ཤད་ནི་དྲང་པོའི་དོན་ཡིན་པ།།
མ་རྟོགས་བློ་གྲོས་འཛིངས་པའི་སྐྲ།།
བཤད་བྱེད་འབྲོང་ལྕེ་སྐམ་པོ་འདི།།
གནམ་ལོ་གསར་པའི་ལག་རྟགས་ཡིན།།
དེརིང་འདིར། ཁ་ཤས་ཤིག་ནས་ཁ་སང་དེ་རིང་དགོངས་ཚུལ་རྗོད་བཞིན་པའི་ཤད་ཀྱི་སྐོར་ལ་ཅིག་བཤད་འདོད་སྐྱེས་བྱུང་། སྔོན་ཙམ་ནས་བོད་ཡིག་ནང་བཀོལ་ཡོང་བའི་གུག་རྟགས་()དང་། བརསྐབས་ཤིག་ནས་འགའ་རེས་བོད་ཡིག་ནང་བཀོལ་བཞིན་པའི་བོད་ཀྱི་རི་མོ་སྒོ་ཁྱིམ་༼༽ གཉིས་ཀྱི་མིང་གདགས་སྟངས་ལ་དགོངས་ཚུལ་མི་འདྲ་བ་ཁ་ཤས་ཤིག་གསུངས་ཡོང་གི་འདུག ཁུག་ཤད་ཟེར་མཁན། གུག་ཤད་ཟེར་མཁན། གུག་རྟགས་ཟེར་མཁན་འདྲ་མིན་ཞིག་འདུག ངས་འདིར་མིང་གང་ཞིག་བཏགས་ན་བཟང་མིན་སྐོར་བཤད་རྒྱུ་མིན། མིང་གང་ཞིག་གཏན་མ་ཁེལ་སྔོན་ལ་མིང་དེའི་དོན་དག་ཅི་ཡིན་ཤེས་དགོས་པ་དེ་གལ་ཆེ་བར་མཐོང་། དེས་ན་འདིར་དང་པོར་ཤད་ཟེར་བ་འདིའི་དོན་ཤེས་དགོས་རྒྱུ་དེ་གལ་ཆེ་བར་མཐོང་བས་ཤད་ཀྱི་སྐོར་ལ་འཕྲོས་བཤད་ཅུང་བྱེད་འདོད་སྐྱེས་བྱུང་། ཤད་ཟེར་ན་ག་རེ་རེད། ཆིག་ཤད ། ཉིས་ཤད །། སྦྲུལ་ཤད།(མཐེབ་གཞོང་ནས་མ་རྙེད) རིན་ཆེན་སྤུངས་ཤད་(མ་རྙེད)སོགས་ལ་ཤད་ཟེར་བ་ལས་ཚེག་དང་དབུ་ཁྱུད་ལ་ཤད་མི་ཟེར་བའི་རྒྱུ་མཚན་ཅི་རེད། ཤད་ཟེར་བ་ནི། གོང་གསལ་གྱི་རྟགས་འདི་དག་ལ་་འདོད་རྒྱལ་དུ་བཏགས་པའི་མིང་ཙམ་རེད་དམ། ཡང་ན་རྗེས་གྲུབ་ཀྱི་མིང་ཞིག་རེད།
ང་ཚོད་མིང་གང་ཞིག་གི་ཁུངས་འཚོལ་དགོས་ན་སྔོན་བྱོན་གྱི་མཁས་པ་དང་བཀའ་བསྟན་སོགས་ལ་ཁུངས་གཏུག་ཐབས་བྱེད་པ་དེ་ནི་འགྲིགས་པ་ཞིག་རེད། འོན་ཏེ་ཁྱེད་རང་ལ་བཀའ་བསྟན་ནང་ཁུངས་མ་རྙེད་པ་ཡིན་ན་ཅི་ལྟར་བྱེད། ཁུངས་རྙེད་ཀྱང་དེ་ལ་བཤད་ཚུལ་མི་འདྲ་བ་དུ་མ་ཞིག་བྱུང་སྟེ་ཁུངས་ཡང་དག་པ་ཞིག་མ་རྙེད་ན་ག་རེ་གནང་གི་ཡིན། དེ་འདྲའི་དཀའ་ངལ་གྱི་སྐབས་སུ། ཁྱེད་ཀྱི་ཐབས་ལམ་བཟང་ཤོས་ནི། བཀའ་བསྟན་དང་གཞན་བསྟན་བཅོས་སོགས་རིག་པ་ཐམས་ཅད་ཀྱི་གཞི་རྩར་གྱུར་པའི་རང་རེའི་སྐད་ལ་ཁུངས་གཏུགས་ནས་དཔྱད་རྒྱུ་ལས་མ་འདས་སོ།
ཤད་ཟེར་བ་དེ་ནི་འདོད་རྒྱལ་གྱི་མིང་ཙམ་ལས་མིན་ན་ཁྱེད་རང་གིས་ཀྱང་རྟགས་འདྲ་མིན་མང་པོ་ཞིག་ལ་ཤད་ཅེས་པའི་མིང་གིས་བསྙད་ཆོག་པར་འདོད། ཁུག་ཤད། མགོ་ཤད། སྐོར་ཤད་སོགས་གང་བཏགས་ཀྱང་འགལ་ཆ་མཐོང་གི་མི་འདུག དེ་མིན་ཤད་ཟེར་བ་དེ་ནི་དོན་དག་ཅན་ཞིག་དང་འདྲ་བ་དང་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པའི་མིང་ཞིག་ཡིན་ན་ཁྱེད་རང་གིས་ཀྱང་ཤད་ཀྱི་དོན་ཅན་ཞིག་དང་། ཤད་དང་འདྲ་བ་དང་འབྲེལ་བ་ཞིག་ལ་མ་གཏོགས་རྟགས་མཐོང་ཚད་ལ་ཤད་ཀྱི་མིང་གིས་བསྙད་ན་མི་འགྲིགས་པར་འདོད། དེས་ན་འདིར་ཁོ་བོས་ཤད་ཟེར་བ་དེའི་དོན་ངོ་མ་ཅི་ཡིན་རང་སྐད་དང་བསྟུན་ནས་ཅུང་ཟད་དཔྱད་ན་འདོད།
ཁོ་བོས་བལྟས་ན། ཤད་ཟེར་བ་འདི་ནི། འདྲ་བ་དང་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པའི་རྗེས་གྲུབ་ཀྱི་མིང་ཞིག་ཡིན་པར་མཐོང་། སྐད་ལ་མཚོན་ན། སྐྲ་འཛིངས་བསྡད་ཡོད་པ་དེ་སྐྲ་ཤད་དམ་སོ་མང་གིས་མར་དྲང་མོར་བསྲངས་པ་ལ་སྐྲ་བཤད་ཟེར། སྐྲ་མར་བཤད་བྱེད་ལ་སྐྲ་ཤད་ཟེར། ཡང་། གཡག་གི་ཁུ་ལི་ལྟ་བུ་མིན་པར་རྟའི་རྔ་མ་བཞིན་ཕན་ཚུན་མ་འདྲེས་པ་དང་མ་འཛིངས་པར་དྲང་ཤད་ལེ་བྱེད་པ་ལ་བཤད་མོ་ཟེར། འགའ་རེས་ཤད་མོ་ཞེས་བྲིས་པ་མཐོང་། དེ་བཞིན། རྒྱུན་བུའམ་ཀོ་ཐག་ཕྲ་མོ་དང་འབྲེང་བ་སྟེ་ཀོ་ཐག་སྦོམ་པོ་སོགས་ཀོ་ཐག་གི་རིགས་གྱོང་དང་འཁྱག་འཁྱོག་མེད་པའི་མཉེན་འཇམ་དྲང་པོ་ཡིན་པ་ལའང་བཤད་མོ་ཟེར། དངོས་པོ་གང་ཞིག་གི་དྲང་ལེན་པའི་ཆེད་ལག་པའི་ནང་ཡང་ཡང་བརྒྱུད་འཐེན་བྱེད་པ་ལ་ལག་པའི་ནང་བཤད་ཟེར། གོང་གསལ་གྱི་འདི་དག་ལས་བཤད་ཅེས་པའི་སྐད་འདི་དང་ཤད་ཅེས་པའི་ཡི་གེ་འདི་གཉིས་བར་འབྲེལ་དམ་ཟབ་ཅིག་ཡོད་པ་ཤེས་ཐུབ། དེས་ན་བཤད་ནི་དྲང་མོར་བསྲངས་པའི་དོན་ཡིན་པ་ཤེས་ལ། དྲང་ཤད་ལེ། ཤད་མོ་ཞེས་པའི་ཤད་ལའང་་དྲང་མོའི་དོན་ཡོད་པ་ཤེས། རང་རེས་ཤད་ཅེས་འབོད་པའི་ཡི་གེའི་བར་མཚམས་ཀྱི་རྟགས་དེ་དག་ཚང་མའང་ཐིག་གམ་རྟགས་དྲང་མོ་ཞིག་དང་འབྲེལ་བ་རྐྱང་རེད། དྲང་མོ་དང་འབྲེལ་བ་མེད་པའི་དབུ་ཁྱུད་དང་ཚེག་ལ་ཤད་ཅེས་མི་ཟེར། དེས་ན། ཤད་ཀྱང་དྲང་མོར་མར་བསྲངས་པའི་དོན་ཅན་ཏེ་བཤད་དང་དོན་གཅིག་པ་ཡིན་པ་ཤེས་ཐུབ།
དེས་ན་ཡི་གེའི་ནང་། བཤད་མི་འབྲི་བར་ཅིའི་ཕྱིར་ཆིག་ཤད། བཞི་ཤད་ཟེར་ནས་ཤད་བྲིས་པ་རེད་ཟེར་ན། དེ་ནི་ང་ཚོས་བསམ་བློ་གཏོང་གཞི་ཞིག་རེད། དེ་ཡང་བོད་སྐད་ཀྱི་མིང་གི་གྲུབ་སྟངས་ལ་བལྟས་ནས་བསམ་བློ་བཏང་བ་ཡིན་ན་ངེས་པ་ཅུང་ཟད་རྙེད་ཐུབ།
བོད་ཡིག་ནང་སོར་ཡང་གི་འབྲི་ཐབས། འཕྲིན་ཡིག-ཕྲིན་ཡིག ལོ་གསར -ལོ་སར། སྙན་དངགས-སྙན་ངག མི་དམངས-མི་མང་ཟེར་བའི་འབྲི་ཐབས་ལྟར་སྐྲ་བཤད་ལ་སྐྲ་ཤད་ཟེར་ནས་བརྗོད་ཆོག་པ་ལྟ་བུར་སྣང་།
ཡང་གཅིག་བསམ་ཡོང་ན། དྲང་ཤད་ལེ། ཤད་མོ། ཆིག་ཤད་སོགས་ཡི་གེའི་ནང་ད་སྔ་འབྲི་རྒྱུན་བྱུང་ཟིན་པ་འདི་དག་ལ་ཅིག་དཔྱད་པ་ཡིན་ན། ཤད་ནི་བྱ་བྱེད་ཐ་མི་དད་པ་ཞིག་ཡིན་པའི་སྣང་བ་ང་ཚོར་སྟེར། ད་སྔ་འབྲི་ཁྱབ་ཆེར་བྱུང་མེད་པའི་སྐྲ་བཤད་པ་དང་རྒྱུན་བུ་ལག་པའི་ནང་བཤད་པ་ནི། སྐད་ལྟར་ན། བཤད་པ་ཡིན། བཤད་གི་ཡོད། བཤད་རྒྱུ། ཁྱོས་ཤོད་ཟེར་ནས་བྱེད་འབྲེལ་ཡིན་པ་རེད། དེས་ན། བཤད་ནི་བྱེད་འབྲེལ་དང་ཤད་ནི་བྱེད་མེད་ཡིན་པ་ལྟ་བུར་ཡང་སྣང་།
དེ་ལྟར་ཡིན་པའི་དབང་དུ་བཏང་ནའང་། རང་རེའི་བྱ་ཚིག་གིས་གྲུབ་པའི་མིང་མང་པོ་ཞིག་བྱེད་མེད་ལས་ཚིག་་གིས་གྲུབ་ཡོད་པ་ལྟར་འདི་ཡང་དེ་བཞིན་ནོ་ཞེས་ཀྱང་བརྗོད་ཆོག་གོ། དཔེར་ན། ཚིག་གྲུབ། རྗེས་གྲུབ། དངོས་གྲུབ། གྲུབ་ཆ་སོགས་ལ་གྲུབ་འབྲི་བ་ལས་སྒྲུབ་མི་འབྲི། བཀའ་འགྱུར། བསྟན་འགྱུར་ཟེར་ནས་འབྲི་བ་ལས་བསྒྱུར་མི་འབྲི།
ད་དུང་། ཉེས་ཆད། བཀའ་ཆད་ལ་བཅད་མི་འབྲི། འདུམ་འགྲིགས། བར་འདུམ་ལ་སྡུམ་མི་འབྲི། དེ་བཞིན་མཐུན་པོ་ལ་བསྟུན་པོ། ཟེར་ནས་བྱེད་འབྲེལ་མི་འབྲི་བ་བཞིན་འདིར་ཡང་བཤད་ཅེས་པའི་བྱེད་འབྲེལ་གྱི་ལས་ཚིག་འདི་མིང་དུ་གྲུབ་པའི་སྐབས། དྲང་ཤད་ལེ། ཤད་མོ། ཆིག་ཤད་ཟེར་ནས་བྱེད་མེད་ལས་ཚིག་གིས་གྲུབ་པའོ་ཞེས་ཀྱང་བརྗོད་རིགས་སོ།
ད་ཤད་ཀྱི་དོན་དག་མར་དྲང་པོར་བསྲངས་པའི་དོན་ཡིན་པ་ཤེས་པ་ཡིན་ན། ཤད་ཅེས་པ་འདི་མིང་ཅི་འདྲ་ཞིག་ལ་གདགས་འོས་པ་དང་ཅི་འདྲ་ཞིག་མི་འོས་པ་དེ་ཡང་གསལ་པོར་ཤེས་ངེས། མར་དྲང་མོར་བསྲངས་པའི་ཐིག་གམ་རྟགས་གཅིག་ལ་ཆིག་ཤད་དང་། གཉིས་ལ་ཉིས་ཤད། བཞི་ལ་བཞི་ཤད། མགོ་སྦྲུལ་ལྟ་བུ་དང་མཇུག་མར་དྲང་མོར་བསྲངས་ཡོད་པས་སྦྲུལ་ཤད། མགོ་རིན་ཆེན་སྤུངས་བ་ལྟ་བུ་ལ་མཇུག་མར་དྲང་པོར་བསྲངས་པ་ལ་རིན་ཆེན་སྤུངས་ཤད་ཟེར་ནས་བརྗོད་རིགས་ཀྱང་། དབུ་ཁྱུད་དང་ཚེག་ལྟ་བུ་ལ་དེ་ལྟར་མ་ཡིན་ནོ། དབུ་ཁྱུད་དང་ཚེག་གི་སྟེང་ན་མར་དྲང་མོར་བསྲངས་ཡོད་པའི་ཆ་མེདཔའོ། དེ་བས་ན། གོང་གསལ་གྱི་སྒོ་ཁྱིམ་ལའང་ཤད་ཅེས་གདགས་མི་རིགས་སོ། ཁུག་ཤད་ཟེར་ནས་ཁུག་མ་དང་ཤད་གཉིས་བཙན་གྱིས་མཉམསྦྱོར་བྱེད་པའང་རོ་རྒྱབ་ཁུར་ལྟ་བུར་མཐོང་། གུག་ཤད་ཟེར་ན། གུག་དང་ཤད་གཉིས་ལྡོག་ཟླ་ལྟ་བུར་སྣང་ནའང་། དྲང་མོར་བསྲངས་པའི་ཐིག་གམ་རྟགས་གང་ཞིག་ཅུང་ཟད་བཀུག་ཏེ་གུག་ཡོད་པ་ཞིག་ལ་གུག་ཤད་ཅེས་གདགས་མི་རིགས་པ་ནི་མ་ཡིན་ནོ།
ཤད་ཀྱི་སྐྲ་ལོ་ཡང་ཡང་མ་བཤད་ན།།
གདགས་གཞི་རུལ་མའི་སྐྲ་བཞིན་འཛིང་བར་འགྱུར།།
ཟབ་གསལ་ཆེ་མྱུར་ཤེས་རབ་འབྲོང་གི་ལྕེས།།
ནངས་མ་རེ་བཞིན་ཤོད་ལ་འཕྱིང་མ་འཇུག།
དབུས་ཁུལ་དུ་ཤད་ལ་ཚེགས་རིང་དུ་འབོད་པ་ཅུང་རྒྱུན་ལྡན་ཡིན་པ་འདྲ།
ཚེག
བཙན་བྱོལ་བོད་གཞུང་ལ་བཀའ་དྲི་ཞུ་རྒྱུར། དགེ་འདུན་ཆོས་ཀྱི་ཉི་མ་དང་། བྱ་བྲལ་རིན་པོ་ཆེ་གང་དུ་ཡོད།
སྐྱུ་རྩི་ནས་ལགས་ངའི་ལྟོད་ཕད་ནང་དུ་ཡོད། ལབ་སྟངས་འགྲིགས་འདུག་གི
སྐུ་ཞབས་ཀླུ་སྨྱོན་ལགས། ཤད་དང་ཚེག་རིང་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པས་དབུས་ཙམ་དུ་མ་ཟད་ཆོལ་གསུམ་ཚང་མར་རྒྱུན་ལྡན་གྱིས་གཅིག་མཚུངས་རང་རེད།
་་་་་་ཤད་ནི་བྱ་བྱེད་ཐ་མི་དད་པ་ཞིག་ཡིན་པའི་སྣང་བ་ང་ཚོར་སྟེར། ད་སྔ་འབྲི་ཁྱབ་ཆེར་བྱུང་མེད་པའི་སྐྲ་བཤད་པ་དང་རྒྱུན་བུ་ལག་པའི་ནང་བཤད་པ་ནི། སྐད་ལྟར་ན། བཤད་པ་ཡིན། བཤད་གི་ཡོད། བཤད་རྒྱུ། ཁྱོས་ཤོད་ཟེར་ནས་བྱེད་འབྲེལ་ཡིན་པ་རེད། དེས་ན། བཤད་ནི་བྱེད་འབྲེལ་དང་ཤད་ནི་བྱེད་མེད་ཡིན་པ་ལྟ་བུར་ཡང་སྣང་། ་་་་་
མདོ་མཛངས་བླུན་༥༠འི་ཡིག་ཕྲེང་དང་པོར་རྒྱལ་པོ་གསལ་གྱི་བུ་མོ་རྡོ་རྗེའི་ལིའུའི་ནང་ལ།
་་་་། བདག་གིས་སངས་རྒྱས་མཐོང་བས་ལུས་འདི་ལྟ་བུར་གྱུར་ཏོ། ཞེས་གཏམ་ཞིབ་ཏུ་སྨྲས་སོ། །ཆུང་མས་ཡང་སྨྲས་པ། བདག་གི་ཡིད་ད་ནི། བདག་ཡབ་རྒྱལ་པོ་དང་འཕྲད་འདོད་ཀྱི། རྒྱལ་པོ་ལ་བདག་འདི་སྐད་མཆིའོ། །ཞེས་གསོལ་ཅིག །ཁྱོས་ཀྱང་རྒྱལ་པོ་ལ་དེ་བཞིན་གསོལ་ནས་རྒྱལ་པོས་་་་་་་་་་་་་་་་་་
དེས་ན། གོང་དུ་ཁྱོས་ཤོད། ཅེས་པ་འདི་ཁྱོད་ཀྱིས་ཤོད་ལྟ་བུའི་སྐྱེས་བུ་གཉིས་པའི་བྱེད་ཚིག་ལ་ཨ་མདོའི་ཡུལ་སྐད་དང་བྱེད་སྒྲའི་བསྡུས་ཚིག་ལ་གསར་དུ་བཀོལ་ན་ནོར་བ་ཡིན་པའི་ཁུངས་སུ། མཛངས་བླུན་ལས། ཁྱོས་ཀྱང་དེ་བཞིན་དུ་གསོལ་ནས་་་་ ཁྱོ་བོ་དེས་ཀྱང་རྒྱལ་པོ་དེ་བཞིན་དུ་གསོལ་ནས་་་་གོ་དགོས་སྐྱེས་བུ་གསུམ་པར་སྦྱར་གསུངས་པ་འདིས་ཁྱོས་འདི། ཁྱོད་ཀྱིས་ཚབ་ཏུ་ནམ་ཡང་བཀོལ་བ་མི་བྱོའོ། གུག་ཤད་ཀྱི་བཤད་པ་ལ་ནི་བདག་མགུའོ། །
ཡང་དབུས་ཁུལ་དུ་དབུ་མེད་ལ་བཞི་ཤད་མ་ཚད་ཉིས་ཤད་ཀྱང་མེད། ཡང་དབུ་མེད་ལ་ཚེག་ཐུང་དང་། ཚེག་རིང་ཞེས་འབྲི་སྲོལ་དང་། ཤོད་སྲོལ་གཉིས་ཀ་ཡོད་པ་ལས་དབུ་ཅན་ལ་མིན། དཔེར་ན་་ན་དབུ་མེད་ཀྱི་ང་དང་ངའི་ཚེག་དང་ཡང་དེའི་ཚེག་རིང་གསུམ་ཆེ་ཆུང་ཙམ་མ་གཏོགས་སྤུན་མཆེད་ལྟར་ཆ་འདྲ་བར་ཡོད།
འབྲུག་ཡུལ་དུ་ཡིག་དཀར་དབུ་ཅན་ལས་ཡིག་ནག་དབུ་མེད་དར་བཟོ་ཆུང་བ་ལྟར། སྔར་༥༩འི་སྔོན་གྱི་སེ་འབྲས་དགེ་བཤེས་མཁས་དབང་འགས་ཀྱང་དབུ་མེད་འབྲི་ཀློག་མི་ཤེས་པ་ལྟར། མདོ་སྨད་ཁུལ་དུ་ཡང་ཤེས་ཡོན་པ་འགས་དབུ་ཅན་ཙམ་བེད་སྤྱད་ནས་དབུ་མེད་འབྲི་ཀློག་མི་ཤེས་པ་ཡོད་ཚོད་འདུག
ཤད་་་་་་་་་ཅེས་པ་ནི་སྔ་ཕྱིའི་ཚིག་དང་བར་མཚསམ་སོགས་མི་འཁྲུགས་དྲང་པོར་སྲོང་བའི་ཆེད་དུ་ཤད་འབྲི་སྲོལ་དར་བ་ཡིན་ནམ་སྙམ།
དེ་ཡང་གཡུང་དྲུང་ཚིག་བར་བདུན་ནས་བཅོ་ལྔའི་བར།
གཡུང་དྲུང་ཤད་བར་གཅིག གཡུང་དྲུང་ཤད་བར་བཞི་ལ་ཤོ་ལོ་ཀ་གཅིག
ཤོ་ལོ་ཀ་གསུམ་ལ་མི་ཡི་དག་ཚིག་གཅིག མི་ཡི་དག་ཚིག་གསུམ་ལ། ་མཁྱེན་ཚིག་གཅིག གཤེན་རབ་ཀྱི་མཁྱེན་ཚིག་གཅིག་གསུམ་ལ། གཡུང་དྲུང་བོན་གྱི་སྡོམ་ཚིག་གཅིག
ཅེས་བཤད་པར་མཐོང། དེས་ན་འདི་དག་གི་གོ་དོན་ནི་ཚིག་གོང་འོག་མི་འཁྲུགས་པ་དང་གོང་འོག་གི་བརྗོད་དོན་མི་འདྲེས་པ་ལས་སོགས་ཀྱི་རྒྱུ་མཚན་ཡིན་ནམ་སྙམ།
སྤྱིར་ཤད་ཅེས་པ་ནི་་་་་བཤད་་་་ལྟ་བུའི་གོ་དོན་མིན་པར། ་ཤད་ཅེས་གོ་བ་ཡིན་དེ་ལ་བསྒྱུར་བཅོས་དང་གོ་དོན་གཞན་ཞིག་ལེན་དགོས་པ་གང་ཡང་མཐོང་གི་མི་འདུག
ཤད་ཅེས་པ་་་དྲང་པོར་སྲོང་པ་ལ་གོ་བ་ཡིན་པ་ནི། དཔེར་ན། ལུས་འཁྱོག་པོ་མིན་པར་ཤད་ཀྱིས་ཡར་ལངས་ཞེས་པ་དང། སྡར་མིའི་པང་དུ་སྦྲུལ་བཞུགས་པར་ཤད་ཀྱིས་ལངས་སོང་ཟེར་བ་ལྟ་བུ་རེད།
མ་གཞི་ནས་རྒན་ལ་དྭགས་ལགས་ཀྱིས་་་་ཤད་་་་དེ་ཡང་་ཐོག་མར་རྒྱ་གར་ནས་དར་བ་ཡིན་པ་ལས་སོགས་ཀྱི་ཁུངས་འདྲ་ཡོད་ན་གསུང་ན་བློ་བསྐྱེད་ཡོང་རེ་མཆིས།
གུག་ཤད་དང་། ཤད་གུག་གཉིས་གང་ཐད་་དམ།
ངམ་རིང་བློ་བསྟན་ཚིག་མཛོད་ཆེན་མོ་ལས། ཤད་གུག གསལ་ཁ་གདོན་དགོས་པའི་མིང་ཚིག་སོགས་འཇུག་སའི་གུག་རྟགས། ཞེས་གསལ།
ང་ཚོད་ནོར། ང་ཚོས་སུ་བཅོ།
སོར་ཡང་ནོར། ཟོར་ཡང་ལ་བཅོ།
ཁྱོས་ནི་ཁ་སྐད་དེ་ཁྱོད་ཀྱིས་ཞེས་པའི་བསྡུས་ཚིག
གུག་ཤད་དང་ཤད་གུག་གཉིས་ལས་གང་འཐད་དམ་ཟེར་ན། དེ་ནི་ལན་འདེབས་ཁག་སེ་བ་ཞིག་རེད། འདི་ནི་རྒྱན་ཚིག་མིང་གི་རྗེས་སུ་སྦྱོར་དགོས་པ་རེད་དམ་སྔོན་ལ་སྦྱོར་དགོས་པའི་དྲི་བ་དེ་ལ་ཐུག་འདུག ང་ཚོས་སྔོན་མ་ཞིག་ལ་ཡང་བགྲོ་གླེང་གནང་བ་དྲན།
ངས་བལྟས་ན། བོད་སྤྱི་ཡོངས་ཀྱི་བརྡ་སྤྲོད་ཀྱི་འགྲོ་སྟངས་ལྟར་བྱས་ན། རྒྱན་ཚིག་མིང་གི་རྗེས་སུ་སྦྱོར་དགོས་པ་ཞིག་རེད། གསུང་རྩོམ་གང་ཞིག་ལ་བལྟས་ནའང་མང་ཆེ་བས་རྒྱན་ཚིག་མིང་གི་རྗེས་སུ་སྦྱར་ཡོད་པ་རྐྱང་རེད། ཡང་རྒྱན་ཚིག་འགའ་རེ་མིང་གི་སྔོན་ལ་སྦྱོར་དགོས་པ་ནག་ཁྱིམ། ནག་རྩིས་ལྟ་བུ་རེ་ཟུང་ཡོད་པ་རེད། དེ་ལ་ཁྱིམ་ནག རྩིས་ནག་ཟེར་ན་ཁྱད་མཚར་པོ་དང་དོན་དག་གོ་ལོག་ཏུ་འགྲོ་གི་ཡོད་པས་རེད། ད་དུང་། འཁྱུག་ཡིག དཀྱོག་ལམ་རྒྱན་ཚིག་མིང་གི་སྔོན་ལ་མ་སྦྱར་ན་བདེ་བོ་མིན་པ་འདི་འདྲའང་། དེ་མིན་རྒྱན་ཚིག་ཕལ་ཆེ་བ་མིང་གི་སྔོན་ལ་སྦྱོར་བ་འདི་ནི་བོད་སྤྱི་བྱིངས་ཀྱི་སྐད་རེད། དེ་ལྟར་ཀྱང་། འགའ་རེས། ལུང་ཚན་གྱི་སྐད་བྱེ་བྲག་པ་རེ་ལ་གཞི་བཅོལ་ནས་མིང་གི་སྔོན་ལ་རྒྱན་ཚིག་སྦྱར་བ་མང་པོ་མཐོང་རྒྱུ་འདུག དེ་ཡང་དབུས་གཙང་གི་ཁོངས་ནས་ཡོང་གི་འདུག ཕལ་ཆེར་སྟོད་ཕྱོགས་སུ་ཤུགས་ཆེ་བ་མ་རེད་དམ། གསལ་བོར་མི་ཤེས། དེ་ནི་ལུང་པ་ཞིག་གི་སྐད་ཀྱི་འགྲོ་སྟངས་ཡིན་པས་མ་འགྲིགས་པ་རེད་ཟེར་མི་ཐུབ། འདི་རིགས་ནི་ང་ལ་མཚོན་ན། རྒྱ་སྐད་དང་དབྱིན་སྐད་ལྟ་བུ་སྐད་གཞན་ཞིག་གི་སྣང་བ་སྟེར་གྱི་འདུག
དེ་མིན་ད་དུང་། ང་ཚོར་མི་མཐུན་ས་གཞན་ཞིག་ནི། བྱེད་ལས་ཙམ་དང་འབྲེལ་ནའང་བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་བྱ་བྱེད་ཐ་མི་དད་པ་སྟེ། སད། ལངས། འགྲོ ཉལ། གཉིད། མཆོངས། བརྒྱགས། སྐོམ། ལྟོགས་ཀྱིས་མཚོན་འདི་རིགས་ལ། ངས་ལངས། དོམ་གྱིས་མཆོངས་ཟེར་ནས་བྲིས་པ་གང་སར་མཐོང་རྒྱུ་འདུག་པ་འདི་རིགས་ཀྱང་བོད་སྤྱི་བྱིངས་ཀྱི་བརྡ་སྤྲོད་འགྲོ་སྟངས་དང་མཐུན་པ་མི་འདུག་ཀྱང་། གནའ་སྔ་མོ་ནས་ད་ལྟ་བར་འབྲི་མཁན་གང་མཚམས་ཤིག་ཐོན་ཡོང་གི་ཡོད་པ་འདི་དག་ཀྱང་ལུང་པ་ཞིག་གི་སྐད་ལ་གཞི་བཅོལ་ཡོད་པ་འདྲ་བས་དེ་ཡང་འགྲིགས་མིན་བཤད་དཀའོ།
ཤད་ཀྱི་སྒྲ་བཤད་ལ་ཞིབ་གསལ་རྟོག་དཔྱོད་མ་བྱུང་ཡང་། ད་ལན་གྱི་ཤད་ཀྱི་སྐོར་ལ་བགྲོ་གླེང་དང་། སྤྱིར་བཏང་ཁ་རྒྱུན་ལྟར་ན། སྐྲ་བཟོ་བྱེད་ཀྱི་ཡོ་བྱད་ལ། ལ་དྭགས་པས་སོ་མངས་དང་། དབུས་གཙང་པས་སྐྲ་བཤད། ཅེས་པ་ཐོས་མྱོང་བས། སྦྱར་ནས་འཐེན་པའི་དོན་ལ་གོ་བ་ལྟར་འདུག་པས། ཡི་གེའི་བརྗོད་མཚམས་ཀྱི་ཤད་དེ་ལ་ཡང་སྦྱར་ནས་གོང་ནས་མར་འཐོན་པ་ལ། ཤད། ཆགས་པ་ལྟ་བུར་སྣང་།
(ཇ) རྟགས་འདི་སོགས་མཚན་རིག་གི་སྒོ་ནས་ནུབ་ཕྱོགས་པའི་སྐད་ཡིག་དག་བཀོལ་བར་མ་ཟད་ལེགས་སྦྱར་དང་ཧིན་སྐད་སོགས་སུ་བཀོལ་སྤྱོད་བྱེད། དེ་ཡང་bracket ཅེས་པ་ལེགས་སྦྱར་དང་ཧིནད་སྐད་དུ། koshthaka མཛོད་པ་ཞེས་བསྒྱུར་པ་ལ་བདག་གིས་བོད་སྐད་དུ། དང་པོ་ཁུག་ཤད་ཅེས་བཤད་ཀྱང་། གཅིག་ན་ཁུག་དང་གུག་ནོར་དོགས་ཀྱིས། ཤད་ཁུག ཅེས་བཀོད། དེ་ཡང་ སྒོ་ཁྱིམ་ཞེས་པ་ཐོས། འདི་ཉིད་[]རྟགས་འདི་ལ་མཚུངས་པར་མཐོང་། འདི་འདྲ་ལ་དཔྱད་པ་བྱེད་པ་གཅིག་ན་དོན་་ཆུང་དང་། གཅིག་ན་བོད་ཀྱི་སྐད་ཡིག་གི་ཞབས་འདེགས་སུ་འགྱུར་ངེས། སོ་སོའི་འདུན་པ་ལ་རག་ལས་སོ།།
འཐོན་པ་ལ་ཞེས་པར་འཐེན་པ་ལ་ཞེས་ཀློག་པར་མཛོད།
༡༠༽ མདའ་ཚན་པ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡ གི་ཆུ་ཚོད་ ༡༥ སྐར་མ་ ༢༨
ང་ཚོད་ནོར། ང་ཚོས་སུ་བཅོ།
སོར་ཡང་ནོར། ཟོར་ཡང་ལ་བཅོ།
ཁྱོས་ནི་ཁ་སྐད་དེ་ཁྱོད་ཀྱིས་ཞེས་པའི་བསྡུས་ཚིག
མདོ་མཛངས་བླུན་༥༠འི་ཡིག་ཕྲེང་དང་པོར་རྒྱལ་པོ་གསལ་གྱི་བུ་མོ་རྡོ་རྗེའི་ལིའུའི་ནང་ལ།
་་་་། བདག་གིས་སངས་རྒྱས་མཐོང་བས་ལུས་འདི་ལྟ་བུར་གྱུར་ཏོ། ཞེས་གཏམ་ཞིབ་ཏུ་སྨྲས་སོ། །ཆུང་མས་ཡང་སྨྲས་པ། བདག་གི་ཡིད་ད་ནི། བདག་ཡབ་རྒྱལ་པོ་དང་འཕྲད་འདོད་ཀྱི། རྒྱལ་པོ་ལ་བདག་འདི་སྐད་མཆིའོ། །ཞེས་གསོལ་ཅིག །ཁྱོས་ཀྱང་རྒྱལ་པོ་ལ་དེ་བཞིན་གསོལ་ནས་རྒྱལ་པོས་་་་་་་་་་་་་་་་་་ཞེས་པ་འདིས་ཁ་སྐད་ལ་ཡང་ཁྱོད་ཀྱིས་ཚབ་ཏུ་བེད་སྤྱད་མི་རུང་བ་ཞུ་འབུལ་བྱས་ཟིན་ནོ། མདའ་ཚན་ལགས།
ཐུགས་རྗེ་ཆེ་རྒན་མཚའ་ཚན་པ་ལགས། དངོས་གནས་རིག་པའི་བུ་ཞིག་རེད་འདུག
མདོ་གཅོད་ཤད་ལ་དཀར་ཤད་དང། ནག་ཤད་ཚེག་ཤད་དྲག་ཤད་དང། སྦྲུལ་ཤད་བཀྱོག་ཤད་དང་དྲུག་དབྱེ། གསུངས་པ་ཞིག་ཀྱང་འདུག། ཤད་ཡིན་ཚད་སྐྲ་བཤད་འདྲ་པོ་ཡིན་པའི་ངེས་པ་ཡོད་ས་མ་རེད། དཔེར་ན་དྲག་ཤད་ནི་འདི་ལྟར་རེད་༔
རྒྱན་ཚིག་མིང་གི་རྗེས་སུ་སྦྱོར་སྲོལ་འདི་གནའ་བོའི་མཁས་པ་དང་བརྡ་སྤྲོད་པ་བོད་ཆོལ་གསུམ་གྱི་སྐད་ཆའི་གཤིས་ལུགས་བཅས་ཡིན་པ་རེད།དེ་དམིགས་བསལ་སྟོད་ཕྱོགས་ཀྱི་ལུང་སྐད་ཅིག་མ་རེད་སྙམ།དཔེར་ན་སྟོད་ཀྱི་མཁས་པ་སྔ་མ་ཉི་ཟླ་ལྟ་བུ་ཚོའི་གསུང་ལ་གཟིགས་དང་དེ་འདྲ་བོད་སྤྱིའི་སྐད་ལུགས་དང་མི་མཐུན་པ་ཞིག་མི་འདུག་ལགས།འོན་ཀྱང་།གུས་པ་སོ་སོའི་ཉམས་མྱོང་གི་སྟེང་ནས་བསམ་ན་རྒྱན་ཚིག་མིང་སྔོན་ལ་སྦྱར་རྒྱུ་དེ་བོད་མ་ཤོར་གོང་གི་སྐུ་དྲག་ཨིན་ཡིག་ཅུང་ཤེས་མཁན་ཚོས་དཔེ་གསར་བྱས་ཏེ་དར་སྲོལ་གནང་བ་ཅིག་རེད་སྙམ།མི་བདེན་ན་དེ་སྔའི་གཞུང་ཡིག་ཁག་དང་སྐུ་དྲག་ཚོའི་སྒེར་གྱི་ལོ་རྒྱུས་བཅས་ལ་གཟིགས་དང་དེ་ཉིད་ཅིག་བསྟན་འདུག་གོ།།
དེའང་མདོར་བསྡུས་ནས་བཤད་ན་དེང་གི་རྒྱལ་སྤྱིའི་ཡིག་རྟགས་()འདི་ཅན་རྣམས་དེ་སྔ་རང་རེའི་བརྡ་སྤྲོད་པའི་ནང་དུ་མ་བསྟན་པས།ད་ཆ་རང་རེས་དུས་འགྲོས་དང་བསྟུན་ཏེ་འདི་རྣམས་ལ་བོད་རང་སྐད་དང་མཐུན་ཆེས་ཐ་སྙད་རེ་སྦྱར་དགོས་པར་སྣང་ལ།འདི་ལ་()སྒོར་ཁྱིམ་དང་་[]འདི་ལ་ཟུར་ཁྱིམ།“”འདི་ལ་མདའ་ཁྱིམ་སོགས་འབོད་རུང་བར་བསམས།
ཁྱོས་ནི་ཁ་སྐད་དེ་ཁྱོད་ཀྱིས་ཞེས་པའི་བསྡུས་ཚིག
མདོ་མཛངས་བླུན་༥༠འི་ཡིག་ཕྲེང་དང་པོར་རྒྱལ་པོ་གསལ་གྱི་བུ་མོ་རྡོ་རྗེའི་ལིའུའི་ནང་ལ།
་་་་། བདག་གིས་སངས་རྒྱས་མཐོང་བས་ལུས་འདི་ལྟ་བུར་གྱུར་ཏོ། ཞེས་གཏམ་ཞིབ་ཏུ་སྨྲས་སོ། །ཆུང་མས་ཡང་སྨྲས་པ། བདག་གི་ཡིད་ད་ནི། བདག་ཡབ་རྒྱལ་པོ་དང་འཕྲད་འདོད་ཀྱི། རྒྱལ་པོ་ལ་བདག་འདི་སྐད་མཆིའོ། །ཞེས་གསོལ་ཅིག །ཁྱོས་ཀྱང་རྒྱལ་པོ་ལ་དེ་བཞིན་གསོལ་ནས་རྒྱལ་པོས་་་་་་་་་་་་་་་་་་ཞེས་པ་འདིས་ཁ་སྐད་ལ་ཡང་ཁྱོད་ཀྱིས་ཚབ་ཏུ་བེད་སྤྱད་མི་རུང་བ་ཞུ་འབུལ་བྱས་ཟིན་ནོ། མདའ་ཚན་པ་ནས།
ཁྱེད་གཉིས་ཀྱི་བར་དུ་འདིར་རྙོག་དྲ་ཞིག་འདུག མདོ་མཛངས་བླུན་ན་ཡོད་པའི། ཁྱོས། ཞེས་པ་ནི། ཁྱོ་ལ་ས་ཡིག་སྦྱར་སྟེ། བརྗོད་པ་དེ་ཡི་་བྱེད་པ་་པོ་ལ་གོ་དགོས། ཁྱོ་ལ་ཁྱོ་ག་ཞེས་རང་རེའི་ཁ་སྐད་དུ་ཡང་བཀོལ།
ངེད་གཉིས་ཀྱི་བར་ན་རྙོག་དྲ་ཅང་མི་འདུག ངས་གོང་རྩོམ་ནང་ཁྱོས་བྲིས་ཡོད་པ་དེ་ཁ་སྐད་དེ་ཁྱོད་ཀྱིས་ཞེས་པའི་བསྡུས་ཚིག་ཡིན་ཞེས་གསལ་བཤད་བྱས་ཡོད།
ཀརྡོས་མདོ་མཛངས་བླུན་ནང་གི་ཁྱོས་ཟེར་བ་ཁྱོ་ག་ཡིས་ཟེར་བའི་དོན་ཡིན་པ་གསལ་བཤད་གནང་འདུག གསལ་བཤད་མ་བྱས་ཀྱང་དེ་གཉིས་བར་ཕལ་ཆེར་ནོར་ས་མེད་པར་མཐོང་།
རྒན་ལ་དྭགས་པ་ལགས།
ཁྱེད་ཀྱིས་གཞན་གྱི་བྲིས་པ་ལ་ཞུ་དག་སྔ་ཕྱིར་གནང་བཞིན་པ་དེ་ལེགས་པར་མཐོང་། བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག་ཞུ་བར་བྱ་བ་གཞན་ཞིག་ནི། ཁྱེད་རང་གི་མཆན་སྔོན་མ་ཚོ་རེ་རེའི་ནང་ཡིག་ནོར་སྔ་ཕྱིར་ཡོང་གི་འདུག་པ་དེ་དག་ཕལ་ཆེར་བྲིས་ནོར་ཡིན་རྒྱུ་རེད་བསམ་ཡོད།
ད་འདིར་གླེང་འདོད་པ་ཞིག་ནི། ཁྱེད་ཀྱིས་དུས་འཁྲུགས་ས་མཐའ་ཅན་འདི་ཐེངས་གཉིས་བྲིས་སོང་ལ། སོ་མངས། མི་མངས་ཟེར་ནས་མང་ས་མཐའ་ཅན་འདི་ཡང་ཐེངས་གཉིས་ལ་བྲིས་སོང་། སྤྱིར་འཁྲུགས་ས་མཐའ་ཅན་འདི་འཁྲུག་གི་དུས་འདས་པར་འཇུག་པ་འདུག་ཀྱང་ད་བར་ཡོངས་གྲགས་སུ་འབྲི་བཞིན་པ་ནི། དམག་འཁྲུག དུས་འཁྲུག འཁྲུག་རྩོད། ཅེས་ས་མི་འབྲི་ཡང་ཁྱེད་ཀྱིས་ཨུ་ཚུགས་ཀྱིས་ས་མཐའ་འབྲི་དགོས་པ་དེ་ཅི་ཡིན་ནམ།
ཡང་། མང-མངས། ཉུང-ཉུངས། རིང-རིངས། ཐུང-ཐུངས། བཟང-བཟངས ཞེས་འབྲི་རྒྱུན་ཡོད་པ་མ་ཟད་མཁས་དབང་འགའ་རེས་གསུང་ལྟར་ན། མང་དང་མངས་གཉིས་ཡོངས་སུ་དོན་གཅིག་པ་མིན་པར་མང་བ་དང་དེ་ལས་ཀྱང་མངས་ཞེས་འགྲེལ་ཡོད་བསམ།
ལ་དྭགས་ཀྱི་དྭགས་ལ་བ་ཟུར་འབྲི་བ་ནི་ད་དགའ་ས་-དགས་ལ་མི་ནོར་པའི་ཆེད་དང་། འགའ་རེས་རྒྱུད་མང་ཞེས་ས་མཐའ་དོར་ནས་འབྲི་བའང་མ་མངའ་ས་-མངས་ཞེས་མི་ནོར་བའི་ཆེད་དུ་ཡིན་པར་གསུངས། གང་ལྟར། གོང་གསལ་གྱི་ས་མཐའ་དེ་ཚོ་དོར་ནས་འབྲི་བ་དེ་ད་ལྟ་ཡོངས་གྲགས་ལྟ་བུར་འདུག་ལ་དེར་མ་འགྲིགས་པའང་མི་འདུག་སྙམ། ལྷག་པར་དུ། མི་མང་ལ་མི་མངས་ཞེས་ས་མཐའ་འབྲི་མཁན་ཞིག་བརྒྱ་ལམ་ན་ཡོད་རེ་སྐན། སྔོན་མའི་དུས་སུ་འབྲི་ཐབས་མི་འདྲ་བ་གང་ཞིག་ལ་ད་ལྟ་གཅིག་གྱུར་ཆགས་ཚར་བ་ཞིག་ལ་ཁུངས་བྱེ་བྲག་པ་རེ་ལ་གཞི་བཅོལ་ནས་མི་མཐུན་པ་འབྲི་དགོས་པ་དེ་ཡང་ཅི་ཡི་ཕྱིར་ཡིན་ནམ།
དེ་མིན་མགོ་ཁྲིད་ཀྱི་མགོ་ལ་ཁྱེད་ལྟར་འ་འགོ་དང་མ་མགོ་འབྲི་མཁན་གཉིས་ཀ་འདུག དངོས་སུ་ན། ལུས་ཀྱི་མགོ། མགོ་མཇུག མགོ་རྔ་བར་གསུམ་ཞེས་མགོ་འབྲི་བ་ལྟར་མགོ་ཁྲིད་ཀྱི་མགོ་ཡང་མ་མགོ་ཅན་འདི་རང་ལེགས་པར་མཐོང་།
འགོ་ནི་ནད་འགོ་བ་དང་རི་མགོར་འགོ་བ་ལ་འཇུག་པས་མགོ་ཁྲིད་དང་འབྲེལ་བ་མེད་པའི་འ་འགོའི་འགོས་ནད་འདིའང་འདོར་བར་རིགས་སོ་ཞེས་ཀྱང་སྨྲའོ།
བཤད་རྒྱུ་གཞན་ཞིག་ནི། ཁྱེད་རང་གིས་དག་ཆ་རེའི་ཁུངས་བཤད་སྐབས་བཀའ་འགྱུར་དང་བསྟན་འགྱུར་ཟེར་ནས་སྦོམ་བཤད་རི་འདྲ་བ་རེ་གནང་ཡོང་སྐབས་ང་ལྟ་བུ་རྦད་དེ་མགོ་བོ་འཁྲུགས་པར་འགྱུར་བས་ཁུངས་དེ་ལོ་ཙྰ་བ་དང་མཁས་པ། དག་ཡིག་གང་ཡིན་མིན་གྱི་ཁུངས་གསལ་བར་སྟོན་པ་ཡིན་ན་ང་ཚོས་བགྲོ་གླེང་བྱེད་པར་སྟབས་བདེ། དེ་མིན་རྒྱ་ཆེ་བའི་བཀའ་བསྟན་ནང་། དག་ཆ་མི་འདྲ་བ། དུས་གསུམ་གྱི་ཁྱད་པར་མི་འདྲ་བ་དུ་མ་ཞིག་ཡོད་པར་མཐོང་། ཁ་དྲོ། ཚེ་རིང་།
མདའ་ཚན་པའི་རྩོད་པ་ལ། རྒན་འཇམ་དཔལ་ལགས་ཀྱི་ལན་འདེབས་བསྒུགས་ནས་བསྡད་ཡོད་ལགས།
མདའ་མཚན་པ་ལེགས་དང་། ཀརྡོ་གཉེར་ཕྱག་པ་མཆོག་ལ།
སྔར་གྱི་མེས་པོའི་ཡིག་ཆ་དག་ཡར་གསོ་དགོས་པ་ལ། དིང་སང་བོད་ཤར་ཕྱོགས་ཀྱི་ལྗོངས་རྣམས་ཀྱི་འདོན་པ་པོ་ལ་ས་སོགས་རྗེས་འཇུག་མང་པོ་ངག་ཏུ་འཐོན་པ་དཀའ། དེས་ན་བདག་རང་གི་སྐྱེ་ཡུལ་བོད་ནུབ་ལྗོངས་་དབེན་པ་རུ་སྔར་གྱི་འབོད་ཚུལ་ལུས་ཡོད་པ་དེ་དག་ཡི་གེར་དགོད་ན་བོད་ཀྱི་སྐད་སྤྱི་ལ་ཕན་པའི་རེ་བས་འབྲི་བ་དང་། དེ་བཞིན་གཞན་རྣམ་དཔྱོད་ལྡན་པ་དག་གིས་ཀྱང་མཛོད་ཅེས་ཞུ་བ་ལགས། ཉེ་དུས་བདག་གིས་ཞུས་དག་ཅེས་བྲིས་པ་ལ་དྲ་གྲོགས་གཞན་ཞིག་གིས་དེ་ཉིད་དག་མི་འདུག ཞུ་དག་ཅེས་བཅོས་འདུག དེ་ནི་བོད་རིག་གཞུང་གི་རྒྱ་མཚོ་མ་མཐོང་བར་ཁ་སྐད་ཀྱི་ཁྲོན་པའི་སྦལ་པའི་གཏམ་དཔེ་ལྟར་སྣང་། ཞུས་དག་ཅེས་བྲིས་པ་ནི་བདག་རང་གི་ཁ་ནས་ཀྱང་འཐོན་ཅིང་། བོད་གངས་ཅན་གྱི་མཁས་པའི་གསུང་འབུམ་དག་ན་ཡང་ཡོད་དེ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་རྣམ་ཐར། རྒྱལ་བ་སྐུ་འཕྲེང་བརྒྱད་པ། འཇམ་དཔལ་རྒྱ་མཚོས་བྲིས་པ། ཤོག་ ༡༣༥ དང་། རོང་ཟོམ་གསུང་འབུམ་དཀར་ཆག འཇུ་མི་ཕམ་གྱིས་བྲིས་པ། ཤོག་ ༡༣ དག་ན་ཡང་གསལ། འཁྲུགས། ཞེས་པ་ཡང། ཡོངས་རྣམ། ཤོག་༡༤༠པར་གཟིགས
སོ་མངས། མི་མངས་ཟེར་ནས་མང་ས་མཐའ་ཅན་འདི་ཡང་ཐེངས་གཉིས་ལ་བྲིས་སོང་། འདི་དག་གི་སྒྲ་བཤད་སྔོན་དུ་བྲིས་པ་ཡིན། ཁུངས་དགོས་ན། རྗེས་སུ་འབུལ་ཆོག་གོ །
རྒན་ལ་དྭགས་པ་ལགས།
ངས་གོང་དུ། བཀའ་འགྱུར་བསྟན་འགྱུར་ཟེར་ནས་སྦོམ་བཤད་མིན་པར་ཁུངས་གསལ་བོར་བྲིས་ན་བགྲོ་གླེང་བྱེད་བདེ་བའི་ཁྱད་པར་འདུག་ཅེས་ཞུས་པ་ལྟར། ཉིད་ནས་ཞུས་དག་དང་འཁྲུགས་ཀྱི་ཁུངས་བྲིས་པར་ཐུགས་རྗེ་ཆེ་ཞུ།
སོ་མངས་དང་མི་མངས་ཀྱི་ཁུངས་ཀྱང་རྗེས་སུ་འབུལ་ཆོག་གསུངས་འདུག་ཀྱང་དེ་གཉིས་ཀྱི་ཁུངས་མ་གནང་ཡང་ཆོག་པ་འདུག
གསལ་བཤད་ཅིག་ལ། ངས་གོང་གི་མཆན་འབྲི་དགོས་པའི་དམིགས་ཡུལ་གཙོ་བོ་དེ། ཁྱེད་རང་ལ་ཁུངས་མི་འདུག ཁུངས་ཁྱེར་ཤོག་ཟེར་གྱི་མེད་ཀྱང་ཁུངས་དྲངས་སྐབས་སྦོམ་བཤད་མིན་པར་གསལ་བོར་དྲངས་ཐུབ་ན་ལེགས་པར་མཐོང་།
གཙོ་བོ་དེ། ཁུངས་བྱེ་བྲག་པ་རེ་ལ་གཞི་བཅོལ་ནས། ད་སྔ་དག་ཆ་འབྲི་སྟངས་ཐད་ཡོངས་གྲགས་ཡིན་པ་དང་གཅིག་གྱུར་ཆགས་ཟིན་པ་དེ་ཚོ་དང་མི་མཐུན་པ་བྲིས་ཡོང་བ་དེའི་སྐོར་ལ་ཡིན། དེ་ལ་དགོངས་ཚུལ་ཞིག་གསུང་རོགས་གནང་། དེ་ནི་མ་འོངས་པར་ང་ཚོས་དག་ཆ་འབྲི་སྟངས་གཅིག་གྱུར་ཡོང་བར་ཕན་ཐོགས་ཆེན་པོ་རེད། དེ་མིན་མི་རེ་རེ་ནས་ཁུངས་རེ་བཟུང་ནས་འབྲི་དགོས་བྱུང་ན་དག་ཆ་འབྲི་སྟངས་ཐད་ཀྱང་ལུགས་འདྲ་མིན་ཞིག་ཡོང་གི་མ་རེད་དམ།
འདིར་ངའི་བསམ་ཚུལ་གཙོ་བོ་ནི་ཡོངས་གྲགས་ཆགས་ཟིན་པ་དང་གཅིག་གྱུར་ཆགས་ཟིན་པ་དེ་ཚོར་བརྩི་འཇོག་དང་ལག་ལེན་མུ་མཐུད་བྱེད་དགོས་པར་མཐོང་བ་དེ་ཡིན། ཉིད་ཀྱིས་ཀྱང་དེའི་སྐོར་ལ་དགོངས་ཚུལ་གསུང་ཐུབ་ན་ལེགས་པར་མཐོང་ངོ།
ལ་དྭགས་ཞེས་པར་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་མཛད་པའི་ལམ་རིམ་བླ་བརྒྱུད་ན། ལ་འཐག ཅེས་པ་དྲན། ཐང་སྟོང་རྒྱལ་པོའི་རྣམ་ཐར་སོགས་ན། མར་ཡུལ་ཞེས་པ་གསལ། ཐང་སན་བླ་མའི་རྒྱ་གར་གནས་བཤད་ན་ཡང་། ཡུལ་ཀུ་ལུ་ཏའི་བྱང་ཕྱོགས་ན་བགྲོད་དཀའ་བའི་མར་ཡུལ་ཞེས་པ་ཡོད། ད་ལྟའི་ལ་དྭགས་ཞེས་པ་རྒྱ་གར་རང་དབང་གི་རྗེས་སུ། ཟངས་ཀར་གནུབས་རྭ་སོགས་ཀྱང་། ལ་དྭགས་ཀྱི་ཁུངས་སུ་བཅུག་སྟེ། དེ་དག་ལ་ཡང་ད་ལྟ་ལ་དྭགས་ཟེར། ལ་དྭགས་ཀྱི་སྒྲ་བཤད་ཚད་ཐུབ་ཅིག་མེད། ལ་དྭགས་ཞེས་པ་བཀའ་འགྱུར་ན། ཚིག་ལ་དྭགས་སོ། ཞེས་པ་ཡོད་པ་དེ་བླངས་ཏེ། མ་དག་རྒྱུན་འབྱམས་སུ་སོང་བ་ཞིག་ཡིན་པར་བསམ། འོན་ཀྱང་། མར་ཡུལ་དང་། མང་ཡུལ་གཉིས་མ་ནོར་བ་གལ་ཆེ། གཉིས་ཀ་ཡུལ་སོ་སོ་ཡིན་པ་དེ་ཡང་། ཐང་སྟོང་རྣམ་ཐར་ན་གསལ་ལོ།།
ལ་དྭགས་བློ་བཟང་འཇམ་དཔལ་ལེགས།
བོན་པོའི་འདུལ་ཆོག་གི་སྨོན་ལམ་ཞིག་ནང་འདི་ལྟར་གསུངས་འདུག།
མེ་ཏོག་ནང་ནས་ཨུ་དུ་འབར་བ་དང། སྨན་གྱི་ནང་ནས་རྣམ་པར་རྒྱལ་བ་དང།
རིན་ཆེན་ནང་ནས་མར་ཞི་གསེར་བཞིན་དུ། འདུལ་བའི་ནང་ནས་བདག་ཉིད་མཆོག་འཛིན་ཤོག།།
གང་དག་སེམས་ཅན་དམིགས་པའི་སྣང་ཡུལ་དུ། ཏིང་ཞི་དངུལ་གྱི་མན་ཌལ་དབྱིབས་ལེགས་ལ།
མར་ཞི་གསེར་གྱི་མཆོད་རྟེན་གཏམས་པ་ལྟར། ཀུན་གྱི་མཆོད་གནས་བཀུར་བའི་ཞིང་དུ་ཤོག།།
འདི་འདྲ་ཞིག་གསུངས་པ་འདུག་པས་སྔོན་མ་ཞིག་ལ་་་མར་ཡུལ་་་ཞེས་པ་དེ་་གསེར་ཡུལ་་་ལམ་གསེར་མང་པོ་ཐོན་ཡུལ་ཞིག་ལ་གོ་བ་རེད་ཟེར་ཐོས་མྱོང། ཡང་ཞང་ཞུང་སྐད་དུ་་་མར་ཞི་་་ནི་གསེར་དང་་་ཏིང་ཞི་་་ནི་དངུལ་ལ་་གོ་བ་རེད་ཟེར་མཁན་འདུག། ལ་དྭགས་ནས་གསེར་མང་པོ་ཐོན་མྱོང་བའི་ལོ་རྒྱུས་ཡོད་དམ། ཞང་ཞུང་གི་ལོ་རྒྱུས་ནི་ཡོད་ཡོད་ཁ་རེད་བ།
ཤད་ཀྱི་འཕྲོས་གླེང་འབྲོང་ལྕེ་སྐམ་པོ་འདིའི་ནང་ཞིབ་དཔྱད་བློ་ལ་བབ་པོ་གནང་འདུག་པས་ཐུགས་རྗེ་ཆེ་ཞུ་བ་ལགས། གོང་དུ་གླེང་མོལ་གནང་བའི་ནང་ཞུ་དག་དང་ཞུས་དག་གཉིས་གང་ཞིག་སྤྱོད་དགོས་མིན་དང་གང་ཞིག་དག་པ་ཡིན་མིན་སྐོར་གླེང་འདུག དེ་ནི་ཞུ་དག་དང་ཞུས་དག་གང་ལྟར་བྲིས་ཀྱང་ཆོག་སྟེ་འབྲི་སྲོལ་མི་འདྲ་བ་རྣམ་པ་གཉིས་ཡིན་པ་ཡོངས་གྲགས་རེད། བོད་ཡིག་གི་དག་ཆ་ཁག་ཅིག་ལ་འབྲི་སྲོལ་མི་འདྲ་བ་གཉིས་རེ་ཡོད་པ་དུ་མ་ཞིག་ཡོད་པ་དང་དེ་དག་ད་བར་བཀོལ་སྤྱོད་མཁན་གྱི་རང་མོས་ལྟར་སྤྱོད་བཞིན་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་རོ།། ༼འདི་དོན་བོད་རྒྱ་ཚིག་མཛོད་ཆེན་མོ་གཟིགས་དང་མཁྱེན་ངེས།༽ཡིན་ནའང་འདིའི་དོན་འབྲི་སྲོལ་མི་འདྲ་བ་གསར་པ་གང་བྱུང་བཟོ་དགོས་པའི་དོན་མིན་པ་དགོངས་ཆུབ་མཁྱེན། ཡང་འབྲི་སྲོལ་མི་འདྲ་བ་ཡོད་རེད་ཅེས་རྗོད་དུས་རང་སྣང་གང་ཤར་ཅན་ཁ་ཅིག་གིས་མཁས་མདོག་དང་གསར་གཏོད་ལ་བརྔམས་ཏེ་འབྲི་སྲོལ་མི་འདྲ་བ་མང་པོ་ཞིག་བཟོ་ཉེན་ཡོད།
ཡི་གེའི་དག་ཆའི་སྐོར་བཀའ་བསྟན་འགྱུར་ལ་གཏུག་དགོས་རབས་བཤད་པ་ཤིན་ཏུ་ལེགས་ཀྱང་། ད་ལྟའི་དུས་ཚོད་འདིར་དེ་ལྟར་ཡོང་བ་ཧ་ཅང་ཁག་པོ་ཡིན་སྟབས། ཕལ་མོ་ཆེས་བཀའ་བསྟན་གྱི་དག་ཆ་ལ་ཞིབ་དཔྱད་ཀྱིས་བསྒྲིགས་པའི་ཚད་ལྡན་གྱི་དག་ཡིག་དང་ཚིག་མཛོད་དག་ལ་ཁུངས་གཏུགས་ཏེ་འབྲི་སྤྱོད་བྱེད་བཞིན་ཡོད། དེ་ཡང་ལས་དང་པོ་བ་རྣམས་ལ་དག་ཡིག་གསར་བསྒྲིགས་དང་ཅུང་ཟད་ནར་སོན་པ་རྣམས་ལ་བོད་རྒྱ་ཚིག་མཛོད་ཆེན་མོ་བཅས་དག་ཡིག་དང་ཚིག་མཛོད་གཉིས་པོ་དེར་ཁུངས་བཅོལ་ནས་བོད་ཡིག་བྲིས་ན་ཤིན་ཏུ་དག་པོ་ཡོང་བ་དང་གཅིག་གྱུར་རང་བཞིན་ཡོང་བ་བཅས་དགེ་མཚན་ལྡན། མ་ཟད་བོད་ཕྱི་ནང་གཉིས་ཀར་ཚད་མཐོའི་གདེང་འཇོག་ཐོག་བཀོལ་སྤྱོད་བྱས་དང་བྱེད་བཞིན་མཆིས། བོད་རིག་པར་དུང་ཞེན་ཅན་ཞིག་ཡིན་ན་ཡོངས་ཁྱབ་ཐོག་མཁས་མང་མགྲིན་གཅིག་གིས་ངོས་ལེན་ཡོད་པའི་༼བོད་རྒྱ་ཚིག་མཛོད་ཆེན་མོར་༽ཁུངས་བཅོལ་ཏེ་ཤར་སྐྱོད་བྱས་ན་བོད་ཡིག་གི་མདུན་ལམ་སྲ་བརྟན་ཡོང་ཐུབ་སྙམ། དེ་མིན་མི་རེས་ཚིག་མཛོད་དང་དག་ཡིག་མི་འདྲ་བ་རེ་བཟོས་པ་དག་ནི་གསར་བྱུང་གི་གཞོན་སྐྱེས་ཚོ་མགོ་བོ་རྨོངས་གཞི་དང་བོད་ཡིག་གི་མདུན་ལམ་ཁ་ཐོར་དུ་འགྲོ་གཞི་ཙམ་ལས་དགེ་མཚན་གང་ཡང་མ་མཐོང་།
གལ་སྲིད་གསར་གཏོད་གནང་དགོས་ན། གསར་བྱུང་གི་དངོས་པོ་བོད་མིང་མེད་པ་དག་ལ་ཐ་སྙད་གསར་པ་ཚད་དང་ལྡན་པ་ཞིག་འདོགས་པར་འབད་བརྩོན་རྒྱུན་བསྲིངས་དགོས་པར་མཐོང་། འདིའི་ཐད་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་འབད་བརྩོན་ཤུགས་ཆེ་གནང་འདུག་ཀྱང་ད་དུང་ཐ་སྙད་དེ་དག་ལ་ལེགས་བཅོས་ཡར་རྒྱས་གཏོང་དགོས་ཤིན་ཏུ་མང་བར་སྣང་བས། དེ་ཐད་དགོངས་ཚུལ་དང་ཞུ་དག་གནང་ན་སྙམ།
གཞན་དུ་རང་ལག་ཏུ་ཡོད་པ་དག་ཐང་ལ་གཡུགས་པས་ཅི་ལ་ཕན་ཏེ། དཔེར་ན། ཤད་ཀྱི་སྐོར་དེ་རེད། རང་ལ་གུག་ཤད་དམ་གུག་རྟགས་སམ་༼༽སྒི་ཁྱིམ་འདི་ཡོད་བཞིན་དུ་དེ་ཆེད་དུ་དོར་ནས་སྐད་ཡིག་གཞན་ཞིག་གི་རྟགས་འཇུག་དགོས་སྐོར་བཤད་པ་ལྟ་བུ་རེད། དེ་ནི་རང་ལ་ཡོད་ཚད་ཐན་དུ་མཐོང་བའི་ལོག་ཤེས་དེས་བྱས་སོ་སྙམ།
བོན་པོ་ལེགས།
ལ་དྭགས་སྔོན་དུས་འབྲོག་ཡུལ་ལྟ་བུར་སྣང་། བོད་ལུགས་ཆོས་མ་དར་གོང་དུ། རྒྱ་གར་གྱི་བཟོ་པས་བསྐྲུན་པའི་རྡོ་སྐུ་་སོགས་མཆིས། སྔོན་དུས་གསེར་འབད་པ། ཞེས་པས་གཙན་པོའི་མཐའ་ན་ཆུ་ལ་དང་སིང་བརྒྱབས་ནས། གསེར་སྒྲུགས་པར་བྱེད་པའི་རྟགས་སུ་ལ་དྭགས་གཤམས་ཕྱོགས་ཀྱི་སེང་གེ་ཁ་འབབས་ཆུ་བོའི་མཐའ་ན་སྦུག་ཁུངས་མང་དུ་འདུག ད་ལྟ་སྦུག་ཁུངས་དེ་དག་ལས་གཙང་པོ་གཏིང་རིང་པོར་ཆེས་འོག་ཏུ་འབབ་བོ།།
ལ་དྭགས་མཁས་དབང་འཇམ་དཔལ་ལགས་དང་། མདའ་ཚན་པ་ལགས་གཉིས་ཀྱི་དྲི་ལན་དང་བསམ་འཆར་བཅས་ལ་བདག་ཀྲ་དོག་ཀརྡོ་གཟེར་མ་ར་མགོས་ཁྱེད་གཉིས་ཀ་ལ་ཐུགས་རྗེ་ཆེ་དང་བཀའ་དྲིན་ཆེ་ཞེས་ཞུ་ཡིག་ཏུ་མཆན་བུ་འདི་འབུལ་བ་ལགས། ད་དུང་བགྲོ་གླེང་ལྷུག་པོར་མུ་མཐུདནས་་ཡོང་བའི་རེ་བ་དང་བཅས་ཕུལ།
གྲ་དོག་ནི་དྲ་གྲོགས་འབྲི་འདོད་ཀྱང་ནོར་ཐལ་ཤོར་འདུག དགོངས་དག
ཤད་ཀྱི་སྐོར་དེ་མདའ་ཚན་པས་བཤད་པ་དེ་ཏག་ཏག་རེད། རྟགས་(ཀ )འདི ་དང་༼ཁ༽ འདི་གཉིས་ཀར་བོད་ཀྱི་ཡིག་ཆ་རྙིང་པར་ཁག་ལ་བཀོལ་སྤྱོད་བྱས་ཡོད། འོན་ཀྱང་རྟགས་གཉིས་ཆར་བོད་ཀྱི་རྡ་སྤྲོད་པའི་གཞུང་ལུགས་རྣམས་སུ་འགྲེལ་བཤད་དང་གཏན་འབེབས་བྱས་པ་ཞིག་ཡོད་པ་མ་མཐོང་། རྟགས་དང་པོ་དེ་དབུ་མེད་དམ་ཡིག་ནག་ཡིག་ཆ་མ་གཏོགས་ཤིང་པར་དབུ་ཅན་ཡིག་ཆར་ཕལ་ཆེར་མཐོང་རྒྱུ་མེད། འོན་ཀྱང་ལག་བྲིས་དབུ་ཅན་འབུམ་པོད་༡༢ དང་། བརྒྱད་སྟོང་པ་སོགས་ཡིག་ཆར་མང་པོ་ཞིག་ནང་ཡིག་ཕྲེང་འཕར་མ་བྲིས་པ་དང། ཤོ་ལོ་ཀ་སོགས་འཕར་མ་བྲིས་པ་བཅས་ རྟགས་(ཀ )འདི་ནང་བཅུག་སྟེ་ཡི་གེ་སྟེང་ནས་ཐིག་ཤར་འཐེན་པ་དང་མཚོན་བྱུག་པ་སོགས་བྱས་འདུག དེ་མིན་འདོན་ཆ་ཡིག་རིགས་ཁག་ལ་ཡང་འགྲེལ་བཤད་ཡིག་ཆུང་དེ་ཚོ་གུག་རྟགས་ནང་བཞག་པ་ཡང་མཐོང་མྱོངས་ཡོད། རྟགས་གཉིས་པ་དེ་དབུ་ཅན་དབུ་མེད་གཉིས་ཆར་ཡོད་པ་ལས་དབུ་ཅན་ཤིང་པར་ཡིག་ཆར་མང་བར་བཀོད་ཡོད། རྟགས་དང་པོ་དེ་ཤིང་པར་མ་དར་ཡར་སྔོན་ལོ་གྲངས་ལྔ་བརྒྱ་ལྷག་གི་གོང་ལ་ཡིག་ཆ་དབུ་མེད་ལག་བྲིས་བྱས་པ་ཁག་ལ་བེད་སྤྱོད་བྱས་འདུག་པས་དེ་ནི་བོད་ཀྱི་མཁས་པ་ཚོས་གཏན་འབེབས་བྱས་པའི་བོད་ཀྱི་རིག་གཞུང་གི་ཆ་ཤས་ཤིག་མ་ཡིན་རུང་། བོད་ཀྱི་རིག་གཞུང་ནང་བེད་སྤྱོད་བྱས་པའི་བོད་ཀྱི་ལུགས་སྲོལ་རིག་གཞུང་གི་ཆ་ཤས་ཤིག་རེད་འདུག་པས། དེས་བོད་ཀྱི་རིག་གཞུང་ཁག་ནང་དགོས་མཁོ་ཡོད་ཚེ་བེད་སྤྱོད་དང་བདག་པོ་རྒྱག་ན་ཕྱི་ལུགས་རིག་གཞུང་གཅིག་པུ་ཞིག་ཡིན་པའི་ཞེད་སྣང་མི་དགོས་པ་ཞིག་མཐོང་། འོན་ཀྱང་གསར་བུ་བ་རྣམས་ལ་ཐུགས་ཁག་མེད། རྩིས་འཁོར་ནང་བོད་ཡིག་བེད་སྤྱོད་ཡོ་བྱད་གྲལ་ལ་འཇོག་མི་འདུག་ དབྱིན་ཡིག་བེད་སྤྱོད་བྱེད་ས་ནས་ལེན་དགོས་པ་བཟོས་ཡོད་པ་དང་གཅིག གཉིས་ནས་དབྱིན་ཡིག་ནང་སྔར་ནས་བེད་སྤྱོད་བྱེད་བཞིན་ཡོད་སྟབས་དབྱིན་ལུགས་ཁོ་ན་ཡིན་པ་བསམ་སྲིད། གཞན་དང་འདྲ་བ་ཙམ་གྱིས་རང་གི་རིག་གཞུང་མིན་པའི་ཁྱབ་པ་མེད། སྤྱིར་གཞན་གྱི་རིག་གཞུང་གིས་རང་གི་རིག་གཞུང་ལ་གནོད་པ་མེད་པའི་ཕན་ཐོགས་འདུག་ན་ནང་འདྲེན་གནང་རྐྱང་བྱེད་རྒྱུ་ལས་སྤོ་ལོ་ལ་རྡོག་ཐོ་གཞུས་ན་སྟོན་པའི་དབུ་ལ་རྡོག་ཐོ་གཞུས་པའི་འདུ་ཤེས་དེ་རིང་དུ་དོར་དགོས་པ་སེམས། རིག་གཞུང་བསྲེ་ལྷད་ཅེས་པའི་ཚིག་དེ་ལ་འཇིགས་ནས་ནང་འདྲེན་གཏན་ནས་མ་བྱས་ན་བོད་ཀྱི་རིག་གཞུང་སྲུང་སྐྱོབས་ཙམ་ལས་ཡར་རྒྱས་གཏོང་བའི་གོ་སྐབས་གཏན་ནས་ཚེས་རྒྱུ་མེད།
༼༡ ལང་ཚོ། ནམ་ཟླ། དུས་བཞིའི་ནམ་ཟླ་འགྱུར་བའི་ལྟད་མོས་ཁྱེད་ཀྱི་ལང་ཚོ་འཕྲོག་བཞིན་ཡོད་ལ། རྒ་ན་ཤི་བའི་སྡུག་བསྔལ་ལ་སྐྱེས་ཚད་བཟུར་ཐབས་མེད་པས་ཧ་ཅང་འདོད་ལ་བརྔམས་པའི་ལས་ཐབས་ཀྱིས་རང་གི་མི་ཚེའི་བདེ་བ་དང་སྙན་གྲགས་དགྲ་ལྟར་འཇོམས་པ་མ་ཟད་ཕྱི་མར་ཡ་ང་བའི་རྣམ་སྨིན་གྱི་ཚོར་བ་བསྐྱེད་སྲིད།
༼༢ ཀུན་སྤྱོད། ལས་འབྲས། འཚེ་བ་གཞན་ལ་བྱས་ན་གནོད་ལན་རང་ལ་འཁོར་བ་བྲག་ཅའི་སྒྲ་སྐད་ཀྱི་དཔེས། རྒྱུ་རྣམ་དཀར་ལས་ཀྱི་ས་བོན་གྱིས་འབྲས་བུ་བདེ་བའི་མེ་ཏོག་བསྐྱེད་པས་བསམ་བཟང་གཞན་ལ་ཕན་པའི་ཀུན་སྤྱོད་གཙང་མའི་རང་ཉིད་བྱི་དོར་བྱེད་པ་ལུགས་གཉིས་སྲོག་ཏུ་མཐོང་།
༼༣ ཤེས་ཡོན། ལེ་ལོ། མི་ཚེ་གློག་གི་ཟློས་གར་གྱི་འགྲོས་མྱུར་བས་ལ་འུར་བརྩོན་པའི་ཤུགས་དྲག་མ་བསྐྱེད་ན་ལེ་ལོ་སྒྱིད་ལུག་གི་རྨོངས་པའི་འཆིང་བ་ལས་ནམ་ཡང་ཐར་ཐབས་མེད་པས། ངོམས་པ་མེད་པར་ཤེས་ཡོན་སྦྱང་བརྩོན་ལ་མ་འབད་ན་ཡིད་སྨོན་ཚིག་གིས་དོན་མི་འགྲུབ་ཅིང་། རང་གི་རྐང་པས་རང་ཉིད་ཐེག་པ་རང་གི་ལུས་ཟུངས་སྟོབས་དང་ལྡན་པར་རང་ཉིད་ཀྱིས་འབད་རིགས་པ་སྨོས་ཅི་དགོས།
༼༤ མཐུན་སྒྲིལ། ཕྱོགས་ཞེན། ས་ཆ་ཡུལ་རིས་ཆུང་བ་དང་གྲུབ་མཐའི་ཕྱོགས་ཞེན་ངན་པས་དེ་སྔ་བརླགས་པའི་ཕམ་ཉེས་ཀྱི་ཉམས་མྱོང་ལྡོག་ཕྱོགས་ཀྱི་དགེ་རྒན་དུ་བསྟེན་ནས། མཐུན་སྒྲིལ་གོང་བུ་གཅིག་གྱུར་གྱིས་མདུན་དུ་བསྐྱོད་ན་གངས་ལྗོངས་བདེ་སྐྱིད་ཀྱི་ལམ་ཆེན་དུ་གཞན་རིགས་དང་དཔུང་གདང་སྦྲེལ་ཏེ་བསྐྱོད་ཐུབ་པ་སྙམ།
སྐྱབས་རྗེ་རྫོགས་ཆེན་པདྨ་སྐལ་བཟང་རིན་པོ་ཆེའི་སྙན་རྩོམ་ལས།