ཨེ་མ་ཧོ།
ན་མོ་གུ་རུ་པདྨ་ཀ་ར་ཡེ།
མཁྱེན་བརྩེའི་མངའ་བདག་ཆོས་སྐུ་ཀུན་ཏུ་བཟང་།།
རབ་འབྱམས་ཞི་ཁྲོའི་སྤྲོ་བསྡུ་རྡོ་རྗེ་སེམས།།
རྒྱལ་ཀུན་འདུས་ཞལ་པདྨ་ཀ་ར་སོགས།།
བརྒྱུད་གསུམ་རིག་འཛིན་བླ་མས་དུས་ཀུན་སྐྱོངས།།
ཤར་ཕྱོགས་ཉི་ཟླའི་མཚམས་སུ་བགྲོད་པའི་གཏམ།།
དགའ་སྐྱོ་བཟང་ངན་བར་མའི་ཚོར་སྣང་གང་།།
དབྱངས་གསལ་བརྡ་གླུའི་རྒྱུད་ནས་གྲོགས་ལ་ཕུལ།།
བླང་དོར་ཤེས་རབ་མིག་མཆོག་ཐོབ་ཕྱིར་ལགས།།
དགའ་དུང་སེམས་ཉིད་དྭངས་མའི་མཁའ་ཀློང་དུ།།
མཆོག་གསུམ་སྣང་བ་རོལ་བའི་རྣལ་འབྱོར་ཚོགས།།
དད་གུས་བརྩོན་འགྲུས་ཕྱུག་པའི་སློབ་འབངས་ཀུན།།
བརྩེ་གདུང་དམ་ཚིག་ལྡན་པར་གློ་བ་དགའ།།
འདོད་ཡོན་བདུད་ཀྱིས་བརླམས་པའི་གཡོ་སྒྱུའི་ཁྲོད།།
ལྷ་འདྲེ་གོ་ལོག་སོང་བའི་འཇིགས་བསྐུལ་ཚོགས།།
རྒྱལ་བསྟན་ཁ་རུ་ཁྱེར་བའི་བདག་རྟོག་རྣམས།།
མི་ཚེ་དོན་མེད་འཛད་པར་སྙིང་རྗེའི་གནས།།
མཐུན་པའི་གཉེན་ཚོགས་བསོད་ནམས་ཐོབ་ལ་རེ།།
ཞི་བདེའི་རྒྱལ་ཁམས་ཀུན་གྱིས་སྙིང་ལ་རེ།།
ཕྱི་ནང་གསང་བའི་དག་གཙང་ཡོང་བར་རེ།།
རེ་བ་རྣམ་གསུམ་ཐོབ་པའི་སྨོན་ལམ་བཏབས།།
ཞེས་པ་འདི་ཡང་རབ་གནས་ཤིང་ལུག་སྟོན་དུས་ཆོས་འཆད་སྒོམ་སྒྲུབ་མཛད་པར་ཤར་ཕྱོགས་སུ་བསྐྱོད་པའི་ཚོར་སྣང་གི་དགའ་སྐྱོ་དག་ཟིན་བྲིས་སུ་ཤྲྰིཿཨེ་མ་ཧོས་བགྱིས་པར་དགེའོ།། །།