར་ལ་བསམ་ཚུལ་འམ་དགག་ལན་རྒྱབ་པ་ལ་རྗེ་སུ་ཡིད་རང་ཞུ། བདག་ཡང་ཤ་མེད་དཀར་རྫེས་སྐོར་ལས་འགུལ་སྤེལ་བར་ཤིན་ཏུ་སྤྲོ།