སྙན་བཟང་གཡུང་དྲུང་ཚེ་རིང་།
ཤམ་བྷ་ལའི་ཚོགས་འདུ་ཚོགས་ཟིན་པ་འདྲ། ‘‘ཐུ་བྷོད་ཀྱི་ས་ཆ་ན་མེ་འབར་བཞིན་ཡོད་ནའང་། ཐང་གི་ཕྱོགས་ན་གླུ་ལེན་བཞིན་འདུག’’ ‘‘འདིར་བཞུགས་ཀྱི་སྐྱེས་ཆེན་རྣམ་པ་སྔོན་ཆད་ཐུ་བྷོད་ཀྱི་རྒྱལ་པོ་དང་བློན་པོར་བཞུགས་སྟབས། ཉམས་མྱོང་ཅན་ཤ་སྟག་རེད།’’ ‘‘ཐུ་བྷོད་མི་རིགས་ལ་བཅངས་པའི་ལར་ཞེན་དང་བརྩེ་བ་ཁྲག་ལ་འགོས་པ་ཇི་བཞིན་ཡོད་པ་རེད།’’ ‘‘དེས་ན་ང་ཚོས་ཐུ་བྷོད་ལ་ཞབས་འདེགས་ག་རེ་བསྒྲུབ་ཐུབ་བམ།’’ རེས་གསལ་རེས་ཡིབ་ཀྱི་ཚིག་འདི་དག་སུས་གསུང་གི་ཡོད་མེད་མི་ཤེས་ནའང་། རིགས་ལྡན་རྒྱལ་པོའི་སྒོ་དང་སྒེའུ་ཁུང་དག་ལས་ཆད་མ་མཐུད་ཀྱིས་གྲག་ཡོང་།
རིགས་ལྡན་རྒྱལ་པོའི་ཚོགས་ཁང་འདིའི་ཕྱི་རོལ་གྱི་དབྱིབས་ཟླུམ་ཞིང་། རི་རབ་ཀྱི་རྩེ་མོ་དག་ན་འདོད་ཁམས་ཀྱི་ལྷ་དང་། གཟུགས་ཁམས་གནས་རིགས་བཅུ་བདུན་སོགས་སྤྲིན་གྱི་རྟ་ཕོར་ཞོན། དཔག་ཚད་བཞི་ཁྲིའི་མཚམས་སུ་ཉི་ཟླ་གཟའ་སྐར་དང་བཅས་པ་འོད་འཚེར་འཚེར་བྱེད་ཅིང་། རི་རྒྱལ་གྱི་མཐའ་བསྐོར་དུ་གསེར་གྱི་རི་བདུན་ནི་བརྗིད་ཉམས་ཀྱིས་འཕགས་པར་མ་ཟད། རོལ་བའི་མཚོ་བདུན་ནི་སྔོ་ལྷམ་མེར་འཁྱིལ། ཕྱོགས་གང་ཞིག་ཤར་ལུས་འཕགས་གླིང་། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན་ཡིན་པ་མི་ཤེས་མོད། ཚོགས་ཁང་འདིའི་ཕྱོགས་བཞི་མཚམས་བརྒྱད་དུ་ཡོད་པའི་གྲོང་དང་གྲོང་ཁྱེར་བྱེ་བ་སྐར་ཚོགས་གནམ་ནས་ལྷུང་འདྲ།
རྒྱལ་པོ་སྲོང་བཙན་སྒམ་པོས་མཐའ་འཁོར་གྱི་ཚོགས་ཞུགས་པ་རྣམ་པར་སྤྱན་བསྐོར་ཅིག་གནང་རྗེས། ཐུགས་ཧ་ཅང་ཁྲོས་པའི་ཚུལ་གྱིས་‘‘མདང་དགོང་ངས་ཚིག་ནས་སྐྱ་བོར་གྱུར་པའི་ཐུ་བྷོད་ཀྱི་དཔའ་བོ་དང་དཔའ་མོ་ཚོའི་སོག་པར་བལྟས་པ་ཡིན། སོག་རུས་ཀྱི་གས་ག་སོ་སོའི་གས་སྟངས་ལ་བལྟས་ན། ང་ཚོས་ཐང་རྒྱལ་ཁབ་དང་མཉམ་དུ་དམག་རྒྱག་དགོས་ཀྱི་འདུག’’ཅེས་གསུངས་རྗེས། ཁོང་ཚམ་ཚོམ་ཅི་ཡང་མེད་པར་གསེར་ཁྲིར་བཞུགས་ཤིང་། ཕྱག་གཡས་པས་གཙུག་ཏོར་ལ་རེག་ཙམ་བྱས། ཚོགས་ཞུགས་པ་རྣམས་ཀྱིས་‘‘ལགས་སོ། ལགས་སོ། ‐‐‐’’ཞེས་ཟློ་བཞིན་ཕྱག་རྡེབ་གནང་མགོ་བརྩམས། དེ་མ་ཐག་ཤར་ཕྱོགས་ནས་སྤྲིན་ནག་པོ་ཞིག་གློ་བུར་དུ་འཕྱུར་བའི་ྐློང་ནས་འབྲུག་སྐད་གནམ་ས་གས་པ་ལྟར་གྲགས་པ་དང་། གློག་དམར་དུག་སྦྲུལ་རིས་སུ་འཁྱུགས་པས། རིག་ལྡན་རྒྱལ་པོའི་ཚོགས་ཁང་ཡོམ་ཡོམ་འགུལ།
སྐབས་དེར། རྒྱལ་དབང་ལྔ་པས་སྲོང་བཙན་གྱི་གསུང་འཇིགས་སྣང་ཅན་དེ་གསན་པས་ཐུགས་ལ་འཚུབ་ཆ་ལངས་ཤིང་། ཞལ་ལ་ཅི་མི་སྙམ་པའི་ཉམས་ཤིག་བསྡུས་ཏེ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པར་གཟིགས་ཙམ་གནང་། ཁོང་ཡང་བློང་བློང་པོར་གྱུར་ནས་རྩེ་གཅིག་གིས་ཅི་ཞིག་བསྒོམས་འདུག ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱིས་སྤྱན་ཟུང་བཙུམས་པའི་ཚུལ་དེར་གཞིགས་ན། སྲོང་བཙན་གྱིས་གློ་བུར་དུ་གསུངས་པའི་གྲོས་གཞི་དེར་ཐུགས་བསམ་ཟབ་མོ་བཞེས་ཀྱི་ཡོད་པ་འདྲ། ཚོགས་ཞུགས་པ་གཞན་དག་ནི་གཡས་གྲལ་དང་གཡོན་གྲལ་ན་ཕྲེང་བར་བསྒྲིགས་ཏེ་ཁུ་སིམ་མེར་བཞུགས་ཤིང་། སྟོང་འཇགས་སེ་ཡོད།
འབྲུག་སྐད་ཞི་འཇགས་སུ་གྱུར། ཁྲི་སྲོང་ལྡེའུ་བཙན་གྱིས་བདེན་པའི་ཚུལ་སྟོན་ཆེད། ཞལ་འཛུམ་དམུལ་དམུལ་གནང་བཞིན་དར་ཙམ་བཞུགས་རྗེས། རང་ལུས་མེར་སྲེག་གི་ལས་འགུལ་འདི་རླབས་ཆེན་གྱི་ལས་འགུལ་ཅིག་ཡིན་རུང་། འདིས་ཐང་གི་དཔོན་པོ་གཏུམ་པོ་ཅན་རྣམས་ཚར་གཅོད་མི་ཐུབ་པར་མ་ཟད། སྲིད་ཇུས་འཇིགས་སྣང་ཅན་དེ་ཁ་ལོ་བསྒྱུར་མི་ཐུབ་པས་རེ་ཞིག་མཚམས་འཇོག་གནང་དགོས་པ་དང་། ལས་འགུལ་འདི་དུམ་སེ་གཅོད་ཐུབ་མཁན་ཞིག་ཡོད་པ་ནི་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་རེད། རྒྱལ་དབང་ཁོང་གིས་རང་ལུས་མེར་སྲེག་མ་གཏོང་ཞེས་རྡོ་རྗེའི་བཀའ་སློབ་ཅིག་གནང་བ་ཡིན་ན། ལས་འགུལ་འདི་ཞི་འཇམ་དུ་འགྲོ་ངེས་རེད། ཡིན་ནའང་། ང་ཚོར་འཐབ་ན་སྟག་མོའི་ངར་ཤུགས་ཡོད་ཅིང་། བརྒྱུགས་ན་རྐྱང་གི་བང་མྱུར་ལྡན་པའི་དམག་དཔུང་འབུམ་ཕྲག་མང་པོ་ཡོད་ནའང་། གློ་བུར་དུ་ཐང་རྒྱལ་ཁབ་དང་མཉམ་དུ་དམག་རྒྱག་དགོས་པའི་སྐོར་ལ་ང་ཚོས་གཟབ་གཟབ་ཀྱིས་གྲོས་མོལ་གནང་དགོས་པ་འདུག དེ་མ་ཐག ཁྲི་སྲོང་ལྡེའུ་བཙན་གྱིས་ད་ནངས་ཞོགས་པར་ཁོང་ཉིད་རྟ་ཐོག་ནས་ལྷུང་བའི་རྐྱེན་ངན་གྱིས་ཕྱག་གཡོན་པར་རྨ་ཁ་བཟོས་ཡོད་པ་དེར་ཕྱག་གཡས་པས་འཕུར་འཕུར་གནང་བཞིན་‘‘དེ་རིང་འབྲུག་སྐད་སིང་སིང་གྲགས་པར་བལྟས་ན། ང་ཚོས་ཐང་རྒྱལ་ཁབ་དང་མཉམ་དུ་དམག་རྒྱག་དགོས་རུང་ཕམ་ཁ་ཉོ་མི་དགོས་པ་འདྲ།’’
མངའ་བདག་ཁྲི་རལ་པའི་སྐུ་ཅུང་རིད་ནའང་། སྐུ་བོངས་ཆེ་ཞིང་ཞལ་མདངས་ནག་པོ་ཡོད་པའི་ཚུལ་ལ་བལྟས་ན་འཇིགས་ཡེར་བ་ཞིག་འདུག ཁོང་གིས་ཡབ་མེས་ཀྱི་གསུང་ལ་‘‘ལགས་སོ་’’གནང་རྒྱུའང་བརྗེད་ནས་དོན་དག་ཅིག་ལ་ཐུགས་བསམ་བཞེས་ཀྱིན་གདའ། སྔོན་ཆད་དཔའ་ལ་ཞུམ་པ་མེད་པར་སྲོག་དམར་འབེན་ལ་བཙུགས་ནས་མི་རྟ་མང་པོ་བལྟས་བལྟས་རིག་རིག་ལ་ས་ལ་འགྱེལ་བའི་སྣང་ཚུལ་དེ་དྲན་བཞིན་འདར་གསིག་ཅིག་བརྒྱབ་ནའང་། ཐུ་བྷོད་ཀྱི་གནས་སྟངས་བསམས་ཀྱིན་བསམས་ཀྱིན་ཁོང་ཁྲོ་བཟོད་གླགས་མེད་པ་ཞིག་ལངས་ནས་དམག་རྒྱག་དགོས་པའི་བརྡ་ལ་དབུ་ལྡེམ་ཙམ་བྱས། ‘‘ཐང་གི་དཔོན་པོ་གཏུམ་པོ་རྣམས་ཀྱི་པགས་པ་གསོན་པོར་བཤུས་ཏེ་སྙིང་ཁྲག་ཡུལ་ལྷ་གཞི་བདག་དང་ལྷ་སྲིན་སྡེ་བརྒྱད་རྣམས་ལ་མཆོད་ནའང་། ངའི་སྙིང་གི་ཟུག་གཟེར་འཇགས་ཐབས་མི་འདུག་’’ཅེས་གསུང་བཞིན་རལ་བ་བཤིགས་པ་ན། ཁོང་ནི་གཡུ་རལ་རྒྱས་པའི་སེང་གེ་ཞིག་དང་འདྲ། བཞད་སྒྲ་དབང་ཕྱུག་རྒྱལ་པོས་ཚུལ་དེ་མཐོང་བ་དང་མཉམ་དུ། ཁོ་ནི་ཅི་འདྲའི་བཙན་པོ་སྡུག་རྩུབ་ཅན་ཞིག་རེད་ཨང་སྙམ་བྱུང་།
གཙང་བ་སྡེ་སྲིད་ཀྱིས་བོད་ཀྱི་རྒྱལ་པོ་དང་བླ་ཆེན་ཚོའི་ཞལ་ལ་གཟིགས་པ་ཙམ་གྱིས་ཐུགས་དོན་ཡོངས་རྫོགས་མཁྱེན་སོང་། བོད་ཀྱི་བཙན་པོ་ཚོས་སྐུ་ཚེ་གང་བོར་བོད་ཀྱི་རྒྱལ་ཁབ་རྒྱ་བསྐྱེད་པར་དམག་འཁྲུག་ལན་མང་བྱས་པའི་འབྲས་རྟགས་ཀྱིས་ཐུ་བྷོད་ཞེས་ཁྱིམ་མཚེས་རྒྱལ་ཁབ་ཚོས་འཇིགས་སྣང་སྐྱེས་མྱོང་བ་འདི་ནི་ཁོང་རྣམ་པ་ཚོའི་ཕྱག་རྗེས་ཡིན་པ་དང་། དེ་རིང་གློ་བུར་དུ་དམག་འཁྲུག་གནང་དགོས་པར་རེ་སྐུལ་མཛད་པ་འདི་ཡང་སྔ་མོའི་དུས་ཀྱི་བག་ཆགས་རེད་དགོངས་བཞིན་བཙན་པོ་ཚོར་དད་པ་སྐྱེས་ཤིང་། ཕྱི་གྲལ་དུ་བཞུགས་པའི་བློན་ཆེན་མགར་སྟོང་བཙན་དང་སྟག་སྒྲ་ྐླུ་གོང་སོགས་ལའང་བཀུར་བསྟི་གནང་འདོད་བྱུང་། བཙན་པོའི་གདུང་རྒྱུད་ཆད་ནས་བཟུང་བོད་ཀྱི་བླ་སྤྲུལ་མང་པོ་ཞིག་རྒྱལ་ཁབ་སྐྱོང་བར་ཐུགས་འདུན་ཆེན་པོ་མེད་པས། གནས་སྟངས་འབའ་ཞིག་གི་ཆེད་དུ་རྒྱལ་ཁབ་གཞན་དང་གཞན་ལ་ཕེབས་ནས་འགྲོ་དོན་བསྐྱངས་པ་ན། ཧོ་ཐོག་ཐུ་དང་། ཏི་ཤྲཱི། ནོ་མོན་ཧན་སོགས་ཀྱི་གོ་མིང་ཐོབ་ནའང་། བོད་རྒྱལ་ཁབ་ཀྱི་གནས་སྟངས་ནི་ཚད་འདི་འདྲ་ཞིག་ཏུ་བསྐྱལ་བ་རེད། འོན་ཀྱང་། ཡུད་ཙམ་གྱི་རྗེས་སུ་རང་གིས་སྐྱེས་ཆེན་ཉི་ཟླ་ལྟར་འཚེར་བའི་རྒྱལ་དབང་སྐུ་ཕྲེང་གཙོས་པའི་བླ་ཆེན་པོ་ཚོར་དད་ལོག་བྱེད་བཞིན་ཡོད་པ་རྟོགས་ཏེ། རྒྱལ་བ་སྲས་དང་བཅས་པར་གསོལ་བ་དྲག་ཏུ་འདེབས་བཞིན་ཕྱག་ཚར་འབུམ་གཅིག་འཚལ་བར་དམ་བཅའ་མཛད།
རྒྱལ་དབང་ལྔ་པས་དམིགས་པ་རྩེ་གཅིག་ཏུ་བསྡུས་ཏེ་ཁྲི་སྲོང་ལྡེའུ་བཙན་གྱིས་རང་ལུས་མེར་སྲེག་གི་ལས་འགུལ་མཚམས་འཇོག་གནང་དགོས་པའི་ཇུས་བཀོད་དེར་རྒྱབ་སྐྱོར་གནང་ནའང་། བཙན་པོ་རྣམས་ཀྱིས་ཐང་རྒྱལ་ཁབ་དང་མཉམ་དུ་དམག་རྒྱག་དགོས་པ་དེར་ངོས་ལེན་གཏན་ནས་མ་མཛད། ཁོང་གིས་བོད་ཀྱི་དཔའ་བོ་དང་དཔའ་མོ་ཚོའི་སོག་རུས་ཀྱི་གས་ག་སོ་སོའི་གས་སྟངས་དེ་ཡང་སྣ་ཚོགས་ལས་ཀྱི་དབང་གིས་གས་ཤིང་། དེ་ལ་ལྡོག་ཐབས་མེད་པའི་སྐོར་རྒྱས་བཤད་ཐེངས་ཤིག་གནང་། བོད་ཀྱི་འཐབ་རྩོད་ནི་ཞི་བའི་ལམ་ནས་སེལ་དགོས་པ་དང་། བོད་ལ་ལས་དང་བསོད་ནམས་ཡོད་ན་བདེན་པའི་ཉི་མ་ཏན་ཏན་འཆར་གྱི་རེད་ཅེས་དང་། ‘‘ཉམ་ཆུང་འགྲོ་བ་འདི་དག་སྙིང་རེ་རྗེ་’’ཞེས་གསུངས།
ཤམ་བྷ་ལར་རླུང་བསིལ་མ་ཞིག་ལྡང་བྱུང་། ད་དུང་གནམ་གྱི་མཐོ་ས་ན་སྤྲིན་ནག་ལེབ་མོ་ཆེན་པོ་འགའ་འདུག་ལ། དེའི་གོང་དུ་སྤྲིན་པ་སྲབ་མོ་གང་འཚམས་ཤིག་ཡོད་པ་དེར་ཉི་འོད་ཕོག་ནས་འཇའ་ཚོན་སྦྲུམ་ཞིང་། འཇའ་ཚོན་གྱིས་སྤྲིན་ནག་ལེབ་མོའི་ལྟོ་བ་ཤུགས་ཀྱིས་ཕུག་ནས་རིགས་ལྡན་རྒྱལ་པོའི་ཚོགས་ཁང་དུ་འཕྲོས། རིགས་ལྡན་རྒྱལ་པོའི་ཚོགས་ཁང་ཤེལ་གྱིས་བརྩིགས་ཡོད་པས་རེ་ཞིག་ཁྲ་ལམ་ལམ་དང་འོད་ཀྱུག་ཀྱུག་བྱས།
རྒྱལ་དབང་བཅུ་གསུམ་པས་མདུན་ཅོག་སྟེང་དུ་ཙན་དན་གྱིས་བཟོས་པའི་ཕྲེང་བ་དངུལ་གྱི་བཅུ་ཤད་ཅན་དེ་བཞག་རྗེས། སྤྱན་འབྲས་ནག་པོའི་གོང་གི་སྤྱན་སྤུ་མཐུག་པོ་གྱེན་དུ་གཟེང་གཟེང་ཞིག་བྱས་ཏེ་‘‘དུས་རབས་བདུན་པའི་ནང་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཁམས་གཅིག་གྱུར་མཛད་པ་ནས་བཟུང་སྟེ་དུས་རབས་ཉི་ཤུ་བའི་དཀྱིལ་ཙམ་བར་དུ། བོད་ཀྱི་ཡུལ་ཁམས་འདི་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན། ལོ་རབས་ལྔ་བཅུ་པའི་ནང་དུ་བྲག་རི་རྔམ་ཆེན་དཔུང་གིས་བཏེགས་མྱོང་བའི་རྒྱའི་དཔོན་པོ་ཞིག་གིས་བོད་ཀྱི་རྒྱལ་ཁམས་འདིའི་མགོ་བོ་ཁྲག་གིས་བརྫིས་པ་རེད། སྔོན་ཆད་ང་ཚོ་སུ་གཅིག་གི་སེམས་ནའང་གནས་སྟངས་ཛ་དྲག་པོ་འདི་འཁོར་མེད་པ་རེད། ང་ཚོ་བོད་ཀྱི་ཆོས་སྐྱོང་སྲུང་མ་དང་ཡུལ་ལྷ་གཞི་བདག་རྣམས་ཀྱི་སྐྱེ་བ་བླངས་ནས་བོད་ལ་ཁ་འཛིན་སྡོངས་གྲོགས་གནང་མཁན་མིན་ནའང་། ཁ་སང་དང་དེ་རིང་གི་བོད་ཀྱི་གནས་སྟངས་ལ་བསམས་ཚེ། ད་ནི་ཁ་འཛིན་སྡོངས་གྲོགས་བྱེད་པའི་དུས་ལ་བབས་འདུག་’’གསུངས་ཤིང་། དེ་མ་ཐག་ཚོགས་ཁང་དུ་ཕྱག་རྡེབ་ཀྱི་སྒྲས་ཁེངས།
སླར་ཡང་། ཁོང་གིས་‘‘ངས་བོད་རང་བཙན་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད། དེ་རིང་བོད་རང་བཙན་མིན་པ་ཞིག་གླེང་གི་འདུག བོད་ཀྱི་དཔའ་བོ་དང་དཔའ་མོ་ཚོས་བོད་རང་དབང་ཡིན་ཞེས་རང་ལུས་ཞུགས་མེར་འབུལ་གྱིན་ཡོད་ནའང་། བོད་ཀྱི་ཆེན་པོ་ཚོས་རང་བཙན་མིན་པའི་སྲིད་ཇུས་དེར་བསྐྱར་ཞིབ་ཅིག་ཀྱང་གནང་མེད། བོད་རང་བཙན་ནི་ང་ཚོའི་ཐོབ་ཐང་ཡིན་མིན་ལ་དོགས་པ་རྣམ་རྟོག་མེད་པ་རེད། ཡིན་ནའང་། ང་ཚོས་བོད་ལ་ཐོབ་ཐང་ཡོད་པ་ཞིག་གླེང་གི་ཡོད་པ་དེས་རྒྱ་ནག་མ་དགའ་བ་ཡིན་ན་དེ་ལ་ཁྱད་པར་མི་འདུག རྒྱལ་སྤྱིའི་རོགས་སྐྱོར་མེད་ཟེར་བ་དང་། རྒྱ་ནག་སྟོབས་ཤུགས་ཆེན་པོ་འདུག་ཟེར་བ་དེ་ཚོ་ནི་གནས་སྐབས་ཙམ་རེད། ཐ་ན་བོད་གཞུང་ཟེར་བའི་མིང་འདིས་ཀྱང་རྒྱ་གར་གཞུང་ལ་ཕོག་ཐུག་གཏོང་གི་ཡོད་ཚེ། ང་ཚོས་གནས་སྐབས་རིང་བོད་མི་སྐྱབས་བཅོལ་བ་སྡོད་སའི་ལུང་པ་གཞན་བཙལ་ན་མི་ཆོག་གམ་་་ ་་་’’ སྐབས་དེར། རིགས་ལྡན་རྒྱལ་པོའི་ཚོགས་ཁང་དུ་རྔུལ་ཆུས་ལུས་ཀུན་བརྫིས་ཤིང་། རལ་བ་ལས་ཚི་ཁུ་ནག་པོ་བཞུར་གྱིན་པའི་ྐླུ་ཁང་བ་ཕེབས་བྱུང་།
ྐླུ་ཁང་བ་མི་གྱོལ་རྟ་གྱོལ་ཞིག་ལ་སྤྲུལ་ནས་བོད་ཁམས་ཡོངས་ལ་གློག་འཁྱུག་པ་ལྟར་ཕེབས། ཁོང་ཕེབས་དོན་ནི་བོད་མི་མང་གི་བསམ་འཆར་བསྡུ་ལེན་གནང་བར་ཕེབས་པ་རེད། ས་སྐྱ་གོང་མ་དང་རིན་སྤུངས་པས་གསུང་བཤད་གནང་གྲུབ་རྗེས། ྐླུ་ཁང་བ་དགའ་སྤྲོའི་ངང་ཡར་དགྱེ་སྟེ། བོད་མི་བརྒྱ་ཆ་གོ་དགུ་ཡིས་རང་བཙན་འདོད་ཅིང་། ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་ཏུ་སྡོད་འདོད་མེད་པའི་སྐོར་ཞུས་པ་ན། ཚོགས་ཁང་ནང་དུ་སླར་ཡང་རྩོད་གླེང་གི་བྲག་ཅ་འཁྱིལ་ཅིང་། བྲག་ཅ་ཕྱི་རོལ་དུ་འཕོས་མ་ཐག གནམ་ས་དུས་གཅིག་ལ་གས་པ་དང་ས་གཞི་ཡོམ་ཡོམ་འགུལ་བའི་སྣང་བ་སྟེར། སྐབས་དེར། སྲོང་བཙན་དང་ཁྲི་རལ་གཉིས་ཁྲོས་ཏེ་ཞལ་སྒྲོས་ལྷབ་ལྷབ་ཏུ་འདར་བ་དང་། རྒྱལ་བློན་ཁ་ཤས་ཀྱི་ཞལ་ཁྱིམ་དམར་ནག་ཏུ་གྱུར་པར་མ་ཟད། དཔྲལ་ངོས་དང་སོག་རྒྱབ་ཐམས་ཅད་རྔུལ་ཆུས་བརླན་འདུག
བཙན་པོ་དང་རྒྱལ་བློན་ཚོས་རིམ་གྱིས་བོད་ཀྱི་ཛ་དྲག་གི་གནས་བབ་ལ་ཐུགས་བསམ་དང་བགྲོ་གླེང་མཛད་པ་ན། རྩ་དོན་འགའ་མང་མོས་འོས་བསྡུའི་ལམ་ནས་འོས་ཤོག་འཕེན་པར་ཚང་མ་ཞལ་མཐུན་པར་གྱུར། རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོས་རང་ལུས་ཞུགས་མེར་འབུལ་གྱིན་པར་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པས་བཀའ་སློབ་ཅིག་གནང་སྟེ་མཚམས་འཇོག་གནང་རྒྱུ་དང་། ཉིན་མོ་དེ་ནས་བཟུང་སླར་ཡང་བོད་རང་བཙན་རྩོད་དགོས་པ། དུས་ཚོད་ཚད་བཀག་གིས་རྒྱ་གཞུང་གིས་བོད་ལ་རང་བཙན་མ་སྤྲད་ཚེ། བོད་བཙན་པོའི་སྐབས་ཀྱི་སྟོད་ཀྱི་དཔའ་བོ་སྡེས་སྟག་གི་ྐླད་རུས་ཀྱིས་ཕུབ་ཀྱི་ཚབ་བྱས་ཏེ་བོད་ཀྱི་བྱང་ཕྱོགས་ནས་རྒྱ་ནག་ཏུ་གཤར་རྒྱུ་དང་། བར་གྱི་དཔའ་བོའི་སྡེས་ཚེ་སློག་རྒྱབ་ཏུ་གྱོན་ཏེ་རལ་གྲི་ཤུབས་ནས་འདོན་བཞིན་བོད་ཀྱི་ཤར་ཕྱོགས་ནས་ཕེབས་ཏེ་རྒྱལ་ཁ་མ་ལོན་ན་ཕྱིར་མི་ལོག་པའི་དམ་བཅས། སྨད་ཀྱི་དཔའ་བོ་སྡེས་རལ་གྲིའི་ཤུབས་བཅག་སྟེ་ཁ་ཆེམས་གཉེན་ཚན་ལ་བཞག་ཚར་རྗེས། བོད་ཀྱི་ལྷོ་ཕྱོགས་ནས་བརྒྱུགས་ཏེ་དགྲ་མ་ཐུབ་ན་ཕྱིར་ལོག་པའི་གཡར་དམ་བཞེངས། དེ་དག་གི་གྲོགས་དན་དུ་བོད་ཀྱི་ཆོས་སྐྱོང་སྲུང་མ་དང་། ཡུལ་ལྷ་གཞི་བདག གཡག་སོ་དྲུག་གི་ལུས་བོངས་ལྟར་ཆེ་བའི་བླ་སྤྲུལ་མང་པོས་ནུབ་ཕྱོགས་ཀྱི་མཁའ་དབྱིངས་ནས་རྫུ་འཕྲུལ་སྟོན་རྒྱུ་དང་། དགྲ་བོ་ཆམ་ལ་འབབ་རྒྱུ་བྱས། རྩ་དོན་འདི་དག་ལ་མང་མོས་འོས་ཤོག་ཐོབ་ཅིང་། སློབ་དཔོན་ཐོན་མིས་ཚིག་ཐོ་འདི་དག་ཤོག་ཐོག་ཏུ་ཕབ་སྟེ་མགར་སྟོང་བཙན་གྱི་ཕྱག་ཏུ་གནང་ཞིང་། བློན་པོ་མགར་རྟ་དཀར་པོ་སྲུང་གོར་ཅན་དེའི་རྒྱབ་ཏུ་ཞོན་མ་ཐག རྟ་མཆོག་གིས་མགོ་བོ་གནམ་ལ་བཏེགས་ནས་ལན་འགའ་འཚེར་བཞིན་བྱང་ཕྱོགས་ཀྱི་གནས་དེར་ཤོར་སོང་།
ཤམ་བྷ་ལའི་ཚོགས་འདུ་གྲོལ་ཟིན་པ་འདྲ། བོད་ཀྱི་ཆོས་རྒྱལ་མེས་དཔོན་རྣམ་གསུམ་རྟ་རོག་རོག་གསུམ་ལ་བཅིབས་ནས་ཤམ་བྷ་ལའི་རི་རབ་ཀྱི་རྩེ་མོ་དག་གི་རྭ་བར་ན་ཕེབས་ཤིང་། ས་ཕག་རིན་གཙང་གཡག་ཐོད་དཀར་གསུམ་གྱི་གོང་རོལ་ལ་ཞོན་ཏེ་གསེར་གྱི་རི་བདུན་དང་རོལ་བའི་མཚོ་བདུན་གྱི་དཀྱིལ་དུ་བསྐྱོད། རྒྱལ་དབང་ལྔ་པ་དང་རྒྱལ་དབང་བཅུ་གསུམ་པ་རྣམ་པ་གཉིས་བྱ་རྒོད་ཅིག་གི་གཤོག་པ་གཡས་གཡོན་གྱི་སྟེང་དུ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་། བྱ་རྒོད་དེའི་གཤོག་པ་ཆེན་པོ་ལན་འགའ་གཡབས་རྗེས་ཉི་ཟླ་གཟའ་སྐར་འོད་འཚེར་འཚེར་བྱེད་པའི་བར་སྣང་དུ་འཕུར་མགོ་བརྩམས། བློན་པོ་ཚོས་ཀྱང་རང་རང་གི་བཅིབས་པའི་ཁ་ཆུང་ནང་ལ་འཇུས་ནས་གཡས་གཅུ་གཡོན་གཅུ་བྱེད་བཞིན་རྒྱབ་ཏུ་ཞོན་མ་ཐག བཅིབས་པ་རྣམས་ཅུང་ཙམ་འདྲོགས་ཏེ་ཨ་ལོང་བཞིན་སྐོར་རྒྱུག་འགའ་བྱས་ཏེ་ནག་འཚུབ་སེ་ཤར་ལྷོ་ནུབ་བྱང་གི་ཕྱོགས་སུ་བཞུད་སོང་།
སྲོང་བཙན་སྒམ་པོས་རྟ་ཁ་བསྒགས་ནས་ཕྱིར་གཟིགས་གནང་བ་ན། འཇའ་ཡི་གུར་ཁྱིམ་སྙིང་ལ་རྗེ་བོ་ཞིག་རིགས་ལྡན་རྒྱལ་པོའི་ཚོགས་ཁང་དུ་འཕྲོས་འདུག་ལ། ‘‘ཐུ་བྷོད་ཀྱི་ས་ཆ་ན་མེ་འབར་བཞིན་ཡོད་ནའང་། ཐང་གི་ཕྱོགས་ན་གླུ་ལེན་བཞིན་འདུག’’ ‘‘འདིར་བཞུགས་ཀྱི་སྐྱེས་ཆེན་རྣམ་པ་སྔོན་ཆད་ཐུ་བྷོད་ཀྱི་རྒྱལ་པོ་དང་བློན་པོར་བཞུགས་སྟབས། ཉམས་མྱོང་ཅན་ཤ་སྟག་རེད།’’ ‘‘ཐུ་བྷོད་མི་རིགས་ལ་བཅངས་པའི་ལར་ཞེན་དང་བརྩེ་བ་ཁྲག་ལ་འགོས་པ་ཇི་བཞིན་ཡོད་པ་རེད།’’ ‘‘དེས་ན་ང་ཚོས་ཐུ་བྷོད་ལ་ཞབས་འདེགས་ག་རེ་བསྒྲུབ་ཐུབ་བམ།’’ ཤམ་བྷ་ལའི་བར་སྣང་དུ་གསུང་ཚིག་འདི་དག་ཆད་མ་མཐུད་ཀྱིས་གྲག་ཡོང་།
བོད་དང་རྒྱ་གཉིས་དམག་འཐབ་བྱས། །
བོད་དང་རྒྱ་གཉིས་གཉེན་ཐབས་བྱས། །
བོད་དང་རྒྱ་གཉིས་རང་བཙན་རྩོད། །
བོད་དང་རྒྱ་གཉིས་མཉམ་གནས་གྲོས། །
འདི་ཡུལ་དུས་ཀྱི་བསྐལ་བ་མེད་པའི་འཁྲབ་གཞུང་ཞིག་ཡིན་ས་རེད།
གློག་བརྙན་འཁྲབ་གཞུང་ཞིག་བྲིས་འདུག
ཨོ་ཡ་སྙིང་རྗེ། ད་བོདཔ་ཚོ་རྟོག་སྒྲུང་ཁོ་ན་བཟོ་བའི་ཚད་དུ་ལྷུང་འདུག་ཨང་།།
ཞོགས་པ་དྲྭ་ཚིགས་འདི་ཁ་མ་ཕྱེ་བའི་སྔོན་དུ་ལི་ཐང་ཨ་ཐར་གྱིས་ཆུ་བཞི་སྒང་དྲུག་གི་སྐོར་བཤད་པ་ཞིག་ལ་ཉན་པ་ཡིན། སྟངས་འཁེལ་བ་ཞིག་ལ་རྩོམ་ཡིག་འདིའི་ནང་དུ་འབྲུག་གྲག་པ་དེ་བོད་པ་ཚོས་རྟེན་འབྲེལ་བཟང་པོ་ཞིག་ལ་བརྩིས་(འདི་བོད་ལ་ཡོངས་སུ་གྲགས་པ་ཞིག་ཀྱང་རེད།)པ་དང་། ཨ་ཐར་ཀྱིས་འབྲུག་གྲག་པ་ནི་བོད་ལ་མཚོན་ན་ལྟས་ངན་པ་ཞིག་ཡིན་པར་བཤད་ཀྱིན་འདུག ཁོང་གིས། ” ལྷུན་རྩེ་རྫོང་ལ་བོད་གཞུང་གསར་འཛུགས་བྱེད་སྐབས་མེ་སྒྱོགས་བརྒྱབ་པ་དང་འབྲུག་སྐད་གྲག་པ་གཉིས་དུས་གཅིག་ལ་བྱུང་སོང་། འབྲུག་དེ་རྒྱ་ཡི་ལྷ་རེད་ཟེར་གྱི་འདུག བོད་ལ་མཚོན་ན་འདི་ལྟས་ངན་པ་ཞིག་རེད། དེར་ངས་བརྟག་དཔྱད་མང་པོ་བྱས་པ་ཡིན། དངོས་གནས་དེ་འདྲ་ཞིག་རེད། ” ཅེས་བཤད་འདུག བོད་ཀྱིས་འབྲུག་སྐད་གྲག་པ་དེ་རྟེན་འབྲེལ་བཟང་པོ་ཞིག་ཏུ་བརྩི་ནའང་འབྲུག་ལ་རྒྱ་ཡི་ལར་ཞེན་མ་གཏོགས་བོད་ལ་ཕན་སེམས་མེད་པ་འདྲ། དེ་འདྲ་ཞིག་ཨེ་རེད། ཧ་ཧ་ཧ།
རྨི་ལམ་སྐྱིད་པོ་ཞིག་བཏང་འདུག་ཀ་་་
འདིར་ཡུལ་དུས་ཀྱི་མེ་ལོང་མེད་པའི་འཁྲབ་ཚན་ཞིག་ཡིན་པ་འདྲ།
ཧཧཧཧཧཧ
སྤྲིན་པའི་རྒྱབ་ལོགས་སུ་ཅི་ཞིག་ཡོད་ལུགས་བརྗོད་པའི་རང་རའི་རང་མོས་སྙན་ངག་པ་འཆེས་པ་རྣམས་ཀྱི་རྟོགས་སྒྲུང་གོ་རྒྱུ་ཅི་ཡང་མེད་པ་ཞིག་འདིར་འདུག
ཐུ་བྷོད་དམ་ཡང་ན་་་(ཐུ་བྷོ་ཌ་) མིང་ཚིག་འདི་དབྱིན་ཇི་ནང་TIBET ཞེས་པར་འགྱུར་བ་རེད་ཚིག་འདི་ལེགས་སྦྱར་ཡིན་ཚོད་རེད།
མགོན་པོ་ལགས།
བོད། ཐུ་བྷོད། བྷོ་ཊ་སོགས་ཀྱི་མིང་ཇི་ལྟར་ཐོགས་ཚུལ་གྱི་སྐོར་དཀའ་ལས་ཅུང་ཙམ་བརྒྱབ་པ་ཡིན་ན། བོད་ཀྱི་མཁས་པ་རྣམས་ཀྱིས་བརྩམས་པའི་ལོ་རྒྱུས་དང་དཔྱད་རྩོམ་ཁ་ཤས་ཀྱི་ནང་དུ་གསལ་པོར་གསུངས་འདུག ཐ་ན་བོད་ཅེས་པའི་མིང་འདི་ཏུན་ཧོང་གཏེར་ཡིག་དང་། ལུང་རྣམ་འབྱེད། དཔལ་དུས་ཀྱི་འཁོར་ལོ་སོགས་ཀྱི་ནང་དུ་གསལ་མིན་ལའང་ཞིབ་འཇུག་གནང་འདུག མཐར་གཏུགས་ན་བོད་ཀྱི་གདོད་མའི་དུས་ཀྱི་མིང་ཕལ་ཆེར་ནི་འདོད་རྒྱལ་རེད་ཅེས་གསུངས་ཡོད། ད་སྐད་ཆ་གསར་པ་ག་རེ་ཡོད་ཟེར་ན། དགེ་ཆོས་ཀྱིས‘‘དེ་ལ་འགའ་ཞིག་ན་རེ། བརྡ་(Tibet)དེ་ཐོག་མར་ཁ་ཆེའི་ཡུལ་དུ་གྲགས་ཤིང་།’’ཞེས་པའི་ཚིག་དུམ་ཞིག་དེབ་དཀར་དུ་གསུངས་ཡོད། ཡིན་ནའང་དུས་རབས་ནམ་ཞིག་ཏུ་ཁ་ཆེ་བ་ཚོས་བོད་ལ་ཁྲེ་བྷེ་ཁྲུ་འབོད་ཀྱི་ཡོད་པ་གསུངས་མེད། རྒྱལ་སྤྱིའི་བོད་རིག་པ་བ་ཞིག་གིས་བོད་ཀྱི་རིག་གཞུང་གི་གས་ཆག་ཅེས་པའི་དེབ་ཅིག་བྲིས་ཡོད་པ་དེའི་ནང་དུ། དུས་རབས་བཅུ་པ་ནས་བཟུང་ཨ་རབ་ཀྱི་ལོ་རྒྱུས་ནང་དུ་ཁྲོབ་བྷ་ཁྲེས་(Tubbat)ཞེས་པའི་མིང་འདི་ཐོན་མགོ་བརྩམས་འདུག་ཅེས་བྲིས་ཡོད། དེང་སང་ང་ཚོས་འབྲི་བཞིན་པའི་ཁྲེ་བྷེ་ཁྲུ་(Tibet)ཞེས་པའི་མིང་འདི་ནུབ་ཕྱོགས་ཀྱི་སྐད་དུ་ཐོག་མར་འབྲི་མཁན་ནི་སི་པན་གྱི་མི་(Benjamin de Tudele)ཟེར་པ་ཁོང་ཡིན་འདུག ཁོང་ནི་དུས་རབས་བཅུ་གཉིས་པའི་ནང་དུ་བོད་དུ་ཕྱིན་ཡོད་པ་དང་། ཁོང་གི་ཟིན་ཐོར་(qu’a quelques jours de marche de Samarkand s’étend la province du tibet dont les forêts abritent cette bête qui fournit le musc…)ཞེས་པའི་མིང་འདི་སྤྱད་ཡོད། (Tibet)ཞེས་པའི་མིང་འདི་ནི་ཨ་རབ་ཀྱི་(Tubbat)་ལ་བརྟེན་ནས་བྱུང་ཡོད་ཚོད། བཟླས་སྐྱོན་ཡོད་ན་དགོངས་འགལ་མེད་པ་ཞུ།