རྫ་ཚེ་རིང་བཀྲ་ཤིས།
ལམ་ཆེན་སྣེ་མོ་ཤར་གྱི་མཐའ་ལ་བསྐྱངས།།
སྒར་བའི་མི་ཚེ་སྐྱ་མོའི་ལམ་ནས་ཟད།།
དགུང་མ་རེ་རེ་བཞིན་ཟླ་བ་སྔས་ལ་བཏགས།།
འདི་དུས་ཁོ་བོས་ཁྱེད་རང་དྲན་བཞིན་མཆིས།།
བྱེ་མའི་ཐང་ལ་རྔ་མོང་གོམ་ཁ་བརྟན།།
མི་མེད་ལུང་བར་རྟ་ཕོ་ཕྱི་ཐག་རིང་།།
བྲོ་ཁ་ཆད་ན་ལམ་རོགས་འཚིག་པ་ཟ།།
འདི་དག་ཡོད་ཚད་ང་ལ་ཆ་ཡོད་ཡིན།།
རྟ་ཕོའི་ཁ་རུར་འཇུས་ནས་སྐྱེམ་ཆང་བཏེགས།།
སྲབ་མདའ་ལག་ཏུ་གཏད་དེ་ཡུད་ཙམ་ཧད།།
དེ་དུས་ཁྱེད་ཀྱི་མིག་གིས་གང་སྨྲས་པ།།
སྐྱེ་བ་འདི་ལ་བདག་གིས་བརྗེད་མི་སྲིད།།
དགྲ་ལ་ཟོན་པའི་སེམས་ཁུར་ཉིན་མོའི་ཟས།།
གཉེན་ལ་འཁྲེངས་པའི་སྙིང་རླུང་མཚན་མོའི་གཉིད།།
སྐབས་རེེར་སེམས་ཀྱི་སྐྱོ་སྣང་ཚད་མེད་ཀྱང་།།
མིག་ཆུ་མི་གཏོང་ཉི་ཟླ་དཔང་དུ་གསོལ།།
དགུན་ཁའི་རུ་བ་ལྷོ་རུ་ཆ་མི་ཆ།།
ཁྱོག་ཐོང་དག་གི་འཐད་པས་ཐག་མི་ཆོད།།
གཏན་ཚིགས་དངོས་ནི་རྗེ་ཡི་བཀའ་ལུང་སྟེ།།
མཛའ་མོ་བདག་ལ་སྙིང་ཁྲེལ་མ་གནང་ཤིག །
བུ་ཆུང་རལ་བ་སིལ་མར་བསྙིལ་ལམ་ཅི།།
ཕ་ཡི་མདའ་གཞུ་ཁྱོགས་པ་ནམ་ཙམ་ན།།
སྟིངས་ཀྱི་མདུན་མ་ཡོད་ཚད་ཁོ་ཡིན་གྱི།།
ཡི་གེའི་གྲྭ་དང་གཙུག་ལག་གཞུང་བར་སློབས།།
ཁྲེལ་ལ་བརྩི་བའི་ཕ་ཞིག་ཡོད་ཀྱི་ལོབ།།
ལས་ལ་བརྩོན་པའི་མ་ཞིག་ཡིན་གྱི་ཟློས།།
ཁྱིམ་ལ་རན་པའི་བུ་ཞིག་དགོས་ཀྱི་ཤོད།།
ཕ་བུ་མ་གསུམ་འཛོམ་པ་ཡོད་ཀྱི་སྨྲོས།།
ཤར་འདུལ་འཁྲུན་ཐག་ཆོད་པར་ད་དུང་རིང་།།
གལ་ཏེ་ཚེ་འདིར་ཅིས་ཀྱང་མཇལ་དཀའ་ན།།
མེ་ཏོག་སེར་ཆེན་དག་དང་སྦྲང་མ་བཞིན།།
སྐྱེད་ཚལ་བཟང་པོ་གཞན་ནས་མཇལ་བར་བྱེད། །
ཉེ་སྔོན་གནམ་གྲུའི་ནང་ནས་འགྲུལ་བཞུད་བྱེད་པའི་སྐབས་ཤིག་ལ་བྲིས།