གནས་ཚུལ་མཁོ་འདོན་པཿ ས་གནས་བོད་རིགས་ཚོགས་པས་ཚོགས་གཙོ་ངག་དབང་རྡོ་རྗེ།
ཕྱི་ཟླ་ ༧ ཚེས་ ༦ ཚེས་ ༦ ཉིན། ཨ་རིའི་མངའ་སྡེ་བུ་རྒྱས་གནས་ Virginia ཤར་ལྷོ་བསུ་དཔལ་ Charlottesville གྱི་བོད་རིགས་ཚོགས་པའི་བཀོད་སྒྲིག་འོག ཕྱི་ནང་མི་སྣ་བརྒྱ་ཕྲག་ཙམ་མཉམ་འཛོམས་ཀྱིས། ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་བདུན་བཅུ་དོན་བདུན་པའི་རྟེན་འབྲེལ་མཛད་སྒོ། བོད་ཀྱི་ནང་བའི་ཆོས་ཚོགས་བཀྲ་ཤིས་གླིང་དུ་བསྐྱངས།
མཛད་སྒོའི་ཐོག་མར་གཙུག་ལག་ཁང་གི་མདུན་ཐང་དུ་སྐུའི་རླུང་རྟའི་ཁམས་མཐུན་གྱི་དར་ཅོག་བསྒྲེང་འཛུགས་དང་། ལྷ་བསང་གྱི་དུད་པ་མཁའ་དབྱིངས་སུ་འཕྱུར་བ་དང་མཉམ་དུ་བོད་སྐྱོང་ལྷ་སྲུང་ཁག་གི་གསོལ་མཆོད་དང་། ཀི་བསྭོའི་ལྷ་རྒྱལ་འཐེན།
དེ་ནས་གཙུག་ལག་ཁང་དུ་ཕེབས་ཏེ་༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་ཞིང་གྲལ་དུ་འཁོད་བསྟུན། དུས་འཁོར་ཚོགས་མཆོད་ཡེ་ཤེས་འོད་འཕྲོ་དང་འབྲེལ་༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་དང་། རིས་མེད་བསྟན་རྒྱས་སྨོན་ལམ་སོགས་ཚིག་དོན་རྗེས་དྲན་ངང་ནས་གསུང་གནང་མཛད།
མཇུག་ཏུ་ཕྱི་རྒྱལ་གྱི་གླུ་མ་ཞིག་གིས། བོད་ཀྱི་རྡུང་ལེན་༼གསེར་སེར་པོ་༽ཞེས་པ་ཞིག་༧རྒྱལ་བའི་ཞབས་བརྟན་ཆེད་དུ་ཕུལ་རྗེས། མི་མང་རྣམས་གཙུག་ལག་ཁང་གི་ཕྱི་རོལ་ཏུ་ཕེབས་ཏེ་ཉིན་གུང་གསོལ་ཚིག་ལ་རོལ་རྗེས་དགའ་སྤྲོའི་ངང་མཛད་སྒོ་མཇུག་བསྡུས་སོ།།