བཅར་འདྲི་ཞུ་མཁན། ཡེ་ཤེས་ལྷ་མོ།
དྲི་བ། ཤར་ཕྱོགས་ཁུག་རྟ་ལགས། ཁྱེད་དང་མཉམ་དུ་བུད་མེད་ཀྱི་སྐོར་ལ་བཀའ་མོལ་ཞུས་ཆོག་གི་རེད་དམ།
ལན། ཆོག་གི་རེད། ཆུ་ཚོད་གཅིག་ཙམ་རིང་ངས་ཁྱེད་ལ་ཐུགས་ཕན་སོས་མིན་ལ་མ་བལྟས་པར་རང་གི་རྒྱུན་གྱི་དྲན་ཕྱོགས་རྣམས་བཤད་ཆོག་གི་རེད།
དྲི་བ། ཁྱེད་ཀྱིས་བུད་མེད་ལ་ཆེ་མཐོང་གང་འདྲ་གནང་གི་ཡོད།
ལན། ང་སྐྱེ་ཡུལ་གྱི་སྡེ་བའི་གོམས་སྲོལ་གྱི་ཆ་ནས་ཞུས་ན། བུད་མེད་ལ་མཐོང་ཆུང་ཁྱད་གསོད་ཤུགས་ཆེ་ཡོད་པ་དེ་འདྲ་མ་རེད་དེ། བུད་མེད་སྐྱེ་དུས་བསང་མཆོད་མི་བྱེད་པ། བུད་མེད་གནས་འགྲོ་ཡིན་པས་སློབ་སྦྱོང་དེ་ཙམ་ཐོབ་དགོས་ཀྱི་མེད་པའི་བསམ་ཚུལ་ཡོད་པ། ཁྱིམ་ཚང་གི་མིང་འབོད་སྲོལ་ལ་ཁྱིམ་དེར་སྐྱེས་པ་ཡོད་ཚེ་ཆེ་ཆུང་ལ་མ་བལྟས་པར་དེའི་མིང་ཁྱིམ་མིང་དུ་སྦྱར་ཏེ་འབོད་པ་ལས། བུད་མེད་ཀྱི་མིང་འདོགས་སྲོལ་མེད་པ། ལོ་ན་སོན་མཚམས་ངེས་པར་དུ་གནས་ལ་འགྲོ་དགོས་པ། གནས་ལ་འགྲོ་ས་མ་རྙེད་པར་ཡུན་རིང་ལུས་ན་འཕྱ་སྨོད་བྱེད་པ། ཁྱིམ་མི་རྣམས་ཁྱིམ་དུ་སྡོད་སྐབས་སྐྱེས་པ་རྣམས་ལོ་ཆེ་ཆུང་པང་རིམ་ལྟར་གྲལ་མགོར་འདུག་པ་ལས་བུད་མེད་མི་འདུག་པ། བུད་མེད་ཀྱི་འདུག་སྟངས་ཀྱང་ཙོག་པུར་ཉམས་ཆུང་ལྟ་བུ་ལས་དཀྱིལ་ཀྲུང་མི་བྱེད། ཁྱིམ་གྱི་ལས་དོན་ཐད་གྲོས་བསྡུར་བྱེད་སྐབས་ཨ་མས་མཚམས་རེར་བསམ་ཚུལ་འདོན་པ་མ་གཏོགས་བུད་མེད་རྣམས་ཀྱིས་དེ་ཙམ་ཆ་ཤས་ལེན་སྲོལ་མེད།
དུས་ཆེན་དང་ཞབས་བརྟན་སྒྲུབ་པ་སོགས་ཀྱི་སྐབས་བུད་མེད་ཀྱིས་བསང་གསོལ་གཏོང་བ་སོགས་མི་བྱེད་པར་ཟས་གཡོ་སྦྱོར་ཁོ་ན་བྱེད་པ། གཞན་སྡེ་གཞུང་གི་ཞབས་བརྟན་སྒྲུབ་སྐབས་ཁྱིམ་ཚང་གི་ཚབ་ཏུ་སྐྱེས་པ་འགྲོ་བ་དང་། བུད་མེད་ཡོང་མི་ཆོག་ས་རིགས་ཁ་ཤས་ཡོད། བླ་མ་དང་དགོན་པར་མཇལ་བ། སང་ཉིན་བསྙུང་གནས་བྱེད་པ་སོགས་ཀྱི་སྐབས་དེ་རིང་ནས་བུད་མེད་དང་ལུས་འབྲེལ་མི་འཇོག་པའི་ལུགས་སྲོལ་ཞིག་ཀྱང་ཡོད། ང་སྐྱེ་ཡུལ་གྱི་གྲོང་པའི་འདབས་འབྲེལ་དགོན་སྡེ་ཁག་ཏུ་མགོན་ཁང་དང་ཡང་ན་དབྱར་གནས་བཞུགས་སྐབས་སོགས་སུ་བུད་མེད་བཅར་མི་ཆོག་པ་ཕུད། གཞན་བྱིངས་སྐྱེས་པ་དང་འདྲ་མཉམ་ལྟ་བུ་ཞིག་ཚོར་སོང་།
དེ་བཞིན་ལོ་ཁོར་མོ་ཡུག་གཅིག་གི་དུས་ཆེན་ཁག་དང། དབྱར་དགུན་སྟོན་དཔྱིད་ལ་ཁྱིམ་ཚང་གི་འཚོ་ཚིས་སྒྲུབ་སྟངས་སོགས་ཀྱི་སྐོར་ལ་སྐྱེས་པ་དང་བུད་མེད་ཀྱི་ལས་ཀྱི་འཇུག་ཡུལ་ཁ་ཁ་སོ་སོ་དང། མ་འདྲ་བ་ཡིན་སྟབས། ང་འཚར་ལོངས་བྱུང་བའི་ཐོག་མའི་ཁོར་ཡུག་གི་བག་ཆགས་ལབ་ན་འདྲ། བོད་ཀྱི་གྲོང་སྡེ་ཆུང་ཆུང་དེའི་ཡུལ་གྱིས་གོམས་པའི་གཤིས་ལུགས་ལབ་ན་འདྲ། དེང་སང་གི་སྐད་དོད་དུ་ཆེ་གཏམ་བཤད་ན་དམངས་ཁྲོད་རིག་གནས་དེ་འདྲ་ཞིག་གི་འོག་ཏུ་ངའི་ཐོག་མའི་བུད་མེད་ལ་འཛིན་པའི་ལྟ་ཚུལ་གྱི་རྨང་གཞི་གྲུབ་ཡོད་པ་རེད།
ཕྱིས་སུ་སློབ་གྲྭ་ཁག་འགྲིམས་སྐབས་ཀྱང་དེ་ཚོའི་ཐད་དངོས་དང་རྒྱུད་ནས་འབྲེལ་བ་ཡོད་པ་དང། ཡང་ན་དོགས་སློང་རང་བཞིན་ལྡན་པའི་ཤེས་བྱ་བསླབས་མེད་པ་རེད་ལ། བསླབ་གཞི་དང་ཁོར་ཡུག་གང་ཐད་ནས་ཀྱང་དཀོན་པོ་རེད། འོན་ཀྱང། ཅུང་ལབ་རྒྱབ་པ་༼ སྦོམ་བཤད། ༽ལྟ་བུ་ཆགས་འགྲོ་སྲིད་མོད། བྱིས་པའི་དུས་སྐབས་བྱིས་པ་སྤྱི་མཚུངས་ལས་བརྒལ་བའི་མི་ཚེའི་རྒྱུད་རིམ་མ་འདྲ་བ་ཞིག་རྒྱུད་མྱོང་སྟབས། མྱོང་བ་མངོན་སུམ་དང་སྦྱར་བྱུང་གི་རིག་པ་མཉམ་བསྲེས་བྱས་པ་ལ་བརྟེན་ནས། སློབ་སྦྱོང་གི་བྲོ་བ་རྙེད་མཚམས་ནས་བུད་མེད་ཐད་ལྟ་སྟངས་མིག་ཁ་ཕྱེ་བ་ལྟ་བུ་ཞིག་དགོས་རྒྱུའི་ཚོར་བ་དང། རིམ་པར་ཧམ་པ་སྐྱེ་མྱོང།
བཙན་བྱོལ་ནང་༸གོང་ས་ཆེན་པོའི་སེམས་ཁམས་རིག་གནས་འཆད་ཁྲིད་དག་གིས་བུད་མེད་ཀྱི་གཉུག་གཤིས་ན་ཡོད་པའི་བྱམས་བརྩེའི་རིན་ཐང་དེ་ཉིད་མི་སྒེར་ནས་རྒྱལ་ཁབ། གླིང་ཆེན་ཁྱོན་ཡོངས་བར་གྱི་བཟང་པོའི་རིན་ཐང་རྟོགས་པའི་སློབ་གསོའི་རྩ་བར་འགྲེལ་བཤད་གནང་ཡོང་སྐབས། དེ་བས་ཀྱང་བུད་མེད་ཀྱི་རིན་ཐང་ལ་ངེས་ཤེས་རྙེད་པའི་ཚོར་བ་གང་མང་བྱུང་མྱོང། ཡིན་ནའང། བུད་མེད་ཚོའི་ངོས་ནས་བཤད་ན་རང་ཉིད་ལ་འཛོམས་པའི་རིན་ཐང་འདི་དག་གོམས་བྱང་ཤིག་གི་ངང་དུ་གྱུར་སོང་པའི་གོ་བ་མ་གཏོགས། དེའི་རིན་ཐང་རྟོགས་པའི་ངོས་ནས་ཞུགས་མཁན་ད་དུང་ཉུང་ཉུང་རེད་འདོད།
དཔེར་ན། མ་བུའི་བརྩེ་བ་ནི་བླ་ན་མེད་པ། སུས་ཀྱང་ཚབ་མཚོན་མི་ཐུབ་ཟེར། དེ་བདེན་པ་རེད། འོན་ཀྱང། ཨ་མ་བུ་ལ་བརྩེ་བའི་གཏན་ཚིགས་ལ་དྲི་བ་བཀོད་སྐབས། རང་གི་བུ་ཡིན་པ་ལས་གཞན་ད་བར་སུ་གང་གིས་ཀྱང་ལན་བཏབས་ཡོད་པ་མ་རེད། ངའི་བུ་ཡིན་པ་དང་ངའི་ཨ་མ་ཡིན་པས་བརྩེ་བ་ལོས་ཡོད། བརྩེ་བ་ལོས་དགོས། འོན་ཀྱང། ད་དུང་དེའི་ཕན་གྱི་རྒྱུ་མཚན་ལ་བསམ་བློ་བཏང་ཆོག་གི་རེད་དམ།
རྒྱུ་མཚན་ཡོད་པ་རེད་དམ་ཟེར་དུས། གཅིག་བྱས་ན་མིའི་རྣ་ལ་འགྲོ་ཁག་པོ་རེད། གང་ལྟར་ཨ་མས་རང་གི་ནུ་མ་བུ་ལ་བརྩེ་བས་སྦྱིན་པ་ནས་འཇིག་རྟེན་ལས་མ་འདས་བར་གྱི་རྒྱུད་རིམ་ནི། ད་སྔ་ཡན་དུ་མཐོང་བའི་བོད་ཀྱི་ས་ཁུལ་ཁག་གི་ཨ་མ་ཚོར་བལྟས་ན་ཁྱོ་ག་ལ་དགའ་བ། བུ་ལ་གཅེས་པ། ཁྱིམ་ཕུག་དྲོད་འཇམ་ལྡན་པ་བཟོ་རྒྱུའི་རྒྱ་ལས་མ་བརྒལ་བ་ལྟ་བུ་ཞིག་འདུག་པས། བུད་མེད་ཟེར་པ་འདི་སྐད་ཆ་ཁོག་ནས་རུལ་འཇུག་མཁན་ཞིག་དང། འདོད་པ་ཚིམས་རྒྱུ་ལས་སླ་བ། འདོད་དོན་འགྲུབ་རྗེས་སྤྲོས་པའི་བསམ་ཚུལ་འདོན་རྒྱུར་དགའ་མོས་མི་བྱེད་པ། བཟོད་སྲན་ཆེ་པ་བཅས་སྐྱེས་པ་དང་བསྡུར་ན་མི་མངོན་པའི་ཚུལ་གྱིས་རང་ཁྱིམ་ཁོ་ནར་དབང་བ་ཞིག་རེད་འདུག་བསམས། ངས་མི་མངོན་པའི་ཚུལ་གྱིས་ལབ་ཡ་དེ་ཁོང་ཚོའི་སྤྱིའི་གཤིས་ཀ་དང་ཏན་ཏན་འབྲེལ་བ་ཡོད། དེ་ནི་བུད་མེད་རྣམས་སྤྲོ་བའི་ལས་དེར་མི་མངོན་པའི་ཚུལ་གྱིས་ཅི་ཙམ་ཞུགས་ན་དེ་ཙམ་སྤྲོ་སྣང་འཕེལ་བ་ཞིག་རེད་འདོད། ལས་འདི་རིགས་ནི་གོམས་གཤིས་ཀྱི་ཁྲིམས་ལས་བརྒལ་མ་བརྒལ་ཅི་རིགས་རེད་འདོད།
དྲི་བ། བུད་མེད་གནས་ལ་འགྲོ་བ་ཞེས་པ་འདིའི་ཐད་དགོངས་ཚུལ་ཅི་ཞིག་ཡོད།
ལན། འདིའི་ཐད་ངས་ཡུན་རིང་བསམ་བློ་བཏང་མྱོང། གཉེན་སྒྲིག་གི་སྟོན་བཤད་དག་གི་ནང་ནས་འདིའི་སྐོར་གྱི་མགོ་ཁུངས་རེ་ཨེ་རྙེད་བསམས་མྱོང། དབུས་གཙང་ཁུལ་ལས་གཉེན་སྲོལ་རིག་གནས་ཡུལ་མདོ་སྨད་ལ་ཞིབ་ཚགས་པོ་དང་ནང་དོན་ལྡན་པ་ཞིག་ཡིག་ངག་གཉིས་ཀར་འདུག་བསམས་མྱོང། དམངས་ཁྲོད་འཚོ་བའི་རྒྱུན་གོམས་མ་བྲིས་པའི་བོད་པ་ཚང་གི་མཁས་པ་སྔ་རབས་པ་ཚོར་ལེ་འདེད་བྱས་པ་མིན་ཏེ། ཁྱེད་ཀྱི་དྲི་བ་འདི་ལྟ་བུ་མང་པོ་ཞིག་ལ་བློས་བསླངས་ཁོ་ནས་རྟོག་བཟོ་དང་དཔྱད་པ་ཟུང་དུ་འབྲེལ་ནས་ལྟ་དགོས་པ་འདྲ།
ཁ་ཤས་ཀྱིས་བུད་མེད་གནས་ལ་འགྲོ་བ་ནི་ལུས་སྟོབས་ཀྱི་ཆ་ནས་སྐྱེས་པ་དང་མ་འགྲན་པ། རུས་རྒྱུད་ཚོ་པ་ཁག་གི་འཐབ་རེས་དང་གཅན་གཟན་རི་དྭགས་ལ་རྔོན་རྒྱབ་སྟེ་ཡུལ་གྱི་དབང་བསྒྱུར་འབྱུང་གཞིའི་དམག་གི་སྟོབས་དང་ནང་གི་བཟའ་མིར་སྤྲོད་རྒྱུའི་བཟའ་ཆས་ཚུན་ཆད་སྐྱེས་པའི་སྙིང་སྟོབས་ལས་བྱུང་བ་ཡིན་པས། བུད་མེད་ནི་སྐྱེས་པར་བདག་པ་དང་དགའ་མགུར་སྤྱོད་བྱ། དམིགས་བསལ་བུད་མེད་ཀྱི་རིན་ཐང་འཁྲིག་སྤྱོད་ཁོ་ནར་ལྟ་བའི་འདོད་ཚུལ་འཛིན་ཕྱོགས་ཤུགས་ཆེ་བས་གནས་ལ་འགྲོ་སྲོལ་དར་བ་རེད་ཟེར་མཁན་འདུག འདི་ལ་གནས་ལུགས་མི་འདུག་ཅེས་མཁས་པ་སུས་ཀྱང་སྨྲ་མི་ཐུབ།
དེང་སང་གོམས་ལོབ་ཏུ་གྱུར་སྟེ་གནས་ལ་མ་སོང་ན་མ་འགྲིག་པའི་འདོད་ཚུལ་འཛིན་མཁན་ཚོའི་ཁྲོད། བུད་མེད་གནས་ལ་ཅི་ལྟར་སོང་མིན་ཐད་དོགས་སློང་བྱས་ན་སྨྱོན་པ་རེད་ཟེར་མདོག་ཁ་པོ་རེད། འོན་ཀྱང་གནས་ལ་ཅི་ལྟར་འགྲོ་མགོ་ཚུགས་པའི་རྒྱུ་མཚན་འདི་སྤྲོ་བ་འཕེལ་བའི་ཞིབ་འཇུག་བྱ་ཡུལ་ཞིག་རེད། བོད་པ་གཅིག་པུའང་མ་རེད། རྒྱ་གར་དང་རྒྱ་ནག་ཀྱང་དེ་བཞིན་རེད། བཙན་བྱོལ་ནང་བུད་མེད་གླེང་མཁན་ཁ་ཤས་ཡོད་ལ་བོད་ནང་དུ་རེ་འགའ་ཡོད་ཚོད་འདུག ཡིན་ནའང། བུད་མེད་གླེང་རྒྱུ་ཡིན་ན། བུད་མེད་གླེང་ཤེས་པའི་ལམ་དུ་བསྐྱོད་དགོས་པ་དང། དེ་བསྐྱོད་པ་ཡིན་ན་ད་གཟོད་བུད་མེད་གནས་ལ་འགྲོ་བ་ཞེས་པའི་ཐད་མི་རྣམས་ལ་བློ་བསྐྱེད་གསར་པ་རེག་གི་རེད། ཡོང་རྒྱུའི་བོད་རིག་པའི་ཚོགས་ཆེན་ཞིག་གི་ནང་བུད་མེད་ཅིག་གིས་བརྗོད་གཞི་འདིའི་སྐོར་ཞིབ་འཇུག་བྱས་ཏེ་མགོ་རྩོམ་ཐུབ་ན་ཅི་འདྲའི་ཉན་འདོད་ཡོད་པ་ཞིག་དང། བོད་ཀྱི་དུས་རབས་སྔ་མ་དག་གི་སྤྱི་ཚོགས་ཀྱི་དཔལ་ཡོན་ཡང་རིག་འགྲོས་ཀྱིས་མཐོང་ཐུབ་པའི་ལམ་བུ་ཕྱེས་པ་རེད་ཟེར་ནའང་འགྲིག་གི་སྙམ།
དྲི་བ། ཁྱེད་ཀྱིས་བུད་མེད་ག་འདྲ་ཞིག་ལ་ཆང་སའམ་གཉེན་སྒྲིག་བྱེད་ཀྱི་ཡིན་ནམ།
ལན། ཧཧཧཧཧ ། ང་ཚོ་ཚང་མ་༸རྒྱལ་བ་རིན་པོ་ཆེར་བློ་སྙིང་བྲང་གསུམ་གཏད་དེ་ཕ་ཡུལ་བསྐྱུར་ནས་མིའི་ལུང་པར་བྲོས་ཡོང་མཁན་གཅིག་པ་རེད། མི་སོ་སོའི་ལྷན་སྐྱེས་ཀྱི་རིག་པ་དང་ཡང་ན་སྔོན་བསགས་བསོད་ནམས་ཀྱི་མཐུ་ཆེ་ཆུང་གི་ཁྱད་པར་གྱིས། རང་སྡེའི་རིགས་ལ་ཞེན་པ་དཀར་ནའང་རང་རང་གི་རེ་བ་དང་ལྷག་བསམ་རྣམ་པར་དག་པ་དང་ན་མཉམ་པའི་སྲི་ཞུའི་ལས་ལ་འཇུག་ཡུལ་ཅིག་ཐོབ་ཡོད་མེད་གཉིས་ཀ་རེད། ངས་བསམས་ན་ང་ཚོ་བྲོས་བྱོལ་པ་ཚང་མའི་རྩ་དོན་ཨང་དང་པོ་འདི་རེད་བསམས། ངས་བུད་མེད་མང་པོར་སྐད་ཆ་བཤད་ཀི་མེད་ཀྱང། སྐད་ཆ་བཤད་པ་རྣམས་ལ་རྒྱབ་རྟེན་གྱི་རྩ་དོན་འདི་མ་བརླགས་པའི་ཐོག་ནས་སྐད་ཆ་བཤད་ཀྱི་ཡོད། དེ་ནི་ང་ལ་མཚོན་ན་ལས་རིགས་གཞན་ཚང་མར་མ་ཟད། སྤུན་ཉེ་ནང་མི་བཅས་ལའང་ཁྱབ་པའི་ལྟ་ཚུལ་ཞིག་ཡིན། འོན་ཀྱང། ཆང་ས་རྒྱབ་པའམ་གཉེན་སྒྲིག་བྱེད་རྒྱུ་ནི་ངས་རྩོལ་བ་ཤུགས་ཆེན་པོར་བསྟེན་ནས་ཡོང་རྒྱུ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། མི་གཉིས་ཀྱིས་སོ་སོའི་མི་ཚེར་རྩ་ཁྲིམས་བཟོས། དེའི་ཁྲིམས་སྒྲིག་འོག་ཕྱིན་སྟེ་དམིགས་ཡུལ་བཙལ་འཚོལ་བྱེད་སྐབས། སྐྱེས་པ་ལ་བུད་མེད་དང་བུད་མེད་ལ་སྐྱེས་པ་ནི་མེད་ཐབས་མེད་པ་ཞིག་ཡིན་སྟབས། བསམ་གཞིགས་ཀྱི་ཚད་གང་འཚམས་སླེབས་པ་ཡིན་ན་བཟའ་ཚང་བྱེད་རྒྱུ་ནི་འབད་མེད་ལྷུན་གྲུབ་ཀྱིས་ཡོང་གི་རེད་བསམས།
དྲི་བ། ཐུགས་རྗེ་ཆེ་ཤར་ཕྱོགས་ཁུག་རྟ་ལགས།
ལན། ལགས་སོ། ངེད་གཉིས་ཀྱི་ཆུ་ཚོད་གཅིག་དེ་ལྟར་རྫོགས་སོང། ལམ་སེང་གང་དྲན་པ་རྣམས་ཤར་མར་བཤད་པ་ཡིན་ཙང། འདོད་བློ་ཁེངས་པ་ཞིག་ཡོང་མེད་ངེས། མ་འོངས་པར་ཆུ་ཚོད་བྱུང་ན་ཁྱེད་ཀྱི་དྲི་བ་འདིའི་ལན་ལ་ཡང་བསྐྱར་ཁ་སྐོང་བྱེད་ངེས།
༢༠༡༤། ༡། ༢༥། ཉིན།།
ཡ་ཡ་ཡ་ད་བུ་མེད་ཚོའི་འོས་དེ་རྒྱ་ཁུག་ལ་???????????????
ཡ་ད་ཡིན་ན་ལྷ་མོ་སྐྱབས་ཀྱི་དགེ་ཕྲུག་འདིས་འཁྲབ་སྟོན་གཞན་ཞིག་འགོ་བརྩམས་འདུག
དེང་སང་ཤར་ཁུག་གིས་སྐྱག་པ་ཞིག་བཏང་ནའང་འོས་ཤོག་ཆེད་རེད་ཟེར་གི་རེད། གངས་ཅིད་ན་ཁོས་སྐྔ་གཏུབ་པ་དེའང་འོས་ཤོག་ཆེད་རེ
རེད་ཟེར་གི་འདུག་ཟེར། ཧཧཧཧཧཧ
གྲྭ་ལོག་ཞིག་གི་ལྟ་ཚུལ་དང་མཐོང་ཚུལ་ཙམ་བཤད་ཡོད་པ་འདྲ། བུ་ཞིག་གི་སེམས་ན་ཨ་མ་དང་ཨ་ཆེ་ལས་ལྷག་པའི་རྩ་ཆེན་ཞིག་གང་ན་ཡང་མེད། ཨ་ཕ་ཞིག་གི་སེམས་ན་རང་གི་བུ་མོ་ལས་གལ་ཆེན་ཞིག་སུ་ཡང་མེད། མྱི་རྒྱུ་རུས་གསུམ་འཛོམས་ས། ཡ་རབ་ཀུན་སྤྱོད་ལྡན་ས། ལྷ་ཀླུ་མཐུ་ཅན། དཀོན་མཆོག་བྱིན་ཅན་ལ། མོ་ལུང་ལུང་བསྟན་ཞུས་ཞུས་པའི་མཐའ་མ་ལ་རང་གི་བུ་མོར་གནས་ཞིག་འཚོལ། ཁྱོ་ག་ཀླད་མེད་དེ་འདྲ་ཡོད་པ་རེད། དེ་ནི་ས་གང་ན་ཡིན་ན་ཡང་ཡོད་ཡོད་པ་རེད།
སྤྱི་ཚོགས་ཀྱིས་བུད་མེད་ལ་མཐོང་ཆུང་རྩ་བ་ནས་མི་བྱེད། བྱེད་དགོས་སའི་སྤྱི་ཚོགས་ཤིག་ནམ་ཡང་བོད་ལ་ཤར་མེད། ཡིན་ན་ཡང་། གྲྭ་བ་དང་གྲྭ་ལོག་ཚོའི་སེམས་ཁ་ན་བུད་མེད་ཚོར་ལྟ་སྟངས་གཞན་ཞིག་ཡོད། དེ་ནི་གྲྭ་སྡོམ་སྲུང་ཐབས་ཀྱི་རྩ་བའི་བསླབ་བྱ་ལོག་ལམ་ལ་བཀོལ་བ་དང་གོ་བ་ཤར་བས་མ་འགྲིག་པ་རེད་ཟེར། བདེན་པ་ཡིན་ས་རེད།
བུད་མེད་གནམ་གྱི་ཕྱེད་ཀ་ཡིན། །དགོངས་ཚུལ་གསུངས་པར་ཡི་རང་ཡོད། །
དེང་སང་མི་ཞིག་གིས་སྤྱིར་བཏང་གི་བསམ་ཚུལ་ཞིག་བཤད་ཀྱང་། ལམ་སང་འཐབ་རྩོད་ཀྱི་ངོ་བོར་འཁྱེར་བ་འདི་ཡག་པོ་མི་འདུག་བསམ།
ན་ཆུང་བུ་མོའི་འབེལ་གཏམ་གླེང་བ་ལ། །
གངས་རིའི་སྲས་པོ་ཤར་ཕྱོགས་ཁུག་རྟ་རྒྱལ། །
འོས་ཤོག་གི་ཆེད་དུ་ཤར་ཁུར་མང་གི འདྲི་བ་འདྲི་མཁན་ཤར་ཁུག་རེད། ལན་འདེབས་གནང་མཁན་ཤར་ཁུག་རེད། དྲ་ཐོག་ལ་སྤེལ་མཁན་ཤར་ཁུག་རེད། རྒྱབ་སྐྱོར་གནང་མཁན་ཤར་ཁུག་རེད། ཧ་ཧ་ཧ་་་་ དེང་སང་དྲ་ཚིགས་སོགས་སུ་ཤར་ཁུགས་སྟོང་ཕྲག་ལྷག་ཡོད་པར་བཤད་པ་འདི་བདེན་བདེན་འདྲ་ཞིག་འདུག ཧ་ཧ་ཧ་་་་
༼བུད་མེད་ཟེར་པ་འདི་སྐད་ཆ་ཁོག་ནས་རུལ་འཇུག་མཁན་ཞིག་དང། འདོད་པ་ཚིམས་རྒྱུ་ལས་སླ་བ།༽
མི་རབས་སྔོན་མ་རྣམས་དེ་འདྲ་ཡིན་སྲིད་མོད།
དེང་གི་བུད་མེད་རྣམས་སྐད་ཆ་སྦ་གསང་མེད་པར་བཤད་མཁན་དང། འདོད་པ་ཚིམས་རྒྱུ་ལས་སླ་པོ་མེད་པ་འདི་ཚང་མས་ཤེས་གསལ་རེད།
ཤར་ཁུག་འདི་ཕོ་སར་རྫིག་པོ་ཡོད་ཙང་རྒྱབ་སྐྱོར་བྱེད་མཁན་བུད་མེད་མང་གི
བུད་མེད་ལ་མཐོང་ཆུང་ག་ཚོད་ཆེ་བའི་སྤྱི་ཚོགས་དེ། དེ་ཚོད་ཀྱི་རྗེས་ལུས་ཐེབས་ཆེ་བའི་སྤྱི་ཚོགས་ཡིན་པ་དང་། བུད་མེད་ལ་མཐོང་ཆེན་ག་ཚོད་ཆེ་བའི་སྤྱི་ཚོགས་དེ། ཀླ་ཀློའི་གཤིས་ཀ་ལས་ཐར་བའི་སྤྱི་ཚོགས་ཡིན་པར་མཚོན་ཐུབ།
ཤར་ཕྱོགས་ཁུག་རྟས་བུད་མེད་སྐོར་ལ་དམངས་ཁྲོད་ཤེས་བྱ་གང་ཙམ་ལྡན་འདུག་པ་དེ་དག་ཨ་རིག་འགྱུར་མེད་ལ་སློབ་སྟོན་གནང་ཐུབ་ན་རླིག་སྟུ་ཁོ་ནའི་རྒྱ་ལས་རྒྱལ་སྲིད࿉
བུད་མེད།
བུད་མེད་ཆུང་ལ་ནུ་མོར་གྲགས། །
བུད་མེད་དར་ལ་མནའ་མར་གྱུར། །
བུད་མེད་མ་ལ་ཨ་མར་གྲགས། །
བུད་མེད་རྒན་ལ་རྨོ་མོར་ཞུ། །
བུད་མེད་འཕྱ་བར་སྡིག་པའི་ལས། །