བར་ཕུ་ཕུན་ཚོགས་ནས།
ཤར་ཕྱོགས་ལྷ་ཡི་སྲས་མཆོག་ཁྱེད་རང་ཤར་དུ་བྱོན་ཏེ་ནུབ་སྨིན།།
སྨིན་པའི་འབྲས་བུ་ནུབ་ཕྱོགས་གཟུགས་བཟང་སྐྲ་སེར་ཁྲོད་ན་དམར་སི་དམར།།
དམར་སེར་ལྷ་གོས་ཁྱེད་ཀྱིས་མནབས་དུས་སྟོན་པའི་ཐུགས་མཚོ་དགྱེས་སི་དགྱེས།།
དགྱེས་མཛུམ་མཚར་པོ་ཟླ་འོད་གཞོན་ནུས་འཛམ་གླིང་ཞི་བདེ་གནས་དང་གནས།།
འཛམ་གླིང་ཉི་མའི་དཀྱིལ་འཁོར་ཆེན་པོ་ཅི་ནས་ཤར་ཏེ་སྤྱི་རུ་དྲོད།།
དྲོད་ཁམས་སྙོམས་པའི་གོ་སྐལ་ཐོབ་པར་བྲེལ་བའི་ཚང་ཀ་ཤིག་སི་ཤིག།
ལྷག་པའི་ལྷ་ཡི་ཕྱག་ཟུང་ཙམ་གྱིས་གྲང་བའི་སེམས་པ་དྲོད་སི་དྲོད།།
དྲོད་འཇམ་ཉི་གཞོན་དུས་བཟང་འདི་ཀོ་འགྲོ་བའི་བསོད་ནམས་ཡིན་དང་ཡིན།།
བསླུ་མེད་ཚིག་འབྲུ་རེ་རེའི་གསུང་ནི་འགྲོ་བའི་ལམ་སྟོན་སྒྲོན་མེ་ཉིད།།
དྲི་བྲལ་ཕྱག་ཟུང་ཐལ་མོའི་གཟུགས་འདི་ཉམ་ཐག་འགྲོ་བའི་སྤོབས་པ་གཅིག།
ལྷད་མེད་འཐམ་འཁྱུད་ཐུགས་ཀྱི་ལས་དེ་བརྩེ་ཆེན་དཔེ་དོན་འབའ་ཞིག་སྟེ།།
ཤར་ཕྱོགས་ལྷ་སྲས་ཞི་བདེ་དེད་དཔོན་སྤྱི་བོའི་རྒྱན་དུ་མཆིས་སུ་གསོལ།།
བར་ཕུ་ཕུན་ཚོགས་ནས་༢༠༡༧/༠༥/༢༤ཉིན།