ཤར་ཕྱོགས་ཁུག་རྟ།
རྒྱང་རིང་རྒྱང་རིང་ཞིག་ཏུ་ཡོད་པའི་བོད་མི་ཞིག་གིས་ཁ་པར་སླེབས་ནས་རྩེད་མཚར་ངང། ཁྱོད་ཀྱིས་མོ་བཏབས་པ་ཡག་པོ་ཞིག་བབས་འདུག མོ་དེ་ཡང་དཔལ་ལྡན་ལྷ་མོའི་ཤོ་མོ་ཡིན་པ་ཐག་ཆོད། ད་ནི་གདན་ས་སེ་འབྲས་དགེ་གསུམ་གྱི་གྲྭ་རྐྱང་དགེ་བཤེས་ཤེས་ཡོན་ཅན་ཚོས་ཐུགས་རེ་གནང་གི་མི་འདུག་ལ། རྩོམ་པ་པོ་དང་མཁས་པ། གཞུང་ཞབས་དང་གནད་ཡོད་བཅས་ཀྱིས་ཀྱང་ཐུགས་རེ་གནང་གི་མི་འདུག མཐོ་སློབ་ཁག་གི་སློབ་མ་ཚོས་ཀྱང་༼ད་མི་དེ་ང་ང་མ་གཏོགས་གསུངས་ཡ་མི་འདུག་༽ཅེས་སྨྲ། དེ་ནི་ཏག་ཏག་དབུས་གཙང་ཆོལ་ཁའི་འགན་འཛིན་ལྷན་ཚོགས་ཀྱིས་ཀྱང་མཁྱེན་པ་འདྲ་སྟེ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ལ་གནམ་སའི་བར་ཁྱད་ཤོར་བའི་འོས་གྲངས་བརྒྱུད། སྲིད་སྐྱོང་གི་འོས་མི་ཁྱབ་བསྒྲགས་བྱས་འདུག
ད་ནི་ཤར་ཕྱོགས་ཁུག་རྟ་ཁྱོད་རང་གིས་ལོ་ཁ་ཤས་སྔོན་༼སེང་གེའི་བཀའ་ཤག་གི་མདུན་ལམ་༽ཞེས་པའི་དཔལ་ལྡན་ལྷ་མོར་ཤོ་མོ་བརྒྱབ་པའི་ལུང་བསྟན་རྩོམ་ཡིག་དེའི་ཐོག་ཏུ་འཁེལ་འདུག དེ་དུས་ང་རང་སྲིད་སྐྱོང་དང་ལུང་ཚན་གཅིག་པས་ཁྱོད་ལ་གཤེ་གཤེ་མང་པོ་བཏང་མྱོང་ལ། རྒྱབ་བཤད་ཀྱང་མང་པོ་བརྒྱབ་མྱོང། ཡིན་ནའང་ལོ་འདི་དག་ལ་དོལ་འདྲེ་རྒྱུགས་ཁྱི་ཚོགས་པའི་བྱེད་སྟངས་སོགས་གནས་ཚུལ་མང་པོས་རང་ཉིད་གཉིད་སད་པ་ལྟར་གྱུར་སོང་ལ། ད་ནི་དངོས་གནས་༧གོང་ས་མཆོག་གི་དགུང་ནའི་བབས་ལ་བལྟས་ན་དེ་བས་ཀྱང་ཛ་དྲག་ཆགས་ཡོད་པ་སྨྲས་མེད་ཡིན་སྟབས། ང་ཚོ་ལུང་ཚན་གྱི་ཚོར་བ་སྐམ་པོ་ཙམ་ལ་མགོ་འཁོར་ནས་བསྡད་ན་བོད་མི་རིགས་ཀྱི་སྔོན་གཤེགས་དཔའ་བོ་དཔའ་མོ་ཚོར་ལས་མི་དག་པ་གསལ་བོ་རེད། དེ་བས་ང་ཚོར་དོན་དངོས་སྲིད་སྐྱོང་ཚད་ལྡན་ཞིག་དགོས་ཀྱི་འདུག་པས། ཁྱོད་ལ་སྐད་ཅ་དྲིས་པ་ཡིན། ཁྱོད་ནས་སྦ་གསང་མེད་པའི་ཐོག་ནས་སྲིད་སྐྱོང་ག་འདྲ་ཞིག་དགོས་མིན་དང། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཅི་བྱུང་བ་ཡིན་མིན་ཐད་བསམ་ཚུལ་བཤད་རོགས་ཟེར།
གྲོགས་པོ་འདི་ནི་ངས་མོ་བཏབས་ན་འདྲ། ལུང་བསྟན་གནང་ན་འདྲ། ངས་སྲིད་སྐྱོང་སྐོར་བཤད་བཞག་པ་རྣམས་བསྐྱར་བཤད་ཞུ་མཁན་ཚོའི་ནང་ནས་ངེད་ལ་ཚོར་བ་དམིགས་བསལ་སྟེར་མཁན་དེ་ཡིན། སྐབས་དེར་ངེད་རང་ཀ་ལི་མན་ཀྲང་གཞིས་ཆགས་སུ་ཆུ་བཞི་སྒང་དྲུག་གི་ཐོག་མའི་སྒྲིག་འཛུགས་ཚུགས་སྟངས་དང། དམིགས་ཡུལ་སོགས་ཀྱི་སྐོར་ལ་ལོ་ན་བརྒྱད་ཅུར་བརྒལ་བའི་དམག་མི་རྙིང་པ་ཞིག་དང་བཀའ་མོལ་ལམ། ཡང་ན་ངས་དྲན་པ་གསོས་ཀྱིན་གསོས་ཀྱིན་ཁ་བརྡ་བྱེད་བཞིན་པའི་སྒང་ཡིན་པས། ངས་ཁོང་ལ་ང་ད་ལྟ་ལས་ཀའི་བྲེལ་འཚུབ་ནང་ཡོད། དགོང་མོར་ཁ་བརྡ་ཞུ་ཞེས་སྨྲས།
དགོང་མོར་ངས་ཁོང་ལ་ཁ་པར་བཏང་མཚམས། ཁོས་ཁ་པར་མ་བླངས་བར་ཚུར་ཁ་པར་བཏང་བྱུང། སྐབས་དེར་ངས་ཁ་ཐུག དེང་སང་བཙན་བྱོལ་སྤྱི་ཚོགས་ནང་བོད་སྤྱི་དོན་སྤྱི་བོར་བཞག་སྟེ་གཉིད་སད་མདོག་སྟོན་མཁན་མང་དུ་འགྲོ་གི་འདུག དེ་དག་ཐམས་ཅད་གནས་སྐབས་ཙམ་དང་རང་དོན་རང་ཕྱོགས་ཁོག་ཏུ་བཅུགས་པ་ཞིག་མིན་པར་ཤོག དེ་ངའི་ཐོག་མའི་སྨོན་འདུན་ཡིན། བཙན་བྱོལ་ནང་ཕྲ་ལ་ཕྲན་བུ་བོད་དོན་བཤད་ཁུལ་ཕལ་མོ་ཆེས་རང་གིས་མགོ་བཙུགས་པ་དེ་མཇུག་སྐྱེལ་ཐུབ་ཀྱི་མི་འདུག གཙོ་ཆེ་ཤོས་དེ་རང་ཚུགས་མི་འདུག རང་ཚུགས་མེད་པ་དེ་ལྟ་གྲུབ་ཡང་དག་པ་ཞིག་གིས་བློ་ཁ་མ་བསྒྱུར་བས་རེད། གང་ཟག་གི་ངོ་ལྟ་བ་ལས་གནད་དོན་ལ་མི་ལྟ་བ་འདིས་ད་བར་ང་ཚོས་ཡོད་ཚད་འཐུས་ཤོར་ལ་བཏང་དང་གཏོང་བཞིན་པ་རེད། ཡིན་ནའང། ད་ལྟ་གཉིད་སད་ནའང་འཕྱི་མི་འདུག གང་ཡིན་ཞེ་ན་༧རྒྱལ་བ་ཡབ་སྲས་གསེར་ཞལ་ལྷམ་མེར་བཞུགས་ཡོད་པ་རེད་ལ། དབུ་མའི་ལམ་གྱི་གཟི་བྱིན་ནམ་མཁའ་གར་ཁྱབ་དུ་འོད་ལམ་མེར་འཕྲོ་བཞིན་པ་རེད།
དབུ་མའི་ལམ་བཟང་ཡོད་པས། བཙན་བྱོལ་བོད་མི་ཚོར་མི་ཡི་ལུང་པ་ནས་རྒྱ་ནག་ལ་སྡུག་སྐད་རྒྱག་རྒྱུའི་གོ་སྐབས་ཐོབ་ཅིང། འཛམ་གླིང་གང་སར་འགྲོ་སྐལ་བྱུང་བ། ང་ཚོར་རང་བཙན་དགོས། ང་ཚོ་མང་གཙོ་ཡིན། ང་སྲིད་སྐྱོང་དང་ང་སྤྱི་འཐུས་ལ་ལངས་གི་ཡིན་སོགས་ཁ་ཐོགས་ཚད་ལ་གང་དྲན་བྱུང་རྒྱལ་དུ་ལབ་ཆོག་པའི་སྐལ་བ་ཡག་པོ་ཤར། གོ་སྐབས་ཡག་པོ་བྱུང་དུས་འདིར། སྲིད་སྐྱོང་ལ་ངེས་པར་དུ་ཆ་རྐྱེན་ཆེན་པོ་གསུམ་ཡིན་གཅིག་འཛོམས་དགོས་ཀྱི་འདུག དེ་ནི།
གཅིག སྲིད་སྐྱོང་དེ་བོད་མི་ཆ་ཚང་ཞིག་ཡིན་དགོས་པ་མ་ཟད། བོད་ཟེར་ན་ཅི་ཡིན་མིན་ཚང་ལ་མ་ནོར་བ་ཞིག་ཤེས་དགོས་ཀྱི་འདུག
གཉིས། སྲིད་སྐྱོང་གིས་ངེས་པར་དུ་དབུ་མའི་ལམ་གྱི་སྲིད་བྱུས་ཚད་ལྡན་ཞིག་མགོ་འཚོས་དགོས་པ་མ་ཟད། དེ་རྒྱུད་ནས་བོད་རྒྱ་འབྲེལ་མོལ་གནང་འདུན་གྱི་ཆོད་སེམས་བརྟན་ཞིང་དེའི་ཐད་ཧུར་ཐག་འབད་ཐག་གནང་མཁན་ཞིག་དགོས་ཀྱི་འདུག
གསུམ། སྲིད་སྐྱོང་ནི་སྐྱེས་སྟོབས་དང་སྦྱངས་སྟོབས་ཉིས་ཀས་བརྡར་ཞིང་བཅད་དེ་གསེར་གྱི་ཡང་ཞུན་ས་ལ་བབས་པ་ལྟར། རང་དོན་གཏམ་གྲགས་ལས་བོད་སྤྱི་དོན་ལ་ཤེས་ནས་རང་ཉིད་བློས་གཏོང་མཁན་ཞིག་ཡིན་པ། གང་ཟག་བློ་མཐོ་དམན་འབྲིང་གསུམ་གྱིས་གཟིགས་ཤིང་དཔྱད་ན་ཡིན་པ་ཞིག་དགོས་ཀྱི་འདུག་པས།
ཆ་རྐྱེན་ཆེན་པོ་འདི་གསུམ་མི་རྗེ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་མ་འཛོམས་པ་རེད། དེ་ད་བར་མི་མང་གིས་མ་མཁྱེན་པ་རེད། ཁྱོད་རང་ནང་བཞིན་ད་ལྟ་གཉིད་སད་ཡོད་ན་དེ་ངེས་པར་དུ་ཐོག་མར་བསམ་བློ་གཏོང་དགོས་པའི་གནས་ཚུལ་ཞིག་ཡིན།
དེ་ནས། ཆ་རྐྱེན་ཆེན་པོ་གསུམ་མི་ཚང་བ་དེ་ཁུངས་སྐྱེལ་ཅུང་ཙམ་ཞུས་ན། ཆ་རྐྱེན་དང་པོ་ངས་ཞུ་མ་དགོས་པ་རེད། བློ་བཟང་སེང་གེ་མཆོག་བོད་མི་ཕྱེད་ཀ་ཞིག་རེད། ཕྱེད་ཀ་དེ་སྲིད་སྐྱོང་གནང་ནས་ཀྱང་ཡར་རྒྱས་སུ་མ་ཕྱིན་པར། རང་འཇགས་བསྡད་ཡོད། དེ་ནི་མཛད་བྲེལ་ཆེ་བས་བོད་ཡིག་སྦྱངས་ཁོམ་མེད་པས་མིན་པར་བོད་མི་རིགས་ལ་ཤ་ཞེན་རྣལ་མ་ཡོད་མེད་ཀྱིས་སྐུལ་འདེད་བཏང་ཡོད་མེད་ལ་རག་ལས། མ་གཞི་ནས་སྲིད་སྐྱོང་ནས་གད་པ་ཚུན་ལ་ཕྱག་ལས་རྩ་ནས་ཁོམ་ལོང་མེད་པ་དེ་འདྲ་མེད། དེ་ནི་ང་ཙམ་མིན་པར་གངས་ཅན་སྐྱིད་གཤོངས་ལ་རྒྱུས་ཡོད་ཚོར་ཕྲིས་དང་གཅིག་གསལ་གཉིས་གསལ་རེད།
གཉིས་པ་དེ་དབུ་མའི་ལམ་ཡག་པོ་མཁྱེན་གྱི་མེད་པ་འཇིག་རྟེན་ཀུན་གསལ་རེད། དབུ་མའི་ལམ་གྱི་སྐོར་གཏམ་བཤད་གནང་བ་དེ་ཚོར་གསན་གཟིགས་གནང་ན་གསལ་བོ་མཁྱེན་གྱི་རེད། དབུ་མའི་ལམ་གྱི་སྐོར་གཏམ་བཤད་གནང་བའི་ནང་རྒྱ་ནག་གཞུང་ལ་ལག་ཆ་མང་པོ་མཁོ་འདོན་བྱས་ཡོད་ཀྱང། ཐ་ན་རྒྱ་ནག་གཞུང་གིས་ཀྱང་རྒྱུད་ལམ་ཡོངས་གྲགས་ཐོག་སྲིད་སྐྱོང་མཆོག་གི་དབུ་མའི་ལམ་གྱི་ཤེས་ཚད་ལ་སྐྱོན་བརྗོད་བྱེད་ཀྱི་མི་འདུག
གསལ་བོར་བཤད་ན་ཉེ་ཆར་བཏོན་པའི་ཡིག་ཆ་དཀར་པོའི་ནང་གི་དབུ་མའི་ལམ་གྱི་སྐོར་ལ་གངས་ཅན་སྐྱིད་གཤོངས་ནས་ལན་འདེབས་ཚད་ལྡན་ཞིག་ཐོབས་མེད། གལ་ཆེ་ཤོས་དེ་ ༢༠༡༣། ༢༠༡༤། བར་དེར་རྒྱུད་ལམ་གཞན་ཞིག་རྒྱུད་རྒྱ་ནག་གཞུང་ཕྱོགས་ནས་འབྲེལ་མོལ་གྱི་སྲིད་བྱུས་ལྟར་འབྲེལ་མོལ་གནང་རྒྱུར་ཐག་བཅད་ཟིན་པ་ཞིག སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་ཁོང་རང་ཉིད་ལ་འབྲེལ་མཐུད་ནུས་བ་མེད་པ་མི་མང་གིས་ཤེས་རྒྱུར་དོགས་ཏེ། ཁ་གཞན་ལ་གཡར་ནས་འབྲེལ་མོལ་དེ་མཚམས་འཇོག་ཏུ་བཅུགས་འདུག དེ་རིམ་པར་ཁ་ཇེ་གསལ་དུ་འགྲོ་གི་རེད། གྲོས་ཚོགས་ནང་གི་འབྲེལ་མོལ་དང་འབྲེལ་བའི་དྲི་བ་དྲིས་ལན་དག་ལ་དོ་སྣང་གནང་ཡོད་ན་ཡ་མཚན་ཞིག་ཡོད་པ་རེད།
གསུམ་པ་དེ། སྲིད་སྐྱོང་གིས་པར་ཆས་གར་ཡོད་དང་གནད་ཡོད་གྲགས་ཅན་མི་སྣ་གར་བཞུགས་སར་སྦྲང་མ་སྦྲང་རྩིར་འབྱར་འབྱར་གནང་བ་ངས་རེ་རེ་ཞུ་མ་དགོས་པ་དེ་རེད།
སོང་ཙང། རྒྱུ་མཚན་འདི་དག་གིས་ད་ཐེངས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་འོས་མི་ཁྱབ་བསྒྲགས་ཀྱི་རིམ་པ་ནས་གཞན་དང་འོས་གྲངས་ལྡབ་ནས་ལྡབ་ཀྱིས་ཉུང་དུ་ཕྱིན་པ་རེད་ལ། ལྷག་པར་དེ་དག་གི་རྒྱུ་མཚན་གཙོ་བོ་གཞན་ཞིག་ནི། དེང་སང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་བྱས་རྗེས་གྲངས་ཀར་བརྒྱགས་བཞིན་པའི་སྐབས་ཤིག་ཏུ་འཁེལ་བསྡད་ཡོད། སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱི་རིགས་གཅིག་རྐང་འཛིན་འབུམ་གཅིག་དང་ཁྲི་གཅིག་ག་བ་འདུག བོད་སློབ་འཛིན་ཚོགས་རྩིས་སྤྲོད་རྩིས་ལེན་ཞུ་མི་ཐུབ་ན་དང་པོ་ནས་ཁྱབ་བསྒྲགས་བྱེད་དོན་ཅི་ཡིན་ནམ། གཞིས་ཆགས་གཅིག་དང་ཕྱི་རྒྱལ་བོད་རིགས་ཚོགས་པ་གཅིག་མགོ་སྦྲེལ་ཟེར་བ་ག་བ་འདུག དོལ་རྒྱལ་སྐོར་ཁྲིམས་ལུགས་དང་འབྲེལ་བའི་དྲི་བ་བཏང་བར་ལན་འདེབས་མ་ཤེས་པར་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་ནས་སླར་ཡང་སློབ་ཕྲུག་ཚོའི་དོགས་པ་སེལ་ཆེད་གསལ་བཤད་གནང་མཁན་གདན་འདྲེན་ཞུ་དགོས་དོན་ཅི་རེད། ཁྲིམས་ལུགས་ཐོག་འབུམ་རམས་པའི་ལག་ཁྱེར་ཡོད་པ་མིན་ནམ། སྲིད་སྐྱོང་སློབ་ཡོན་ཟེར་བ་བཀའ་བློན་ཁ་ཤས་མེད་པའི་སྐབས་དང་བསྟུན་དེ་བཀའ་ཤག་ནང་ཐག་གཅོད་གནང་དགོས་དོན་ཅི་རེད། དེ་ལྟར་གནང་ན་ཡང་བོད་ཡིག་གི་བརྒྱ་ཆ་དྲུག་ཅུ་ཙམ་ཡང་ལོངས་དགོས་པའི་ཆ་རྐྱེན་བཞག་མེད་དོན་ཅི་རེད། རང་གི་གྲོགས་པོ་ཨ་རིའི་དོན་གཅོད་ལ་བརྒྱུད་རིམ་དང་བྱས་རྗེས། ཁྱད་ཆོས་གང་ཡང་མེད་པར་བསྐོ་བཞག་གནང་དོན་ཅི་རེད། བསྐོ་བཞག་གནང་སྐབས་ཡང་བཀའ་བློན་ཚང་འཛོམས་མེད་པའི་བཀའ་ཤག་ཚོགས་དུས་དང་བསྟུན་དགོས་དོན་ཅི་རེད། ཨ་རིའི་ནང་གི་དབུ་མའི་ལམ་གྱི་རྒྱ་རིགས་འབྲེལ་མཐུད་ལས་གཞི་ཚགས་ཚུད་ཡོད་པ་གློ་བུར་མཚམས་འཇོགས་བྱེད་དགོས་དོན་ཅི་རེད། གྲོས་ཚོགས་ནང་གི་སྤྱི་འཐུས་དོལ་རྒྱལ་སྐོར་ཚིག་གཅིག་མི་གསུངས་མཁན། ༧རྒྱལ་བ་རིན་པོ་ཆེར་ཟུར་ཟ་བྱེད་མཁན། ༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་རྣམས་ལ་རྒྱབ་སྐྱོར་བྱེད་མཁན་ཁག་ཅིག་ཡོད་པ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་རྒྱབ་སྐྱོར་བ་ཆགས་དགོས་དོན་ཅི་རེད། བཀའ་སྤྱི་ལྷན་རྒྱས་གནང་དགོས་ཤར་སྐབས་ནམ་བྱུང་ལ་སྤྱི་འཐུས་དེ་དག་དང་ཁ་མཐུན་ལྐོག་མཐུན་བྱེད་དགོས་དོན་ཅི་རེད། ཐ་ན་དྲ་རྒྱ་བརྒྱུད་ལམ་ཁག་ཏུ་མི་དཀར་པོ་ནག་པོ་བཟོ་མཁན། ༧གོང་ས་མཆོག་ལ་མཚན་སྨོད་གཞན་གྱིས་ཞུས་མ་མྱོང་བ་ཉེ་བའི་ལོ་འགའི་སྔོན་ནས་ཞུས་ཏེ། བོད་མི་ཚོ་བློ་གཏིང་ནས་ཕམ་འཇུག་མཁན་ངོ་གདོང་མི་གསལ་བ་སྤྲུལ་སྐུ་དབང་ཆེན་ནམ་དབང་ཆེན་ཉི་མ་ཟེར་བས་སྲིད་སྐྱོང་མཆོག་ལ་བསྟོད་བསྔགས་ཞུ་དགོས་དོན་ཅི་རེད་སོགས། དྲི་བའི་སྒང་ལ་དྲི་བ། དོགས་གཞི་ཅན་གྱི་དྲི་བ་འདི་དག་གིས་དཔལ་ལྡན་སྲིད་སྐྱོང་མཆོག་གི་འཕྲིན་ལས་རྩ་ནས་འགྲིབ་མགོ་ཚུགས་པ་རེད་ལ། དེ་ཡང་རྒྱུ་རང་གིས་བཏབས་ན་འབྲས་བུ་རང་གིས་མྱོང་དགོས་པ་ལས་འབྲས་ལ་ཆུད་མི་ཟ་ཞིང། དེང་སང་མི་མང་ལྐུགས་པར་བརྩི་བའི་མགོ་ཁྲིད་ཅིག་གིས་རྒྱལ་ཁབ་གང་དུ་ཡིན་ནའང་ཁུངས་འཁྱོལ་གི་མེད་པ་དེ། མང་གཙོ་ཟེར་བའི་ལམ་ལུགས་འདིའི་ཁྱད་ཆོས་ཤིག་ཡིན་སྟབས། ཏན་ཏན་རྒྱུ་འདི་དག་མི་མང་གིས་གསལ་བོར་མཁྱེན་པས་རེད་ཅེས་གཞན་ཕན་བྱང་ཆུབ་ཀྱི་སེམས་དང་ཐག་ཉེ་བའི་ཀུན་སློང་བཟང་པོས་རྒྱབ་མནན། དོན་གནད་རེ་རེ་བསྐྱར་ཟློས་དང་ཚིག་གི་ལོ་མ་མེད་པར་གསལ་དག་སྙན་གསུམ་གྱིས་སྨྲས་པ་ན།
ཁོང་ང་ལ་ཡང་བསྐྱར་ཧ་ལས་ཤིང། འགྱོད་བཤགས་དང་བཅས་བཤད་རྒྱུར། སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཁོ་ན་ཁྱོད་ཀྱི་ལག་མཐིལ་ན་ཡོད་པ་ཙམ་མ་རེད། བོད་ཀྱི་གནས་བབ་ལ་ཁྱོད་རང་དངོས་གནས་རྒྱུས་ཆ་ཚང་འདུག ད་སྔ་མ་རིག་མ་ཤེས་པས་ཁ་བཏང་བ་རྣམས་མཐོལ་ལོ་བཤགས། ད་སྲིད་སྐྱོང་ལ་སུ་འོས་མིན། སུ་ལ་འོས་ལྡུགས་དགོས་མིན་ཤེས་སོང་ལ། གཙོ་བོའི་ནང་གི་གཙོ་བོ་༧རྒྱལ་བ་རིན་པོ་ཆེའི་དགུང་ནའི་བབ་དང་བསྟུན་ནས་བོད་ཀྱི་གནས་བབ་གང་དུ་སླེབས་ཡོད་མེད། ཁོང་གི་དགོངས་གཞི་ཅི་ལྟར་དོན་འཁྱོལ་ལག་བསྟར་ཞུ་དགོས་མིན་ཡང་ཅུང་ཙམ་ཤེས་སོང་བས། ཐུགས་རྗེ་ཆེ་ཟེར།
ངེད་གཉིས་ཀྱི་ཁ་བརྡ་དེ་ལྟར་རྫོགས་མཚམས་དྲན་ཡུལ་དུ་གསལ་བོ་ཡོད་དུས་ལམ་སེང་ཡི་གེར་འགོད་རྒྱུ་ནི། ༧གོང་ས་མཆོག་གིས་གསོ་སྐྱོང་བྱས་པའི་གནམ་དེ་ལྕི་དྲགས་པས་ཡིན་ནམ། བོད་ཀྱི་མི་རབས་ཕྱི་མ་ཚོར་ལས་སྡོམ་རྩིས་ཕྲ་འབུལ་དགོས་པ་ལྟ་བུའི་བསམ་གཞིགས་གོམས་ལོབས་སུ་སོང་ཡོད་སྟབས། མཛེས་མ་དབྱངས་ཅན་མའི་ཕྱག་སེན་ལ་དབང་འབྱོར་བ་ལྟ་བུའི་མཛུབ་མོ་གློག་ཀླད་དུ་བཙུགས་ནས་ཡི་གེའི་རི་མོར་འཕྲལ་མར་བགྱིས་ཤིང། རྒྱ་ཆེའི་གཟིགས་པ་པོ་དག་གི་སྤྱན་སྔར་ཡང་ཕུལ་བ་ཡིན་ན། སྲིད་སྐྱོང་སུ་ལ་ཐོབ་ན་འོས་མིན་ཙམ་མིན་པར། རང་རང་གི་དོན་དག་ལ་ཕྱག་མོ་ལུང་བསྟན་གཟིགས་དགོས་ན་ངར་འབྲེལ་བ་ཞུས་ཆོག ཧཧཧཧ
༢༠༡༥། ༧། ༣༡། ཉིན།།
ཤར་ཁུག་ལགས་ནས་རྩོམ་འདི་དག་དུས་ཐོག་འདོན་པར་བསྔགས་བརྗོད་ཞུ་རྒྱུ་དང་། མི་མང་རྣམས་གཉིད་བསད་རན་འདུག་པས་ཐག་གཅོད་མ་འཕྱུག་པ་གནང་དགོས་པ་ཡིད་ཟབ་གནང་རོགས།
དངོས་གནས་ཡག་པོ་གསུངས་འདུག བཤད་ཕོད་པ་དང་སྒྲུབ་ཕོད་པ་ཁྱོད་རེད། ཁ་སང་དེ་རིང་གི་བོད་ཀྱི་གནས་སྟངས་ལ་ཁྱོད་དང་ཁྱོད་ལྟ་བུ་དགོས་པ་ངེས་ཅན་རེད། དབུ་མའི་ལམ་རྒྱལ་ལོ།།
གོང་གསལ་ཤར་ཁུག་གིས་གླེང་མོལ་ནང་བློ་སེང་ལ་ཆ་རྐྱེན་མ་ཚང་བའི་རྒྱུ་མཚན་རེ་འགའ་དྲང་འདུག་ཀྱང་། ཁོང་གིས་དྲང་པའི་རྒྱུ་མཚན་དེས་ཀྱང་རྒྱ་བོད་དཀའ་རྙོག་སེལ་ཐུབ་པ་གདེང་ཚད་ཨེ་ཡོད་དམ། བོད་པ་ཚོས་རྩོད་ཟླ་ནི་གུང་བྲན་ཏང་གི་མི་སྣ་འགོ་གཙོ་བརྒྱད་དགུ་ཅིག་རེད། དེ་ཚོར་གནས་ལུགས་བཤད་ས་ཡོད་མ་རེད་ལ་ཆ་འཇོག་དང་ཡིད་ཆེས་རྩ་བ་ནས་བྱ་ཡུལ་མེད་པ་འདས་པའི་བགྲང་བྱ་དེ་ཙམ་ནང་གསལ་རེད། མ་འོངས་པ་སྲིད་སྐྱོང་དེ་གང་ལྟར་ཡང་བོད་མི་ཡུལ་གྱར་གནས་མི་དགོས་པ་བསྒྲུབ་མཁན་ཅིག་གང་ན་ཡོད་པ་དེར་འདེམས་དགོས་རེད་དོ།།
ཤར་ཁུག་དར་དམར་བུ་ཡི་ད་དུང་དྲི་བ་མང་པོ་ཞིག་གཉིད་ལམ་ནང་གཏང་མི་འདུག དཔེར་ན་ཤར་ཁུག་ལྟ་བུ་སྲིད་སྐྱོང་གི་སློབ་སྟོན་པ་མ་བསྐོས་པ་གང་ཡིན་ནམ། ཡང་ན་ཤར་ཁུག་ཨ་རིར་དབུ་མའི་ལམ་ཁྱབ་བསྒྲག་ཁང་གི་འགན་འཛིན་ལ་མ་བསྐོས་པ་གང་ཡིན་ནམ། ཨ་ཁ་གྲོགས་པོ་སྡུག་ནད་མ་ཆོག་ན་སྲིད་སྐྱོང་གི་ཁ་གཏད་ལ་ལོང་དང་སོ་སོའི་ལྗིད་ཚད་དེ་ཤེས་ཀྱི་རེད་ཁྱོད་རང་ཤེས་ཡོན་ཕྲན་བུ་ཡོད་ཁུལ་རེད། སྤྱི་ཚོགས་དང་འཁོར་ཡུག་ལ་བསྟུན་ནས་བྱེད་ཐུབ་པ་དང་མ་ཐུབ་པ་དེ་ཚོ་ལོས་ཤེས། སྨྱོན་འཛུགས་ཆེན་པོ་དེ་འདྲ་མ་གནོང་། སྲིད་སྐྱོང་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རང་ནི་མ་རེད། གང་ལྟར་སྲིད་སྐྱོང་ནས་ང་ལྟ་བུར་ཞེ་འཁོན་གང་ཡང་མེད་ལ་སྤྱི་ཚོགས་དང་ཁོར་ཡུག་སོགས་ཀྱི་གནས་བབ་ལ་བལྟ་ཤེས་ཐུབ་མཁན་ཞིག་གིས་ངོས་ནས་སྲིད་སྐྱོང་གིས་བསམ་ཡུལ་ལས་འདས་པ་བྱས་སོང་བསམ་ལ་ལ་འོང་པ་ཡང་དེ་ལས་ལྷག་པ་སྨོས་མེད་རེད།
དབུ་མའི་ལམ་གྱི་སློབ་སྟོན་པ་ཟེར་
བཙན་བྱོལ་སྤྱི་ཚོགས་འདིའི་ནང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་མཁྱེན་རྒྱ་དང་ལག་རྗེས་གང་ཐད་ནས་ངེད་ལ་བསྟོད་བསྔགས་དང་སྐུར་འདེབས་ཅི་ཞིག་བྱས་ཀྱང་དོ་སྣང་ཞུ་ཡུལ་དུ་མ་མཐོང། གཙོ་བོ་ངས་གང་བཤད་ཡོད་པའི་གནད་དོན་རང་སྟེང་གི་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་བཅས་ཕྱོགས་བཅུ་ནས་དཔྱད་གླེང་གནང་ན་ལས། དབུ་འཚོས་མ་འཚོས་བར་ནས་ཅིག་བཤད་ཀི་བསྡད་ན། གཟབ་གཟབ་བྱས་མ་གཏོགས། ཁོམ་པ་རེ་བྱུང་འཕྲལ་ལན་འདེབས་ཚ་ནན་བྱེད་སྲིད།
ཤར་ཁུག་ལགས། ལན་འདེབས་ཚ་ནན་དང་ཕར་ཞོག་དྲང་བདེན་རྐྱེན་གྱིས་མགོ་བོ་ཐང་ལ་ཟག་ཀྱང་འགྱོད་མེད་ཡིན་ལ་བདེན་པ་མེད་ན་ཤཀྱ་ཐུབ་པ་ཡིན་ནའང་དབུ་ལ་མཛུབ་མོ་བཙུགས་ཀྱང་ཡིན་ནོ།།
ཨ་ཧོ་ཁྱེན་རང་གི་ལན་ཚ་འདེབས་ཤིག་ཡོད་ན་གུང་ཁྲན་ཏང་གི་སློབ་མ་ནང་བཞིན་དམར་དར་་འཁྱེར་བ་དེ་རེད་དེ་ལ་ཚ་འདེབ་དང་ཡང་འདེབ་གང་ཞིག་ཡོད་ཀྱང་ང་ཚོ་བོད་ཀྱི་མི་བུ་ལ་གོ་བ་ཡང་དག་པ་ལོན་པའི་རེ་བ་དང་གོ་སྐབས་ནམ་ཡང་མེད། དེ་ལས་ཁྱེད་རང་སྲིང་སྐྱོང་ལ་ལོང་དང་ཁྱེད་རང་གིས་ཁྱེད་མཐོང་ཐུབ་གྲོགས་པོ།
ངས་ཡང་མོ་ཞིག་བཏབ་པ་ཡིན། རྗེས་མའི་བཀའ་ཁྲིར་སུ་ཁེལ་ན་ཡང་དེང་སང་གི་གནས་སྟངས་འདི་འདྲ་བྱས་ནས་འགྲོ་རྒྱུ་རེད།
ང་ཚོའི་སྤྱི་ཚོགས་འདི་འཆམ་མཐུན་གྱི་སྤྱི་ཚོགས་ཞིག་ཡོང་བར་ཡེ་ནས་རེ་བ་མི་འདུག་
2016 ལོའི་སྲིད་སྐྱོང་སུ་ཕེབས་ཀྱང་བོད་གཞིས་བྱེས་གཉིས་མཉམ་འཛོམས་ཡོང་བ་དང་ལྷགས་པར་༧སྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་ལམ་བཏོན་རྣམས་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་ལས་འབྲས་ཚུལ་བཞིན་ཕྱག་ལས་གནང་མཁན་ཞིག་ཡོང་བར་ཤོག
ཉི་གཞོན་ལགས། ཀླད་པ་དཀྲུག་ནས་སྲིད་སྐྱོང་ཤེས་ཇོན་གཉིས་ལྡན་ཞིག་འདེམས་ཐབས་ད་ལྟ་ནས་བསམ་བློ་གཏོང་དགོས་པ་ལས་སྨོན་ལམ་བཏབ་བསྡད་ན་ཕན་ལེ་མ་རེད།
ཤར་ཁུག་ཤར་ནས་གྲགས་དུས།།
བློ་སེང་ནུབ་ལ་བཞུད་སོང་།།
དྲ་འབུ་གྲོག་མཚང་བརྡོལ་བརྡོལ།།
ཁ་བརྡའི་ཀློང་ལ་ཁྱབ་སོང་།།
བཙན་བྱོལ་ནང་བོད་དབུས་གཙང་ཁུལ་ནས་ཡིན་པའི་་བོད་མི་མང་ཤོས་ཡིན་ཀྱང་བཀའ་ཁྲི་འོས་འདེམས་སྐབས་བོད་ཁམས་ཁུལ་ནས་ཡིན་པའི་བོད་མི་ཤེས་ཡོན་ཅན་གྱི་མི་སྣ་ཟམ་གདོང་རིན་པོ་ཆེ་མཆོག་དང་། ད་ལྟའི་སྲིད་སྐྱོང་མཆོག་ལ་མང་མོས་འོས་འདེམས་ཐོབ་པར་དགའ་སྤོབས་ཆེན་པོ་བྱུང་། དེས་ག་རེ་མཚོན་གྱི་ཡོད་རེད་ཟེར་ན། ཀླད་རྙིང་མཁྲེགས་བཟུང་ལུང་ཚན་ཕྱོགས་རིས་འབྱེད་མཁན་ཚོའི་ཁ་ཨར་འདམ་གྱིས་བཀག་པ་རེད། མ་འོངས་པར་ཡང་ལམ་ལུགས་དེ་རང་ཐོག་བསྐྱོད་ན་ས་ཡ་དྲུག་གི་འདོད་དོན་གང་མྱུར་འགྲུབ་རྒྱུའི་རེ་བ་བཅང་ཆོག་པ་ཞིག་རེད།
རྒྱལ་བ་ཡབ་སྲས་ཁུངས་སུ་ཟམ་གདོང་བཞག་པ་དེ་པཎ་ཆེན་རིན་པོ་ཆེར་མཚད་སྨད་དང་མཐོང་ཆུང་རེད། བོད་གངས་ཅན་ལ་གནམ་ལ་ཉི་ཟླ་ཟུང་ཅིག་ས་ལ་རྒྱལ་བ་པཎ་ཆེན་ཞེས་པ་ལས། ཟམ་གདོང་རྒྱལ་བ་ཡབ་སྲས་ལ་སྦྱར་བ་ནི་ཆོས་སྲིད་གང་གི་ཆ་ནས་མི་མཐུན། ངས་ནི་དེ་འདྲའི་ཐན་སྐད་ལ་ངོས་ལེན་མེད་ལ། བོད་མི་དམངས་ཀྱིས་ངོས་ལེན་ཐོབ་མི་སྲིད། གང་ལྟར་དུས་ཚོད་འདིར་དགྲ་བོའི་དར་དམར་འཕྱར་མཁན་དང་རྒྱ་ནག་གཞུང་ཚབ་ལ་མགོ་བཏགས་ནས་རྒྱ་དམར་དང་ལག་འབྲེལ་ཀྱིས་བཙན་བྱོལ་དུ་ཆོལ་དཀྲུགས་ཆོས་དཀྲུགས་ཀྱི་རྒྱ་དམར་ལས་ཀ་དངོས་སུ་བསྒྲུབ་བཞིན་པའི་ཤར་ཕྱོགས་ཁུག་རྟ་ཡན་གྱི་མི་ནག་པོ་ཞིག་བཙན་བྱོལ་འདིར་མཐོང་མ་སོང་། ཡིན་ཡང་ད་དུང་མི་འདྲ་ཉར་མཁན་ཡོད་པ་དེར་སེམས་གཏིང་ནས་མ་ཚར་ཡོད།
བཙན་བྱོལ་དུ་སྲིད་སྐྱོང་བློ་སེང་གེ་ཡང་བསྐྱར་སྲིད་སྐྱོང་ལ་ཏན་ཏན་སླེབས་ཡོང་གི་རེད། རྒྱུ་མཚན།
༡ བོད་མི་མང་པོ་ཅིག་གིས་ཁོང་ལ་དུས་ཚོད་དང་གོ་སྐབས་ཤིག་དགོས་པར་བསམ་བཞིན་པ་རེད།
༢ གདན་ས་ཁག་གཙོས་དགོན་སྡེ་ཁག་ནང་གི་ཁམས་མང་ཤོས་ཀྱིས་ཕྱོགས་ཞེན་བྱས་ཏེ་ཁོང་ལ་བརྒྱ་ཆ་བརྒྱ་འོས་འཕེན་ངེས་རེད།
༣ དབུས་གཙང་རྒྱུན་ལས་ཀྱིས་སྤེན་ཚེ་འོས་མི་ལ་བཏོན་ཡོད་ནའང་། དེ་ནི་དབུས་གཙང་གི་མཐོ་རིམ་དཀྱིལ་འཁོར་ལས་བྱུང་བ་ལས་དབུས་གཙང་མི་མང་རྣམས་ཀྱིས་དེ་ལ་དངོས་གནས་དགའ་མོས་གནང་གི་མི་འདུག
༤ དབུས་གཙང་ནང་གི་སྐྱིད་སྡུག་ཆེ་ཤོས་མངའ་རིས་ཀྱི་ས་གནས་ཁག་ནང་བསམ་ཤོག་བསྡུས་སྐབས། སྲིད་སྐྱོང་བློ་སེང་ལ་དགུ་དང་བཀྲས་དབང་ལ་བཅུ་བཞི་བྱུང་ཡོད་པས། སྤེན་ཚེ་མངའ་རིས་མི་མང་གི་སེམས་ནང་མེད་པ་གསལ་བོ་རེད།
༥ དབུས་གཙང་མི་མང་གི་སེམས་ཁམས་ལ་དཔྱད་ན་ཁོང་ཚོར་སོ་སོའི་མི་ལས་ཁམས་རིགས་ལ་མི་བརྩིས་དང་མཐོང་ཆེན་པོ་ཡོད་པ་མ་ཟད། ཁམས་དང་འདྲེས་བསྡད་པའི་དབུས་གཙང་བ་མང་ཤོས་ཀྱིས་བློ་སེང་ལ་འོས་བླུགས་རྒྱུ་ངེས་གཏན་རེད།
༦ སྤྱིར་བོད་མི་མང་ཆེ་བར་ཤེས་ཡོན་མེད་པས་ཧར་གཏམ་དང་ངོམས་སོ་བྱེད་རྒྱུ་ཆེན་པོ་དེ་འདྲ་དགོས་པ་རེད། དེའི་ཆ་ནས་བཀྲ་ཤིས་དབང་འདུས་ཀྱིས་བློ་སེང་ལ་ཁ་གཏད་ཁྱོན་ནས་ཡོང་གི་མ་རེད། བཀྲས་མཐོང་ཡང་དེ་ལྟར་ཕམ་པ་རེད།
༧ གལ་ཏེ་སྤེན་ཚེ་ལ་སྔོན་འགྲོའི་སྐབས་སུ་འོས་མང་ཙམ་བྱུང་ན་ཏན་ཏན་མི་གསོད་ཁྲག་སྦྱོར་སོགས་ཀྱི་ཉེས་པ་བཙུགས་ཏེ་རྙོག་བྲ་མང་པོ་ཡོང་གི་རེད། གྲོས་ཚོགས་ནང་དུ་བཤད་མ་དགོས།
༨ ཨ་མདོ་བ་ཚོ་ནི་གྲངས་ཀ་ཉུང་ཉུང་ཡིན་པས་དམིགས་བསལ་ཁྱད་པར་ཆེན་པོ་འདོན་མི་ཐུབ་ཅིང་། ཅུང་ཡོད་པ་དེ་ཚོ་ཡང་བློ་སེང་དང་སྤེན་ཚེ། ཀླུ་མཁར་གསུམ་གྱི་བར་བཀྲམས་འགྲོ་གི་རེད།
༩ ཨ་མདོའི་ཤེས་ཡོན་པ་ཚོས་འདྲ་མི་འདྲ་གང་འཚམས་བཤད་ངེས་རེད་མོད། བོད་པ་བརྒྱ་ཆ་དགུ་བཅུ་བོད་ཡིག་ལ་དོ་སྣང་མེད་པ་དང་། དེ་ལས་ཀྱང་དྲ་རྩོམ་ལ་དོ་སྣང་མེད་པས་ནུས་པ་རྩ་བ་ནས་འདོན་ཐུབ་ནི་མ་རེད།
༡༠ མ་གཞི་བོད་མི་མང་ཆེ་བའི་སེམས་ཀྱི་གཏིང་ནས་ཨ་མདོ་བ་ཚོ་བོད་རིགས་གཙང་མ་ལ་ནམ་ཡང་ངོས་ལེན་གནང་གི་མེད་པས། རྒྱུ་དང་དབང་གིས་འགྲན་མ་ཐུབ་ན་གནས་ཚུལ་ཐ་དད་རེད་མ་གཏོགས། ཨ་མདོ་བ་ཚོས་དཀའ་ལས་ཇི་ཙམ་བརྒྱབས་ཀྱང་བོད་པ་ཚོས་འོས་བླུགས་ཏེ་ཨ་མདོ་བ་ཞིག་ཁོང་ཚོའི་འགོ་འཛིན་ལ་ནམ་ཡང་བསྐོས་མི་སྲིད་པ་རེད། དེ་ཚོ་ཕྱོགས་རིས་དང་དཀྲུག་ཤིང་གི་སྐད་ཆ་གཏན་ནས་མིན་ད། ང་ལ་ནི་སྲིད་སྐྱོང་སུ་ཐོབ་ན་ཁྱད་པར་གཏན་ནས་མེད་ལ། སུ་ལ་སྔོན་ཆད་འོས་བླུགས་མ་མྱོང་ལ་ད་དུང་ཡང་བླུགས་འདོད་མེད། འོན་ཀྱང་བཙན་བྱོལ་སྤྱི་ཚོགས་ནང་གི་དངོས་ཡོད་གནས་སྟངས་དེ་འདྲ་ཅིག་ཡོད་རེད་ད།
སངས་རྒྱས་སྟོན་པས་ལྷའི་བདུད་བཏུལ་བ་ནས།། ཤར་ཕྱོགས་ཁུག་རྟས་མི་བདུད་བཏུལ་བའི་བར།། ས་ཆེན་སྟེང་གི་མཛད་བཟང་གསེར་བྲིས་མས།། དད་པའི་ཡུལ་འདིར་གང་པ་འུ་ཚོའི་རྒྱན།། ཧ་ཧ།
གལ་སྲིད་སྐབས་རྗེས་མར་བློ་སེང་སྲིད་སྐྱོང་ཐོབ་ཚེ་ཤར་ཁུག་བཀའ་དྲུང་དུ་སླེབ་པར་ཤོག
མི་ག་ཤས་ད་དུང་བཀའ་ཁྲི་ཞེས་བེད་སྤྱོད་གཏོང་བཞིན་འདུག་ཡ་ཚན་རེད།
སྤྱི་ཚོགས་ནང་གི་ཤེས་ཡོན་ཅན་ཞིག་གི་ད་དུང་སྲིད་སྐྱོང་དང་བཀའ་ཁྲི་ནོར་བ་ཧཧཧཧཧཧཧཧཧ
འདན་མ་སྐྱབས་ལགས། ཁྱེད་རང་གི་མཆན་གྱི་ནང་གསེས།༼ ༥ ༽དབུས་གཙང་གིས་སོ་སོའི་མི་ལས་ཁམས་རིགས་ལ་རྩིས་མཐོང་ཆེ། ཟེར་བ་དང། ༼༡༠༽ ཨ་མདོ་བ་ཚོ་བོད་རིགས་གཙང་མ་ལ་ནམ་ཡང་ངོས་ལེན་མེད་པ། ཟེར་བ་ནི་ང་ཚོ་བོད་མི་ཀློག་མཁན་སེམས་སྐྱོ་བ་ཙམ་དུ་མ་ཟད། ཞེན་པ་གཏིང་ནས་ལོག་རྒྱུའི་སྐད་ཆ་རེད། ཐུགས་རྗེས་གཟིགས་ང་ཚོ་བོད་རིགས་ནང་ཁུལ་དཀྲུགས་ཤིང་མ་རྒྱབ་རོགས། ཁྱེད་རང་གི་ཀླད་པར་སྐྱོན་ཡོད་ན་སྨན་ཁང་ལ་ཕེབས་རོགས། ང་ཚོ་ཤ་ཁྲག་གཅིག་པའི་ཤ་ཞེན་གྱི་སྐད་ཆ་ཡིན།
གལ་སྲིད་སྐབས་རྗེས་མར་བློ་བཟང་སེང་གེ་སྲིད་སྐྱོང་ལ་རང་འཇག་ཐོབ་ཚེ། ཟླ་བ་ཚེ་རིང་དང་ཤར་ཕྱོགས་ཁུག་རྟ་གཉིས་ལ་རླུང་སྨན་དོ་པོ་ཞིག་གསོལ་རས་བསྩལ་རྒྱུ་རེད་ཟེར།
སྐུ་ངོ་ཟླ་བ་ཚེ་རིང་གིས་ང་ཚོ་དབུས་གཙང་མི་མང་ཁོ་རང་གི་ལག་ཆར་བེད་སྤྱོད་བཏང་འདུག རྒྱུ་མཚན་གལ་སྲིད་སྤེན་པ་ཚེ་རིང་སྲིད་སྐྱོང་ལ་སླེབས་ཚེ་ཁོང་གིས་སྤྱི་རྒྱུ་སྒེར་བདག་དེ་གཙང་མ་ཐག་ཆོད་འགྲོ་གི་རེད་བདམས་ནས། ཁོ་རང་གི་དོན་དུ་དབུས་གཙང་མི་མང་གཙོང་པ་རང་རེད།
བློ་བཟང་སེང་གེས་ཞབས་འདྲེན་ཞུས་པའི་སྐད་ཆ་དེ་ན་འདུག ཨ་རིའི་ཚགས་ཤོག་གྲགས་ཅན་ཞིག་རེད། གཤམ་གྱི་དྲ་རྒྱའི་སྦྲེལ་ཐག་བརྒྱུད་ནས་ལྟ་ཐུབ། ཚང་མས་བསམ་ཚུལ་འདོན་ཐུབ་ན་བཟང་།
http://www.washingtontimes.com/news/2015/jul/10/maura-moynihan-tibet-china-same-washington-lobbyis/
འདན་མ་སྐྱབས་ལགས་སུ།
ཁྱེད་རང་གིས་གསུངས་པ་སྟེ།༼༡༠ མ་གཞི་བོད་མི་མང་ཆེ་བའི་སེམས་ཀྱི་གཏིང་ནས་ཨ་མདོ་བ་ཚོ་བོད་རིགས་གཙང་མ་ལ་ནམ་ཡང་ངོས་ལེན་གནང་གི་མེད་པས། རྒྱུ་དང་དབང་གིས་འགྲན་མ་ཐུབ་ན་གནས་ཚུལ་ཐ་དད་རེད་མ་གཏོགས། ཨ་མདོ་བ་ཚོས་དཀའ་ལས་ཇི་ཙམ་བརྒྱབས་ཀྱང་བོད་པ་ཚོས་འོས་བླུགས་ཏེ་ཨ་མདོ་བ་ཞིག་ཁོང་ཚོའི་འགོ་འཛིན་ལ་ནམ་ཡང་བསྐོས་མི་སྲིད་པ་རེད།༽ ཅེས་པ་ལ་རྒྱུ་མཚན་མི་འདུག
བོད་མི་ཟེར་བ་ལ་ཤ་རུས་རྒྱུད་པ་གཙང་མ་ཞིག་ཡོད་པ་ས་ཁུལ་གང་གི་མི་ལ་ངོས་འཛིན་དགོས་པ་རེད། རྒྱ་བཟའ་ཀོང་ཇོ་བཙུན་མོར་བསུས་པ་ནས་བརྩིས་ན། རྒྱ་མི་ལག་ཤེས་པ་དང་ཞབས་འབྲིང་བ་སྟོང་ཕྲག་མང་པོ་བོད་དབུས་ལྷ་ས་ཁུལ་ལ་སླེབས་ནས་བོད་མིའི་ཤ་ཁྲག་ལ་རྒྱ་རྒྱུད་འདྲེས་ཚར་བ་མ་ཟད། བོད་སྐད་ལ་ཡང་རྒྱ་སྐད་ཀྱི་ཤན་ཞུགས་ནས་དབུས་སྐད་ཟུར་དུ་ཆགས་པ་རེད་ཟེར། ད་དུང་སོག་པོ་དང་ཁ་ཆེ་ལ་ཡང་འདྲེས་པ་མིན་ནམ། ཆེས་མ་འདྲེས་ས་ཞིག་ཡོད་ན་ནི་ཨ་མདོའི་འབྲོག་པའི་ནང་ན་ཡོད་སྲིད། གང་ཡིན་ལབ་ན། ས་མཐའ་འཁོབ་དང་མི་རིགས་གཞན་འབྲེལ་བ་མང་པོ་མེད་པས་རེད་བསམ། ད་ག་རང་བསམ་ཚུལ་ཙམ་པོ་ཞུས་པ་ཡིན། དགོངས་འགལ་མེད་པ་གནང་།
༼གངས་སྐྱིད་ཀྱི་རྐྱང་གཞས༽
བློ་སེང་ཕོ་གསར་རྫིག་པོ།།
འབུམ་རམས་ལག་འཁྱེར་མཉམ་དུ།།
ལྟ་གྲུབ་གསུམ་པོ་འཁྱེར་ཏེ།།
དྷ་སའི་རི་ངོགས་ཡོང་ནས།།
སྲིད་སྐྱོང་ལོ་ལྔ་གནང་དུས།།
གྲུབ་འབྲས་སྣ་ཅིག་མེད་སོང་།།
སྐུ་ཚབ་འདི་ཡིན་མེད་སོང་།།
གངས་སྐྱིད་ལས་བྱེད་ཚོ་ལ།།
གཟའ་རེར་གཏམ་བཤད་སྤེལ་ཏེ།།
ལས་བྱེད་མཛེས་མ་ཚོ་ཡིས།།
སྲིད་སྐྱོང་རྫིག་པོ་ཡོད་ཀྱང་།།
དགོས་པའི་གཏམ་ནི་མེད་ཟེར།།
བོད་རྒྱལ་འབྲེལ་མོལ་ཟེར་བ།།
ཉིན་གྱི་རྨི་ལམ་ཆགས་སོང་།།
སྲིད་སྐྱོང་གཟེངས་རྟགས་ཟེར་བ།།
རང་བཟོས་རང་གིས་གཏོར་སོང་།།
༸སྐྱབས་མགོན་ཆིབས་བསྒྱུར་མཉམ་དུ།།
སྲིད་སྐྱོང་ཡང་ཡང་འགྲོ་དུས།།
མགོ་སེར་མི་སྣ་ཚོ་ཡིས།།
སྲིད་སྐྱོང་སྐུ་སྲུང་རེད་ཟེར།།
གངས་སྐྱིད་ཀོར་ཀོར་ནང་ནས།།
སྲིད་སྐྱོང་རྫིག་པོ་ཟེར་གིན།།
གངས་སྐྱིད་ཀོར་ཀོར་ནང་ནས།།
སྲིད་སྐྱོང་ཁོག་སྟོང་ཟེར་གིན།།
བོད་མིའི་སྒྲིག་འཛུགས་ཀྱི་སྐབས་གཉིས་པའི་སྲིད་སྐྱོང་འོས་བསྡུ་སྐབས། གངས་སྐྱིད་ནས་ཤོར་བའི་ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཕུལ་བའི་རྐྱང་གཞས་ཅིག་གངས་སྐྱིད་དཔེ་མཛོད་ཁང་དུ་མྱུར་ཟིན་བྲིས་པ་དགེའོ།
བོད་པ་ཚང་ལ་གཞུང་ལུགས་གང་ཡང་མེད་པར་འགྲིག་མིན་གང་ལའང་ལེགས་གསོལ་དང་ལེགས་གསོལ་གྱི་ངན་གོམས་གཤིས་སུ་གྲུབ་སྟབས།མི་མང་པོ་ཞིག་གིས་ཤར་ཕྱོགས་ཁུག་རྟས་ད་ལྟའི་སྲིད་སྐྱོང་མཆོག་གི་སྐྱོན་མཚང་རྐྱང་རྐྱང་སྲུང་སྡོད་མཁན་ཞིག་མཐོང་གི་ཡོད་ཀྱང་།དོན་དངོས་ཐོག་དྷ་སའི་རི་ཁུག་ནས་སྡོད་མཁན་ཞིག་གིས་མ་གཏོགས་ཞལ་མོ་འདི་འདྲ་དྲང་མོ་མཐོང་ཁག་པོ་རེད།
མཆན་འགོད་པ་ཁ་ཤས་ཀྱིས་ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་བྲིས་པའི་རྩོམ་ཡིག་ལ་ལེགས་པར་མ་བལྟས་པར་ཁྱི་རྒན་དོན་མེད་ནམ་མཁར་ཟུག་པ་ལྟར་ཁོ་རང་སྒེར་གྱི་མི་གཤིས་ལ་སྐྱོན་བརྗོད་བྱེད་པ་ནི་དོན་དངོས་མིག་གིས་མ་མཐོང་བའི་གཞན་རྟེན་བསམ་བློ་ཡི་ངན་ཤུགས་ཅུང་ཙམ་མཐུག་པོ་ཡོད་པའི་རྟགས་རེད།
གལ་སྲིད། ཤར་ཕྱོགས་ཁུག་རྟ་ལགས་ལ་མ་དགའ་མཁན་དང་སྡང་སེམས། འགྲན་སེམས་འདྲ་ཡོད་ན། ཁོ་རང་གི་རྩོམ་ཡིག་མ་ཀློག་ན་འགྲིག་ལ། ཉིད་ཀྱི་སེམས་ཁམས་ཀྱང་སྐྱིད་པོ་བྱས་ནས་སྡོད་ཆོག་གི་རེད། ཧ་ཧ་ཧ།