ཀླུ་སྨྱོན་ཧེ་རུ་ཀ
གཅིག
དྲོད་རྟ་རྔ་ཙམ་ཡང་མེད་པའི་ཉི་འོད་སེར་པོ་ཞིག་ཕོ་བྲང་པོ་ཏ་ལའི་དབུ་རྩེར་འཕྲོས་ནས་ཡུན་རིང་མ་འགོར་བར། ཇོ་ཁང་གི་གཡས་གཡོན་གང་སར་ལྷ་བསང་གི་དུད་སྤྲིན་དཀར་ལྷོག་ལྷོག་ཏུ་འཕྱུར་བའི་ཁྲོད། མར་དྲི་དང་རྩམ་དྲི། ད་དུང་ཤུག་ལོའི་དྲི་བཟང་སོགས་གང་སར་འཐུལ་ཞིང་། ངོ་གདོང་དྲེགས་པས་འཚོས་པའི་སྤྲང་བོ་ཁྱུ་ཞིག་གྲལ་བསྒྲིགས་ནས་རང་རང་གི་ཤེས་ཚོད་ཀྱི་མ་ཎི་དང་གུ་རུ་རིན་པོ་ཆེའི་མཚན་སྔགས་སོགས་ཉམས་འགྱུར་ལྡན་པའི་ངང་ཟློ་ཅི་ཐུབ་བྱེད།
ང་རང་འཆར་གཞི་ལྟར་ཇོ་ཁང་ནས་ཅུང་ཟད་ཐག་རིང་བའི་གཙང་པོའི་འགྲམ་གྱི་སྤྲང་འཁྱམ་སྡོད་ས་དེར་བསྐྱོད། རས་གུར་རྩབ་རལ་ཞིག་གི་འདབས་ཀའི་བར་ནས་མགོ་སྐྲ་ཟིང་ཟིང་དུ་གྱུར་པའི་སྐྱེས་པ་ཞིག་གིས་ང་ལ་ལྟ་ཙམ་བྱས་རྗེས་གདོང་ལ་འཛུམ་བཅོས་མ་ཞིག་བསྡུས་ཏེ། ཝ་ཡེ། གྲོང་ཁྱེར་གྱི་མི་བསླེབས་སོང་། ཟེར། ང་ཐད་ཀར་རས་གུར་གྱི་སྒོར་ཕྱིན་ནས་སྒོ་ཡོལ་རྫོབ་རོ་དེ་ཡར་བཀྱགས་པ་ན། པགས་གདན་རྙིང་ཧྲུལ་ཞིག་གི་སྟེང་དུ་ཉལ་འདུག་པའི་ཕོ་གསར་དེ་ཡར་ཙོག་བྱུང་ལ། ཁོའི་སྐེ་རུ་བཏགས་པའི་གཟི་མིག་དགུ་ཅན་དེ་ལས་ངས་ལམ་སེང་ཁོ་རང་ཨ་ཇོ་པ་སངས་ཡིན་པ་ངོས་ཟིན་སོང་།
ངས་རྒྱབ་ཀྱི་འཁུར་ཁུག་ལས་འཇར་པན་ནས་བཟོས་པའི་པར་ཆས་མཆུ་རིང་དེ་ཕྱིར་བཏོན་པ་ན། ཨ་ཇོ་པ་སངས་ཀྱིས་མགོ་བོ་འཕྲེད་དུ་དབྱུག་བཞིན། ང་རང་བླ་མ་ཞིག་མིན་པས་པར་རྒྱག་རིན་མེད། ཟེར་བྱུང་བས། ང་རང་ཁོའི་ལྟ་ཚུལ་དེར་ཅུང་ཧ་ལས་བཞིན་པར་ཆས་ཕྱིར་ཁུག་མའི་ནང་བཅུག་རྗེས། དུས་རབས་ཤིག་གི་རིང་མུ་ཏིག་གཙང་པོའི་འགྲམ་ངོགས་སུ་སྐད་གྲགས་ཆེ་བའི་ཁོའི་མེས་པོ་དཔའ་ཐར་གྱི་ལོ་རྒྱུས་ནས་མགོ་གླེང་སྟེ་བརྩམས་སྒྲུང་ཞིག་གི་རྒྱུ་ཆ་ཨེ་རག་གི་རེ་བ་བཅངས། ངའི་རེ་འདུན་དེས་ཁོར་སེམས་འགུལ་ཐེབས་པ་འདྲ། ཁོས་སྐྱོ་ངལ་མེད་པར་ཁོའི་མེས་པོ་དེ་ཆུང་དུས་ནས་ལྷ་འདྲེ་གང་ཡིན་མི་ཤེས་པ་ཞིག་གི་རྗེས་སུ་འབྲངས་ནས་ནམ་རྒྱུན་རྟོགས་པ་མཐོ་བའི་བླ་ཆེན་རེ་ཟུང་མ་གཏོགས་བསླེབས་མི་ཐུབ་ཅིང་མཐའ་བཞི་གངས་རིས་བསྐོར་བའི་ཞིང་མཆོག་ཤམ་བྷ་ལའི་ཡུལ་དུ་སོང་སྟེ་ཕྱིར་ལོག་མ་ཐུབ་པར་ལོ་ངོ་དགུ་འགོར་ཞིང་། རྗེས་སུ་མཚན་མ་ངེས་པའི་རིགས་ལྡན་ཞིག་གི་བཀའ་ལུང་ལྟར་ཀླ་ཀློས་ཁེངས་པའི་མི་ཡུལ་འདིར་མྱུལ་མར་འོངས་ཏེ། ལོ་ངོ་དགུའི་རྗེས་སུ་བླ་མ་རྩ་ཆེན་ཞིག་གི་ཕྱག་ནས་པཎ་ཆེན་སྐུ་གོང་མ་ཞིག་གིས་བརྩམས་པའི་ཤམ་བྷ་ལའི་ལམ་ཡིག་བླངས་རྗེས་གར་སོང་ཆ་མེད་དུ་གྱུར་ཚུལ་སོགས་བརྗོད་བྱུང་ལ། ཁོས་ད་དུང་ང་ལ་རེ་བ་ཞིག་བཏོན་པ་ནི། རྗེས་སུ་གོ་སྐབས་བྱུང་ན་ངེད་གཉིས་ཀྱིས་སློབ་དཔོན་པདྨའི་ཕྱག་རིས་དེད་ནས་ཤམ་བྷ་ལར་འགྲོ་ཞེས་པ་འདི་རེད། ཕར་ཕྱོགས་དེར་གོ་གྲུ་ཆུང་ཆུང་འགའ་གཙང་ངོགས་སུ་འཕྱོ་ལ། གཙང་པོའི་ཕ་རོལ་ཏུ་འགྲོ་མཁན་འགའི་སྐེ་རུ་ཁ་བཏགས་དཀར་པོ་རེ་གཡོགས་འདུག དགུང་ཁའི་ན་བུན་གྱི་ཁྲོད་དུ་ཕོ་བྲང་པོ་ཏ་ལའི་གཟུགས་ཕྱི་དབྱིབས་ཏེ་མཐིང་མདོག་གི་དུ་སྨུག་ཅིག་གིས་བཏུམས་ནས་རབ་རིབ་ཙམ་ལས་མཐོང་མི་ཐུབ། ཨ་ཇོ་པ་སངས་ཀྱིས་དལ་ལྷོད་ལྷོད་ངང་བོད་ཇ་བསྲུབས་མ་ཟངས་དེམ་ཆུང་ཆུང་གང་བཟོས་པ་དེ་ཁོའི་དགུང་ཇ་ཡིན་ངེས། ཁོས་གུར་འདབས་སུ་བཏགས་འདུག་པའི་ཁྱི་ཕྲུག་དེར་རྩམ་ལྡོག་ཅིག་སྤྲད་རྗེས་གུར་གྱི་ཐུ་བ་གཉིས་རྡོ་ཡིས་མནན་ཏེ་ནམ་རྒྱུན་དང་འདྲ་བར་ཇོ་ཁང་ལ་གཏད་ནས་བུད་སོང་། ང་ནི་གསང་ཉུལ་ཞིག་དང་འདྲ་བར་ཁོའི་རྗེས་དེད་ནས་སོང་བ་ན། ཁོས་སྲང་ལམ་གཡས་གཡོན་གྱི་ཚོང་ཁང་བདག་པོ་ཚོར་ངོ་ཤེས་པའི་བརྡ་རུ་འཛུམ་ཆུང་རེ་སྟོན་ཅིང་། ལན་རེར་ལག་པ་ཉུག་ཉུག་གིས་སྐེ་རུ་བཏགས་པའི་གཟི་རྩ་ཆེན་དེར་རེག་ཙམ་རེ་བྱེད།
ལོ་ངོ་དགུ་བརྒྱའི་ཡར་སྔོན་ཞིག་ཏུ། ཨ་ཇོ་པ་སངས་ཀྱི་མེས་པོ་དགྲ་འདུལ་ཟེར་བ་དེས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སྦས་ལུང་ཞིག་ནས་ལོ་ངོ་ཁྲི་ཕྲག་གི་སྔོན་གྱི་དུར་ས་ཆེན་པོ་ཞིག་རྙེད་ཅིང་། དུར་ས་དེའི་རྡོ་རིང་རྙིང་གོག་ཅིག་གི་ཁ་ཡིག་ལ་བརྟེན་ནས་མི་ཡུལ་འདིར་མིང་ཙམ་ཡང་ཐོས་མ་མྱོང་བའི་གསེར་གྱི་སྒམ་ཆུང་ཞིག་ལག་ཏུ་སོན། ཁོས་ཉིན་གང་དུར་ས་བསྔོགས་ནས་ཐང་ཆད་དྲགས་ཏེ་མཚན་མོར་ས་དེ་རུ་ལུས། ནམ་གུང་ཙམ་ཞིག་ལ། ཁོ་རང་ཉལ་སའི་འགྲམ་གྱི་དུར་རྡོ་ཆེན་པོ་ཞིག་འཇིགས་སུ་རུང་བའི་སྒྲ་ཆེན་པོ་ཞིག་དང་མཉམ་དུ་སིལ་བུར་འཐོར་རྗེས་ས་གཞི་ཧྲིལ་བོ་ཡོམ་ཡོམ་དུ་འདར་ཞིང་། ཐོག་མར་རིན་པོ་ཆེ་རྙེད་སའི་དུར་ཁུང་དེ་ནས་དུ་བ་ནག་པོ་ཞིག་འཕྱུར་ཡོང་ནས་གསེར་གྱི་སྒམ་ཆུང་དེ་བཏུམས་པ་ན། མེས་པོ་དཔའ་ཐར་སྐྲག་ཐག་ཆོད་ནས་པགས་རྩག་གིས་མགོ་བོ་བཏུམས་ནས་ཡུད་ཙམ་རིང་བསྡད་པ་དང་དེར་མཐུད་ནས་གཉིད་དུ་ཡུར་ཞིང་། མགོ་མཇུག་མཐུད་མི་ཤེས་པའི་རྨི་ལམ་འཇིགས་སུ་རུང་བ་རྐྱང་རྐྱང་གིས་ཁྲོད་ནས་གཉིད་ལས་སད་དུས། ཉི་འོད་སེར་པོ་ཞིག་ནུབ་ཕྱོགས་ནས་ག་ལེར་ཡར་འཕགས་ཡོང་ཞིང་། ཁོས་ཉིན་ཧྲིལ་བོ་དགུ་ལ་བསྔོགས་པའི་དུར་ས་དེ་ཁོ་རང་གིས་ཐོག་མར་མཐོང་བ་དང་འདྲ་བར་མི་ཡི་རྐང་རྗེས་ཙམ་ཡང་མེད་པའི་དབེན་འཇགས་ཀྱི་དུར་ཁྲོད་ཅིག་ཏུ་གྱུར་འདུག་པས། ཁོ་རང་ཡ་མཚན་ཆེན་པོ་ཞིག་སྐྱེས་ནས་ས་དེ་དང་ཁ་འབྲལ་སྐབས། ཁ་སང་རྙེད་པའི་གསེར་གྱི་སྒམ་ཆུང་དེའི་ཤུལ་དུ་མིག་གི་རི་མོ་དགུ་ཡོད་པའི་གཟི་རིལ་ཞིག་ཁྲ་རིག་གེར་ལྷགས་འདུག་པ་མཐོང་བས། ཁོས་རྙོབས་ཐེངས་གཅིག་གིས་གཟི་དེ་ལག་ཏུ་བླངས་རྗེས་ཕྱི་མིག་ཙམ་ཡང་མ་བལྟས་པར་ཕྱིར་རང་ཡུལ་དུ་ལོག གཏམ་རྒྱུད་འདི་ནི་དུས་རབས་མང་པོ་ཞིག་རིང་ལ་ཨ་ཇོ་པ་སངས་ཀྱི་མེས་པོ་ཚོས་ཤོག་སེར་ཞིག་གི་ངོས་སུ་བྲིས་ཏེ་རང་གི་ནང་མིར་མ་གཏོགས་མི་སུ་ལ་ཡང་བསྟན་མ་མྱོང་བར་གྲགས།
གཉིས།
ཉིན་དེའི་དགོང་མོའི་ཆུ་ཚོད་བཅུ་གཉིས་ཀྱི་སྟེང་དུ། ཨ་ཇོ་ཨ་རག་གིས་བཟི་དྲགས་ནས་གོམ་སྟབས་འཁྱར་འཁྱོར་ངང་ཕྱིར་རང་གི་སྡོད་གུར་དུ་ལོག་སྐབས། བར་སྐོར་དང་ཉེ་བའི་རྩིག་ཟུར་ཞིག་ནས་རྒྱ་ལྭ་གྱོན་པའི་ཕོ་གསར་འགའ་ཐོན་ཡོང་ནས་ཁོའི་འགྲོ་ལམ་བཀག དེའི་ནང་ནས་གཅིག་གིས་སྐེད་གྲི་འོད་ཆེམ་ཆེམ་ཞིག་བླངས་ཏེ་དེའི་སོ་ཁར་ལག་པས་རེག་ཙམ་བྱས་རྗེས་སྐད་གདངས་དམའ་བོའི་ངང་།
སྲོག་དགོས་སམ་རྒྱུ་ནོར་དགོས། ཟེར། རྒྱང་རིང་ནས་འཕྲོས་ཡོང་བའི་རབ་རིབ་ཀྱི་གློག་འོད་ཅིག་ལ་བརྟེན་ནས་ཨ་ཇོ་པ་སངས་ཀྱིས་མི་དེ་ངོ་ཆོད་སོང་། དེ་ནི་ཉིན་འགའི་སྔོན་ལ་ཁོས་རང་གི་གཟི་རྩ་ཆེན་དེའི་སྐོར་ཞིག་ཁམས་ཀྱི་ཚོང་བ་ཞིག་ལ་སྐད་ཆ་བཤད་སྐབས། ཉེ་འགྲམ་དེར་རྐུན་མིག་ལིང་ལིང་གིས་ལྟ་བཞིན་པའི་ཕོ་གསར་ངོ་ན་རྨ་ཤུལ་རིང་བོ་ཅན་དེ་མ་ཡིན་ནམ། པ་སངས་ཀྱིས་དུས་ཚོད་འདི་འདྲ་ཞིག་ཏུ་ཁོ་རང་ཇག་པ་དེ་ཚོ་ལས་རྒྱལ་མི་ཐུབ་པ་ཧ་གོ་སོང་བ་འདྲ་བར། ལག་པ་གཉིས་འདར་སིག་སིག་གིས་རང་གི་སྐེ་རུ་བཏགས་པའི་གཟི་མིག་དགུ་བ་དེ་བཤན་གྲི་བཟུང་བའི་ཕོ་གསར་དེའི་ལག་ཏུ་བཞག་རྗེས་ཚེ་ཐར་དུ་གཏོང་རོགས་ཞེས་ཞུ་བ་འཐེན། ཇག་པ་ཚོར་ཁྲེལ་དགོད་བྱེད་བཞིན་མུན་ཁྲོད་དུ་ཡལ་བ་ན། ཨ་ཇོ་པ་སངས་སྔར་བཞིན་འཁྱར་འཁྱོར་ངང་གཙང་འགྲམ་དུ་ལོག ཁོ་རང་གི་སྡོད་གུར་དང་ཐག་ཉེ་སར་བསླེབས་པ་ན། ལུས་ཡོངས་ནས་ཨ་རག་དང་གཅིན་སྐྱག་གི་དྲི་ངན་འཐུལ་བའི་མི་ཞིག་ནག་ཧྲེང་ངེར་དེ་རུ་འགྱེལ་འདུག་པས། ཁོས་མི་དེའི་རྐང་བ་གཉིས་ནས་འཇུས་ཏེ་ཕར་ཕྱོགས་དེར་ཡོད་པའི་ཁྱི་ཚང་དེར་དབྱུགས་རྗེས་རང་གི་གུར་ཆུང་དེའི་ནང་དུ་འཛུལ། ཁོ་རང་འཚུབ་ཆ་ལངས་བཞིན་ལག་པ་གདན་འོག་ཏུ་བསྲིངས་ཏེ་ཕ་མེས་ནས་བརྒྱུད་པའི་གཅེས་ནོར་གཟི་མིག་དགུ་བ་དེ་ཕྱིར་བཏོན་ནས་ལག་པས་ཕུར་ཕུར་བྱེད་བཞིན་གཡས་ལྟ་གཡོན་ལྟ་བྱེད། སྐབས་དེར་རས་གུར་ཧྲུལ་བོའི་ངོས་ཀྱི་བུ་ག་མང་པོ་ཞིག་ལས་ཟླ་འོད་ཀྱི་མདའ་མོ་བརྒྱ་ཕྲག་འགའ་ཁོའི་ལག་གི་གཟི་དེའི་སྟེང་དུ་འཕྲོས་པ་ན། ཁོས་བྲེལ་འཚབ་ངང་གཟི་དེ་རང་གི་སྐེ་རུ་བཏགས་རྗེས་ག་ལེར་ས་གདན་མཁྲེགས་པོ་དེའི་སྟེང་དུ་ཉལ་ནས་ཅུང་མ་འགོར་བར་ཁ་སྣ་གཉིས་ནས་ནོར་ནག་གིས་སྟུག་དྲི་བཏང་བ་ལྟ་བུའི་སྔུར་སྒྲ་གྲགས་བྱུང་།
གསུམ།
ཞོགས་རླུང་བསིལ་མོ་ཞིག་རས་གུར་གྱི་བུ་ཀ་དང་འདབས་ཀ་ལས་ཨ་ཇོ་པ་སངས་ཀྱི་ངོ་གདོང་ལ་ལྡང་བ་ན། ཁོས་མིག་ཟུང་ག་ལེར་ཕྱེས་རྗེས་ཐོག་མར་སྐེ་ཡི་གཟི་དེ་ཡོད་མེད་བརྟག་དཔྱད་ཅིག་བྱས་རྗེས་དལ་བུར་ཁོག་སྟོད་ཡར་དགྱེ་ནས་གླལ་རྒྱངས་ཡིད་ཚིམ་པ་ཞིག་བྱས་རྗེས་ད་གཟོད་ཡང་ལངས། དེ་རིང་ཁོ་ལ་ཞོགས་ཇ་བཟོ་བྱེད་ཀྱི་ཇ་ལོ་དང་མར་མེད་པས། སྲང་བར་གྱི་གཅིན་སྐྱག་གི་དྲི་མ་དང་ཁྱི་ལྡོམ་ཚོའི་འཇིགས་སྐུལ་ལ་མ་འཛེམས་པར་ངའི་ནང་ལ་ཞོགས་ཇ་འཐུང་དུ་བསླེབས། ང་ཡང་ཆུང་མ་མེད་པའི་མི་རྐྱང་ཞིག་ཡིན་ལ་དེ་རིང་གཟའ་ཉི་མ་ཡང་ཡིན་པས་ཁོ་ནང་ལ་མ་བསླེབས་བར་དུ་མལ་ལས་ལངས་མེད། ཁོས་སྒོ་ཕྱེ་ནས་ནང་དུ་འཛུལ་ཡོང་སྟེ་སྐད་ཆེན་པོས། ཞོགས་ཇ་ཞིག་སྐོལ་རོགས་ཟེར་བས། ང་ཡར་ལངས་ནས་ཇ་བསྲུབ་མ་བཟོ་སྤྱད་ཀྱི་གློག་དེམ་ཆུང་ཆུང་དེའི་ནང་དུ་ཆུ་དང་ཚྭ་བསྲེས་ནས་བླུགས་རྗེས་གློག་སྒོ་མནན་པ་ན། མདང་དགོང་གི་དྲག་ཆར་དེའི་རྐྱེན་གྱིས་ང་ཚོའི་སྒོ་ར་འདིའི་གློག་རྒྱུན་བཅད་ནས་ད་དུང་གློད་མི་འདུག དེ་ནས་ངེད་གཉིས་ཀྱིས་སྲང་བར་ཞིག་ཏུ་ཡོད་པའི་ཇ་ཁང་ཆུང་ཆུང་དེའི་ནང་དུ་འཛུལ་ནས་ཅོག་ཙེ་རྙིང་གོག་སྐྱག་སྦྲང་གིས་ཁེངས་པ་ཞིག་གི་འཁྲིས་སུ་བསྡད་དེ་ཞོགས་ཟས་སྟབས་བདེ་ཞིག་ཟོས། ངས་སྐབས་དེར་ཨ་ཇོ་པ་སངས་ལ་སྔོན་ཆད་ང་རང་གཏེར་འདོན་རུ་ཁག་ཅིག་གི་ལས་བཟོ་བ་ཡིན་ལ། ད་ལྟ་ཁ་བ་ཉིན་རེའི་གསར་ཁང་གི་གསར་འགོད་པ་ཡིན་ཞིང་། ཉིན་འགའི་རྗེས་སུ་གཏེར་དཔྱོད་མཁས་པ་ཞིག་དང་ལྷན་དུ་ཧི་མ་ལ་ཡའི་རི་རྒྱུད་ཅིག་ཏུ་འགྲོ་རྩིས་ཡོད་པས། གལ་སྲིད་ཁོ་རང་ལ་ང་ཚོར་རོགས་རམ་བྱེད་རྒྱུའི་འདོད་བློ་ཡོད་ན་གླ་ཆ་མཐོན་པོ་ཞིག་སྤྲོད་ཆོག་ཚུལ་ལབ་པ་ན། ཁོས་ཡུད་ཙམ་རིང་དཔྲལ་གཉེར་བསྡུས་ནས་བསམ་བློ་ཞིག་བཏང་རྗེས་ནམ་རྒྱུན་བྲང་ཁར་དཔྱངས་པའི་ཟངས་དམར་གྱི་གའུ་ཆུང་ཆུང་དེའི་ཁ་ཕྱེ་སྟེ་ནང་ནས་རྙིང་ཧྲུལ་དུ་གྱུར་པའི་ཤོག་བུ་སེར་བོ་ལྟེབས་རྩེགས་བརྒྱབ་ཡོད་པ་ཞིག་བླངས་ཏེ་མདུན་ཅོག་སྟེང་དུ་བཀྲམ་བྱུང་། ངས་ཞིབ་ཚགས་ངང་བལྟས་པ་ན། ཡ་མཚན་པ་ཞིག་ལ། དེའི་ངོས་སུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གསེར་དངུལ་གྱི་གཏེར་ཁ་དང་གནའ་བོའི་བང་སོ་ཁག་ཅིག་གི་ཁ་བྱང་བོད་ཡིག་དབུ་མེད་ཀྱིས་བྲིས་ནས་ས་རྟགས་ཀྱང་ཧ་ཅང་གསལ་བོ་ཞིག་བྲིས་འདུག ང་རང་ཧ་ལས་པའི་ངང་ཚུལ་དེ་མཐོང་ནས་ཁོས་ཤོག་བུ་དེ་ཕྱིར་གའུའི་ནང་དུ་འཇུག་ཞོར། འདི་ནི་ལོ་ངོ་དགུ་བརྒྱའི་ཡར་སྔོན་དུ་བྱོན་པའི་གཏེར་སྟོན་བདུད་འདུལ་རྡོ་རྗེའི་ཐུགས་སྲས་ཤིག་གིས་ངའི་མེས་པོ་ཞིག་ལ་མ་འོངས་ལུང་བསྟན་གྱི་ཚིག་བཅད་ཅིག་དང་ལྷན་དུ་གནང་བ་རེད། ཟེར། ངས། ཨ། ད་དུང་ཚིག་བཅད་ཅིག་ཀྱང་ཡོད་དམ། ཞེས་དྲིས་པ་ན། ཁོས་གཡས་གཡོན་ལ་ལྟ་ཙམ་བྱས་རྗེས་ངའི་རྣ་རྩར་ཁ་གཏུགས་ཏེ། ལོ་ངོ་དགུ་བརྒྱ་ལོན་པ་ན། །པ་ཡ་ལྷ་ཡི་ཟུར་དུ་ཇ། །ཧ་ནི་ནོར་གྱི་འབྱུང་ཁུངས་ཏེ། །སྐལ་ལྡན་བུ་ཡིས་རྙེད་པར་འགྱུར། །ལན་གསུམ་ཟློས་སོང་། ནོར་མི་འདུག ལུང་བསྟན་དེ་གསུངས་རྗེས་ཀྱི་ལོ་ངོ་དགུ་བརྒྱ་འགོར་བའི་དེ་རིང་། ཁོའི་མིང་གི་ཐོག་མ་པ་དང་ངའི་མིང་གི་ཐོག་མ་ཡ་ཡིན་ལ། ལྷ་སའི་གྲོང་ཁྱེར་གྱི་གྲུ་ཞིག་ཏུ་ཡོད་པའི་ཇ་ཁང་ཆུང་ཆུང་འདིའི་ནང་དུ་ངེད་གཉིས་ཀྱིས་ལུང་བསྟན་གྱི་ཤོག་དྲིལ་འདི་ལ་བརྟེན་ནས་ཧི་མ་ལ་ཡའི་རི་རྒྱུད་ཅིག་ནས་ཁྱད་དུ་འཕགས་པའི་གཏེར་རྫས་ཤིག་རྙེད་རྒྱུ་ནི་གདོན་མི་ཟ་བ་ཞིག་རེད། འོན་ཀྱང་ཁོར་གནས་སྐབས་ཀྱི་རིང་ལ་གསང་བ་འདི་བཤད་མེད། ངེད་གཉིས་ཁ་གྱེས་ཁར་ངས་ཁོ་ལ། གཟའ་འཁོར་རྗེས་མའི་ནང་དུ་ང་ཚོ་ལམ་ལ་ཆས་རྩིས་བྱེད། ཅེས་བཤད་པ་ན། ཁོས་འཐད་པའི་བརྡ་རུ་མགོ་བོ་ནང་དུ་ལྡེམ་ཙམ་བྱས་རྗེས་དུད་སྤྲིན་གྱི་བཏུམས་པའི་ཇོ་ཁང་གི་ཕྱོགས་སུ་བུད་སོང་། ང་རང་ཕྱིར་མལ་ཁང་དུ་ལོག་ནས་མཇུག་རྫོགས་གྲབས་ཡོད་པའི་སྒྲུང་རིང་ ཕྱིར་མི་ལོག་པའི་རྨི་ལམ ཞེས་པ་དེའི་མཇུག་ཏུ་ཚིག་གྲུབ་འགའ་བྲིས་རྗེས་འགྲོ་རོགས་ཕྱི་གླིང་དེས་གྲ་སྒྲིག་བྱེད་བཞིན་ཡོད་མེད་ལ་ལྟ་བར་བསྐྱོད།
བཞི།
ཉིན་གུང་གི་ཚ་གདུག་དེའི་རྗེས་སུ་དྲག་ཆར་ཞིག་བབས་པས་སྲང་བར་ཀུན་ཏུ་འཐུལ་བའི་གཅིན་སྐྱག་གི་དྲི་ངན་རེ་ཞིག་འཇགས་པར་གྱུར། ལོ་ངོ་སྟོང་ཕྲག་འགའི་རིང་ལ་འཕྱུར་རྒྱུན་བསྲིངས་པའི་དུད་སྤྲིན་སྨུག་པོ་ཞིག་གི་གསེབ་ཏུ། པོ་ཏ་ལའི་ཟངས་སེར་གྱི་རྒྱ་ཕིབས་དེ་དག་སྔར་བཞིན་འོད་མདངས་འཚེར་བཞིན་འདུག ང་དང་ཨ་ཇོ་པ་སངས་སོགས་མི་བཞི་གངས་རྟ་རྟགས་ཅན་གྱི་རླངས་འཁོར་ཆུང་ཆུང་དེར་བསྡད་ནས་གནའ་བོའི་གྲོང་ཁྱེར་འདིར་ཁ་གྱེས་ཁར། ཨ་ཇོ་པ་སངས་ཀྱི་གྲོགས་པོ་སྤེན་ནོར་ཟེར་བ་དེས་མདེའུ་ཉེར་ལྔ་བླུགས་ཆོག་པའི་ལག་མདའ་ཞིག་ཁོའི་ལག་ཏུ་བཞག་རྗེས། ཁོའི་རྣ་རྩར་ཁ་གཏུགས་ནས་ཤབ་ཤུབ་ཅིག་བཤད་རྗེས། ང་ལ་བལྟས་ནས། ཁོ་ཁྱེད་ཀྱི་གྲོགས་པོ་རེད། རྗེས་མ་ཕྱུག་པོ་ཆགས་དུས་དགྲ་ཟླར་འགྱུར་མ་འགྲོ ཞེས་བརྗོད་དེ་ཆུ་འདམ་གྱིས་ཁེངས་པའི་སྲང་བར་གུ་དོག་པོ་ཞིག་གི་མཐའ་སྣེ་རུ་ཡལ་སོང་། ཐོག་མར་ང་ལ་སེམས་མི་བདེ་བ་ཆེན་པོ་ཞིག་སྐྱེས་ནས་ཨ་ཇོ་པ་སངས་ཀྱི་རྣམ་འགྱུར་ལ་ལྐོག་ལྟ་ཐེངས་མང་བྱས་ཀྱང་། ཁོས་ཉིན་གང་བོར་ཁ་མུག་མུག་གིས་ཁ་ཏོན་འདོན་པ་དང་ཆབས་ཅིག་ཟློག་པ་རེ་རྒྱག་པ་མ་གཏོགས་རྒྱུན་ལྡན་མ་ཡིན་པའི་རྟགས་མཚན་གང་ཡང་བསྟན་མ་བྱུང་བས། ངའི་སེམས་ཁམས་ཀྱང་ག་ལེར་བདེ་རུ་བབས་ནས་ཁོ་ལ་རླངས་འཁོར་གྱི་སྣུམ་དུག་འཕོག་གི་ཡོད་མེད་ཡང་ཡང་དྲིས་པ་ཡིན། ཐེངས་ཤིག་ལ་ཁོའི་ཁ་ནས་ཝུ་བ་ལྗང་ཁུ་རྡོག་པོ་ཁ་ཤས་བསྐྱུགས་པ་ལས་སེམས་འཚབ་བྱེད་དགོས་པའི་གནས་ཚུལ་དང་འཕྲད་མ་བྱུང་།
ཉིན་བཞི་ཙམ་ལ་བསྐྱོད་རྗེས་ང་ཚོ་འགྲོ་སའི་ལམ་དེ་ཡང་རྩྭ་ཆུ་མེད་པའི་མྱ་ངམ་ཐང་ཞིག་ཏུ་བསྲིངས་འདུག རྒྱང་རིང་ནས་དགུང་ཁའི་ཉི་མ་དེ་ཡང་དམར་གོར་རེར་ནུབ་ཕྱོགས་ཀྱི་རི་རྩེར་ལྷུང་བའི་ས་སྲོད་ཅིག་ལ། ངེད་གཉིས་དང་རླངས་འཁོར་ཁ་ལོ་བ་ཤ་སྐམ་དེ། ད་དུང་མིག་ཤེལ་མཐུག་པོ་གྱོན་པའི་ཕྱི་གླིང་བ་ས་གཤིས་མཁས་པ་བཅས་ང་ཚོ་མི་བཞི་བོས་རང་རང་གུར་ཆུང་དེ་དག་ཕུབ་རྗེས། རྒྱང་རིང་ནས་གྲག་ཡོང་བའི་ཅེ་སྤྱང་གི་ཧབ་དགོད་ལ་ཉན་བཞིན་གཉིད་ཀྱི་མགྲོན་པོར་བསྒུགས།
ནམ་གུང་ཙམ་ཞིག་ལ་མེ་མདའི་སྐད་སྒྲ་ཞིག་དང་ལྷན་དུ་སྐྱི་གཡའ་བའི་འབོད་སྐད་ཅིག་གིས་ང་རང་གཉིད་ལས་དཀྲོགས་སོང་བས། ང་རང་ཧོབ་སྟེ་གོག་མ་ནུར་གྱིས་གུར་ཆུང་གི་སྒོར་བུད་པ་ན། ཨ་ཇོ་པ་སངས་ཀྱིས་ལག་ཏུ་མེ་མདའ་དང་གློག་སྒྲོན་ཐོགས་ནས་སྐད་ཆེན་པོས། མགྱོགས་པོར་ཡར་ལོངས། སྤྱང་ཚོགས་བསླེབས་འདུག ཅེས་སྐད་རྒྱག་བཞིན་འདུག ངས་ད་གཟོད་ང་ཚོའི་ཕྱོགས་བཞི་རུ་སྤྱང་ཚོགས་ཀྱིས་ངུ་ཟུག་བྱེད་བཞིན་ཚུར་བཏུད་ཡོང་གིན་ཡོད་པ་ཚོར། སྐབས་དེར་རོགས་པ་གཞན་གཉིས་ཀྱང་ངེད་གཉིས་ཀྱི་རྩ་རུ་བསླེབས་བྱུང་བས། ང་ཚོས་རང་རང་གི་རས་གུར་དག་ལྟེབས་རྩེགས་བརྒྱབ་རྗེས་གཅིག་རྒྱབ་གཅིག་བསྟན་གྱིས་རང་རང་གི་ཤེས་ཚོད་ཀྱི་གསོལ་འདེབས་དང་ཀུ་སྒྲ་སྒྲོག་བཞིན་ཡུད་ཙམ་བསྡད་རྗེས། རླངས་འཁོར་ཁ་ལོ་བས་རེམས་རེམས། ང་ཚོ་མགྱོགས་པོར་འབྲོ་ཐབས་བྱེད་ཟེར་བཞིན་རླངས་འཁོར་གྱི་ནང་དུ་འཛུལ་སོང་བས། ཤུལ་དུ་ལུས་པའི་ང་ཚོ་གསུམ་པོ་ཡང་གཅིག་གི་རྟིང་བར་གཅིག་གི་རྡོག་སྣེ་སྤོས་ཏེ་རླངས་འཁོར་གྱི་ནང་དུ་མཆོངས་རྗེས་ལམ་སེང་མེ་སྦར་སྐམ་གནོན་གྱིས་རླངས་འཁོར་ཆུང་ཆུང་དེ་ཁ་ཕྱོགས་མེད་པར་བསྐོར་ནས་སྔོན་མའི་ལམ་ཁ་དེར་བསླེབས་པ་ན། མདུན་ཕྱོགས་སུ་འཕྲོས་པའི་གློག་འོད་ཀྱི་ངོགས་སུ་ལྕེ་དམར་པོ་ཁྲུ་གང་རེ་བརྐྱངས་པའི་སྤྱངས་ལྟོགས་ཁྱུ་ཞིག་གིས་ཕེ་འདེབ་བཞིན་ང་ཚོའི་ཕྱོགས་སུ་སྲོག་བསྡོས་ཀྱིས་མཆོང་ཡོང་བས། ཁ་ལོ་བ་སྙིང་ཆུང་དེས་སྐད་ཆེན་པོ་ཞིག་བརྒྱབ་ནས་རླངས་འཁོར་ལམ་འགྲམ་གྱི་བྱེ་མའི་དེའུ་འབུར་ཞིག་གི་སྒང་ལ་ཨུ་ཚུགས་ཀྱིས་བསྐོར་སོང་བས། བྱེ་རྡུལ་འཚུབ་པའི་ཁྲོད་སྤྱང་ཚོགས་ཀྱི་ངུ་ཟུག་གི་སྒྲ་ཡང་རིམ་བཞིན་རྒྱང་རིང་དུ་ཡལ་ཞིང་། ང་ཚོ་མུ་མཐུད་དུ་ཆུ་ཚོད་གསུམ་ཙམ་ལ་བསྐྱོད་རྗེས་བྱེ་ཐང་དེ་རྫོགས་ནས་རི་འདབས་ཀྱི་ནགས་གསེབ་ཅིག་ཏུ་བསླེབས་བྱུང་།
སྐར་ཚོགས་མཁའ་དབྱིངས་སུ་ཁྲ་ཆིལ་ལེར་བཀྲ་ཞིང་། ང་ཚོ་ནི་ཕྱོགས་གང་ཞིག་ལ་བསླེབས་ཡོད་མེད་ཀྱང་ཧ་ལམ་མི་ཤེས་པའི་ཚོད་དུ་འདུག སྐབས་དེར་ངའི་ཡིད་ལ་ཨ་ཇོ་པ་སངས་ཀྱི་མེ་མདའ་ཤར་བྱུང་བས་སྐད་ཅོར་བརྒྱབ་སྟེ། ཁྱོད་ཀྱིས་འདི་འདྲའི་ཉེན་ཁའི་ནང་དུ་མེ་མདའ་བེད་སྤྱོད་མི་བྱེད་པའི་རྒྱུ་མཚན་ཅི་ཡིན། ཞེས་དྲིས་པ་ན། ཁོས་དལ་ལྷོད་ལྷོད་ངང་། སྤྱང་རྒན་དེ་ཚོར་མདེའུ་འཕྲོ་བརླག་ཏུ་གཏོང་དོན་མི་འདུག ཟེར་ཞོར་ཁ་ལོ་བའི་ཕྲག་པར་ལག་པས་རྡེབ་ཙམ་བྱས་རྗེས། ཝེ། ད་ང་ཚོས་ངལ་ཞིག་གསོས་ན་མི་བཟང་ངམ། ཟེར། ཕྱོགས་བཞི་ནས་བསིལ་རླུང་གིས་ཁྱེར་ཡོང་བའི་ལོ་འདབ་སྐམ་པོ་རེ་རེ་བཞིན་རླངས་འཁོར་གྱི་ཤེལ་སྒོའི་ངོས་སུ་བརྡབས་པའི་རོལ་དབྱངས་ཀྱི་ཁྲོད་དུ་ཁོ་ཚོས་རེ་རེ་བཞིན་སྔུར་བ་འཐེན་བྱུང་མོད། ང་ནི་ད་དུང་སྙིང་དམར་པོ་མགྲིན་པའི་བར་དུ་བཙངས་ནས་སེམས་ལྷོད་དུ་མི་འབབ། ཡུད་ཙམ་གྱི་རྗེས་ནས་ཤར་ཕྱོགས་ཀྱི་མཁའ་མཐའ་རིམ་གྱིས་སྔོ་སྔར་གྱུར་ཅིང་། བྱ་བྱེའུ་སྣ་ཚོགས་ཀྱི་སྐད་སྒྲ་ཡང་འཕྲོ་རིམ་འཕྲོར་ནགས་ཀླུང་གི་ཁྲོད་ནས་གང་སར་འཕུར། ངས་ཁོ་ཚོ་གཉིད་ལས་བསླངས་རྗེས་ང་ཚོས་ཕག་ཤའི་ལྕགས་སྒམ་ཆུང་ཆུང་རེའི་ཁ་ཕྱེ་ནས་ཆུ་འཁྱག་དང་མཉམ་དུ་ཟོས་ཏེ་དེས་ཞོགས་ཇའི་གོ་ཆོད་པར་བྱས། སྐབས་དེར་གློ་བུར་དུ་རྒྱང་རིང་རྫ་གསེབ་ཅིག་ནས་དུད་སྤྲིན་དམར་སྨུག་ཅིག་གྱེན་དུ་འཕྱུར་ནས་ང་ཚོའི་འགྲམ་གྱི་ནགས་ཀླུང་དང་ཆུ་ཕྲན་སོགས་ཡོད་ཚད་བཏུམས་ཤིང་། མིའི་འཕར་རྩ་ཡང་དབང་མེད་དུ་ལྷོད་པར་བྱེད་པའི་དྲི་ཞིམ་སྨྲ་མི་ཤེས་པ་ཞིག་གིས་ང་ཚོ་ག་ལེར་ས་རུ་འགྱེལ་དུ་བཅུག་བྱུང་ལ། ངའི་རྣ་ལམ་དུ་དམག་རྟ་ཁྲི་ཕྲག་གི་རྨིག་སྒྲ་ཨེ་ཡིན་སྙམ་པའི་སྒྲ་སྐད་ཡ་མཚན་ཅན་ཞིག་བར་མེད་དུ་གྲགས་ཤིང་། འགྲམ་དེར་ཡོད་པའི་ང་ཚོའི་རླངས་འཁོར་ཆུང་ཆུང་དེ་སྐོར་མཁན་མེད་པར་ཕར་ཙམ་བརྒྱུགས་རྗེས་འུར་སྒྲ་དང་ཚག་སྒྲའི་ཁྲོད་དུ་འཕྲུལ་ཆས་ཀྱི་ལྷུ་ལག་དང་རྐུབ་སྟེགས་སོགས་ཡོད་ཚད་བྱེ་རྡུལ་སྨུག་པོ་ཞིག་ཏུ་གྱུར་ནས་ཞོགས་རླུང་གི་ཁྲོད་དུ་ག་ལེར་རྩྭ་གསེབ་གང་སར་འཐོར་བཞིན་འདུག
ལྔ།
དུས་ཡུན་ཅི་ཙམ་འགོར་བ་མི་ཤེས་པའི་རབ་རིབ་ཀྱི་ཚོར་སྣང་ཞིག་དང་ལྷན་དུ་ང་རང་ཕྱིར་ན་ཟུག་གི་ཚོར་བ་ངོས་ཟིན་པའི་འཇིག་རྟེན་འདིར་ལོག་པ་ན། ཐོག་མར་མིག་མདུན་དུ་མངོན་པ་ནི་ཨ་ཇོ་པ་སངས་ཀྱི་ཁ་ངོ་ཁྲག་གིས་འཚོས་ཏེ་ངའི་ཕྱོགས་སུ་གོག་མ་ནུར་གྱིས་ཡོང་གིན་ཡོད་པ་དེ་དང་། ཉེ་འགྲམ་དེར་ཕྱི་གླིང་བ་བགྲེས་པོ་དང་རླངས་འཁོར་ཁ་ལོ་བ་གཉིས་ཀྱིས་ཁྱོད་ཤི་ང་གསོན་གྱི་དམར་འཛིང་བྱེད་བཞིན་པ་དེ་རེད།
ངས་སྐད་ཆེན་པོ་ཞིག་རྒྱག་བསམས་ཀྱང་མིད་ཐག་བཅད་པ་དང་འདྲ་བར་ཁ་ནས་ཚིག་གཅིག་ཀྱང་མི་ཐོན་ལ། ལུས་པོ་ཡང་རང་ལ་མི་དབང་བར་འགུལ་སྐྱོད་རྩ་བ་ནས་རྒྱག་ཐབས་བྲལ། ཡུད་ཙམ་འགོར་རྗེས་ཨ་ཇོ་པ་སངས་ཀྱི་ཁྲག་དམར་གྱིས་སྦགས་པའི་ལག་པ་ངའི་ཕྲག་པའི་སྟེང་དུ་རག་བྱུང་ལ། དེ་དང་མཉམ་དུ་མཛུབ་རྗེས་དམར་པོ་འགའ་ངའི་ཕྲག་སྟེང་ནས་ལུས་སོང་། ངེད་གཉིས་ཕན་ཚུན་ལ་བསྙེས་ནས་ཁོ་གཉིས་ཀྱི་དམར་འཛིང་གི་མཇུག་འབྲས་ལ་ལྟ་བཞིན་བསྡད་པས། ཁ་ལོ་བས་ལྕགས་ཀྱི་སྐམ་པ་ལྟ་བུའི་དངོས་པོ་ཞིག་གིས་ཕྱི་གླིང་བའི་མགོ་རུ་ཤུགས་ཆེན་ཞིག་གཞུས་མ་ཐག ཕྱི་གླིང་བ་དེ་ཆོབ་སྒྲ་ཞིག་དང་མཉམ་དུ་ས་རུ་འགྱེལ་བ་ན། ཁ་ལོ་བས་ཁ་ནས་ཁྲག་དམར་དང་འདྲེས་པའི་ཁ་ཆུའི་ཟེགས་མ་ཕྱོགས་བཞིར་གཏོར་བཞིན་ཧབ་དགོད་ཆེན་པོ་ཞིག་བརྒྱབ་ནས་ཕྱི་གླིང་བའི་འགྲམ་དུ་བཙོག་སྟེ་ལག་པ་གཉིས་འདར་སིག་སིག་གིས་ཁོའི་ལུས་སྟེང་ནས་ཅི་ཞིག་འཚོལ་བཞིན་འདུག སྐབས་དེར་གློ་བུར་ཕྱི་གླིང་བ་དེ་རོ་ལངས་བརྒྱབ་པ་ལྟར་ཁོག་སྟོད་ཡར་དགྱེ་སྟེ་ཁ་ལོ་བའི་བྲང་ཁར་ལག་པར་གཞུ་ཙམ་བྱས་པ་ན། ཁོས་འཁུན་སྐད་ཅིག་ཕྱུངས་ནས་གན་རྐྱལ་དུ་འགྱེལ་སོང་། ངེད་གཉིས་རང་རང་ས་ནས་ལག་པ་རྩི་ཤིང་དང་རྡོ་མདོང་སོགས་ལ་འཇུས་ཏེ་ཁོ་གཉིས་ཀྱི་འགྲམ་དུ་བསླེབས་དུས། ཕྱི་གླིང་བའི་མགོ་བོ་བཀས་པའི་སྲུབ་ཀ་ལས་ཀླད་ཞོ་སྐྱ་ཆིལ་ལེར་ས་རུ་འཐོར་ཞིང་། ཁ་ལོ་བའི་བྲང་ཁ་ན་གྲི་ཆུང་སོར་ལྔ་ཡོད་པ་ཞིག་གྱེན་དུ་འཕྱུར་བའི་ཁྲག་དམར་གྱི་ཁྲོད་ན་འདར་ཙམ་བྱེད་བཞིན་འདུག ངས་ཁོ་གཉིས་ཀྱི་རྩོད་གཞི་དེ་ཅི་ཞིག་ཡིན་མ་ཤེས་པར་ཐེ་ཚོམ་ངང་ལུས་སྐབས། ཨ་ཇོ་པ་སངས་ཀྱིས་འགྲམ་དེར་ཡོད་པའི་ཤིང་ལོའི་ཕུང་པོའི་ཁྲོད་ནས་ཤོག་ལྷེ་ཞིག་བཏོན་ཏེ་ངའི་ལག་ཏུ་བཞག་རྗེས། ཁོ་གཉིས་ཀྱི་རྣམ་ཤེས་འདིའི་སྟེང་དུ་ཐིམ་པ་རེད། ཟེར། ངས་ཤོག་ལྷེ་དེ་མཐོང་མ་ཐག་ཡོད་ཚད་ཧ་གོ་སོང་། ནོར་མི་འདུག ཁོ་གཉིས་ཀྱིས་ཨ་ཇོ་པ་སངས་འཆི་ལམ་དུ་བརྫངས་རྗེས་རང་རང་གི་ཧམ་སེམས་ཕྱིར་མངོན་ནས་ཁྱོད་ཤི་ང་གསོན་གྱི་དམར་འཛིང་འདི་དང་དུ་བླངས་པ་རེད་འདུག ཨ་ཇོ་པ་སངས་ཀྱི་ལུས་སྟེང་གི་རྨ་ཁ་ཧ་ཅང་ཚབས་ཆེ་ན་ཡང་ཚེ་སྲོག་ལ་ཉེན་ཁ་དེ་ཙམ་མི་འདུག སྨུག་མདོག་གི་ཉི་འོད་ཅིག་ནུབ་རིའི་མཁའ་མཐའ་ནས་འཚེར་བའི་དགུང་ཁ་དེར། ངེད་གཉིས་ཀྱིས་ཆུ་འཁྱག་སྙིམ་པ་འགའ་དང་ལྷན་དུ་མངར་བག་སྐམ་སོབ་འགའ་ཟོས་རྗེས། སོ་སོའི་རྒྱབ་ཁུག་ལས་རས་གུར་ཆུང་ཆུང་དང་མལ་ཆས་ཕྱིར་བཏོན་ནས་དབེན་འཇགས་ཀྱི་མཚན་རིང་ཞིག་བསྐྱལ་བ་ཡིན། མཚན་མོ་དེར་ང་རང་གཉིད་རྩ་བ་ནས་མ་ཁུག་པར་མཁའ་དབྱིངས་ཀྱི་སྐར་ཚོགས་ལ་མཛུབ་རྩིས་རྒྱག་བཞིན་གནམ་རིག་མཁས་ཅན་ཞིག་དང་འདྲ་བར་འཇིག་རྟེན་ཟླུམ་པོ་འདིའི་མ་འོངས་པར་སེམས་ཁྲལ་བྱས་ནས་ཐོ་རེངས་ཀྱི་བསིལ་རླུང་དལ་བུར་མ་ལྡང་བར་དུ་བསྡད་པ་ཡིན།
དྲུག
ཉིན་དེ་ནི་ངས་ཚེ་གང་བོར་བརྗེད་མི་སྲིད། ཞོགས་ཟས་སྟབས་བདེ་ཞིག་གི་རྗེས་ནས་ངས་ཨ་ཇོ་པ་སངས་སྐྱོར་བཞིན་བཀྲ་མི་ཤིས་པའི་ས་ཆ་དེ་དང་ཁ་བྲལ་ནས་མདུན་ཕྱོགས་སུ་བསྐྱོད་དེ་ཉིན་གུང་ཙགི་དུས་སུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལུང་ཁུག་ཅིག་ཏུ་བསླེབས་སོང་། འདི་རི་མི་ཕྱུགས་ཀྱི་རྗེས་ཙམ་ཡང་མཐོང་རྒྱུ་མི་འདུག་ལ། ཕྱོགས་བཞིའི་བྲག་གཟར་ནས་འབབ་པའི་རྦབ་ཆུའི་བཞུར་སྒྲ་ནི་ཡུགས་ས་མ་ཞིག་གིས་ངུ་སྐད་འབྱིན་པ་དང་མཚུངས། ཨ་ཇོ་པ་སངས་ཀྱིས་ཕྱོགས་བཞིའི་རི་ལྡེབས་སུ་ལྟ་ཙམ་ཞིག་བྱས་རྗེས་མགུལ་གྱི་གའུའི་ནང་ནས་ལུང་བསྟན་གྱི་ཤོག་དྲིལ་དེ་བཏོན་ནས་ངའི་ལག་ཏུ་བཞག་རྗེས། མྱུར་མོར་ས་ཆ་གཏན་འཁེལ་བྱོས། ཟེར་བས། ངས་ཅི་ཡིན་འདི་ཡིན་མ་ཤེས་པར་ཤོག་དྲིལ་དེའི་ཁ་ཕྱེས་ནས་ངེད་གཉིས་ས་ཆ་གང་ཞིག་ཏུ་བསླེབས་ཡོད་མེད་བཙལ་བ་ན། ཨ་གནམ་རྒན་མ། ཐིག་རིས་འཁྱོག་པོ་ཞིག་གི་སྣེ་རུ། ཕྱོགས་བཞིའི་བྲག་གི་མཚོན་རྩེ་རུ། །ལས་ངན་སྐྱེ་བོའི་ཚེ་སྲོག་འཐིམ། །ཞེས་བྲིས་འདུག ཨ་ཇོི་པ་སངས་ཀྱིས་རུམ་ནས་མེ་མདའ་ཆུང་ཆུང་དེ་ཕྱིར་བཏོན་ནས་དེའི་ཁོག་ཏུ་མདེའུ་བརྫངས་མ་ཚར་གོང་། གློ་བུར་དུ་བྲག་རྡོ་ཉིལ་བའི་སྒྲ་ཆེན་པོ་ཞིག་གང་ས་ནས་གྲགས་ཤིང་། གཡས་ཕྱོགས་ཀྱི་རི་ལྡེབས་ནས་ཕ་བོང་ཆེན་པོ་ཞིག་འུར་སྒྲ་དང་བཅས་ཐུར་དུ་འགྲིལ་ཡོང་ནས་ཨ་ཇོ་པ་སངས་ཀྱི་ལུས་སྟེང་དུ་ལྷུང་སྟེ་ཁོ་རང་འོག་ཏུ་བརྫིས་ནས་ཕྱེད་ཀ་ཙམ་ས་འོག་ཏུ་འཛུལ་སོང་། ང་རང་སྐྲག་མ་དངངས་ཀྱིས་ཕར་བརྒྱུགས་ནས་ཕ་བོང་དེར་འཇུས་ཏེ། ཨ་ཇོ་པ་སངས། ཞེས་ཁོའི་མིང་ནས་འབོད་བཞིན་ཨ་ལན་ཞིག་ལ་རེ་སྒུག་བྱས་ཀྱང་ང་ལ་བྱིན་པའི་ལན་ནི་སྙིང་རྗེ་མེད་ཅིང་ལྗིད་ཁོག་ཆེ་བའི་ཕ་བོང་དེའི་གྲུ་ཟུར་ཞིག་ནས་ཡར་འཕྱུར་ཡོང་བའི་ཁྲག་དམར་གྱི་ཐིགས་པ་ཁ་ཤས་རེད། ང་རང་བྱིས་པ་ཞིག་དང་འདྲ་བར་དྲག་ཏུ་ངུ་བཞིན་དཔྲལ་བ་ནས་ཁྲག་མ་ཐོན་གྱི་བར་དུ་ཕ་བོང་དེར་མགོ་བོས་གཞུས་པ་ཡིན། རྦབ་རྡོ་སྔར་བཞིན་ཕྱོགས་བཞི་ནས་ཐུར་དུ་འགྲིལ་བཞིན་འདུག་ལ། བྲག་ལྡེབས་ཀྱི་རྦབ་ཆུ་དེ་དག་ཀྱང་འཆི་བདག་གི་ལག་རིང་དང་སྡེར་མོ་རེ་རེ་དང་འདྲ་བར་ངའི་ཐག་ཉེ་སའི་འཕྱོ། ངས་སེམས་ཧ་ཅང་སྐྱོ་བའི་ངང་སྐྱི་གཡའ་བའི་དོན་རྐྱེན་འདི་ཉིན་ཐོ་འབྲི་དེབ་ཀྱི་ངོས་སུ་བཀོད་ཅིང་། རང་གི་མཛུབ་མོའི་རྩེ་རུ་སོ་བཏབ་ནས་ཁྲག་ཐོན་དུ་བཅུག་སྟེ་ཨ་ཇོ་པ་སངས་མནན་པའི་ཕ་བོང་དེའི་སྟེང་དུ་ཤམ་བྷ་ལའི་དུད་སྤྲིན་ཞེས་པའི་ཡིག་འབྲུ་དམར་པོ་ལྔ་བྲིས་རྗེས། ཁུར་བོ་ཆུང་ཆུང་དེ་རྒྱབ་ཏུ་ཁུར་ནས་གསང་བ་ལྐོག་གྱུར་གྱི་ཧི་མ་ལ་ཡའི་རི་རྒྱུད་དང་ཁ་གྱེས་ཏེ་ཕྱིར་ཉི་འོད་གྲོང་ཁྱེར་དུ་འབོད་པའི་ལྷ་ས་རུ་ལོག་པ་ཡིན།།
སྤྱི་ལོ་༡༩༩༦ལོའི་ཟླ་༥ཚེས་༡༥ཉིན་བལ་ཡུལ་དུ་བྲིས་ཤིང་། སྤྱི་ལོ་༢༠༠༩ལོའི་ཟླ་༧ཚེས་ཉེར་བཞི་ཉིན་ཡང་སྐྱར་བཟོ་བཅོས་ཕྲན་བུ་དང་བཅས་ཐེངས་གཉིས་པར་གློག་ཀླད་དུ་གཏགས།
བརྩམས་སྒྲུང་འདི་སེམས་ནས་བརྗེད་དེ་ལོ་མང་སོང་ཟིན་ཀྱང་། ཉིན་གཅིག་གི་སྔོན་ལ་དྲ་གྲོགས་སྒོམ་སྡེ་ལྷ་རམས་པས་དྲན་སྐུལ་ཞིག་དང་བཅས་གཟིགས་ན་འདོད་གསུངས་པ་ལ་བརྟེན་ནས་དེ་རིང་གི་ཉི་མ་དྲོན་པོ་དེའི་ནང་དུ་ཆུ་ཚོད་གསུམ་དང་ཕྱེད་ཀའི་རིང་ལ་གཏགས་ཏེ་མཇུག་གྲུབ་སོང་། ཡིན་ན་ཡང་ཞུ་དག་བྱེད་མ་ཐུབ་པས་ཡིག་ནོར་ཏན་ཏན་ཡོད་སྲིད།
ཀླུ་སྨྱོན་ལགས།
ཁྱེད་ཀྱི་ཤམྦྷ་ལའི་དུད་སྤྲིན་ཟེར་བའི་རྩོམ་ཡིག་འདི་དེ་འདྲའི་སྙན་ཅིང་ཀློག་སྤྲོ་བ་ལ་ཨང་།
ཐུགས་རྗེ་ཆེ།
གསར་རྩོམ་ལ་རེ་འདོད་ཀྱི་མཚར་སྣང་དང་རྩོམ་རིག་ལ་རྗེས་ཆགས་ཀྱི་རང་སྣང་དང་
ལྷན་དུ་ཐེངས་གསུམ་བཀླགས་པ་ཡིན།
མུ་མཐུད་དུ་བརྩམས་ཆོས་འདི་འདྲ་མིག་ལ་བཤམ་རྒྱུ་མཁྱེན་མཁྱེན།།
ཀློག་པ་པོ་མེད་པའི་སེམས་ཁུར་དེ་ནམ་ཡང་མ་གནང་རོགས།
ཀླུ་སྨྱོན་ལགས། གཟི་རྩ་ཆེན་དེ་མཐའ་མ་ཅི་བྱས་པ་རེད། ཇོ་པ་སང་ཤི་ན་ཤི་ཅི་ཡང་མི་སྐྱོན་ཏེ། གཟི་གོང་ཆེན་དེ་བྲག་རྡོའི་འོག་ཏུ་མནན་སོང་བ་འདྲ། ཨ་ཧ་བོ་ན་ཧ་བོ།
ཀླུ་སྨྱོན་ལགས། ཉིད་ཀྱིས་སྒྲུང་རྩོམ་ཞིག་གསར་རྩོམ་བྱེད་བཞིན་ཡོད་པ་གང་ཞིག་ཐོས་མྱོང་ཡོད།ཉིད་ཀྱིས་མི་རིང་བར་བརྩམས་སྒྲུང་དེ་ཡང་སྤུན་ཟླ་དག་གིས་མིག་ལམ་ལ་གཤམ་ཐུབ་པར་རེ་བ་ཡོད།