ཕལ་བའི་མི།
—སྐམ་ས་ནས་འོངས་པའི་རྒྱ་རིགས་ཤེས་ཡོན་པ་ཞིག་གི་སྐད་ཆར་མཉན་པ།
རིང་པོར་དཔྱངས་པའི་གནག་སྣུམ་གྱི་སྐྲ་ལོ་དེས་མི་རྣམས་ལ་ཁོའི་དབང་རྩ་རེ་རེ་བཞིན་སྒྱུ་རྩལ་དང་ཚོར་བས་སྦྲིད་པའི་སྙན་ངག་པ་ཞིག་ཡིན་པའི་དྲན་སྐུལ་ཡང་ཡང་བྱེད་ཅིང་། གླག་རྒོད་དར་མ་མཁའ་ནས་བཅུམ་འདྲའི་ཡ་ཁའི་ཁ་སྤུ་དེས་ཁོའི་གདོང་ལ་ཅི་བས་ཞི་དུལ་དང་བབ་ཆགས་་ཀྱི་ཉམས་སྣོན་པ་ཞིག་བྲིས་འདུག ད་དུང་དེས་ག་ལ་ཚད། ཤིན་ཏུ་ཐུང་བའི་ཨག་ཚོམ་ནག་པོ་དེས་ཁོའི་གཉུག་གཤིས་ཀྱི་འདབ་མ་རེ་རེ་ལ་ལོ་ངོ་སྟོང་ཕྲག་གི་རིང་བཞུར་རྒྱུན་ཆད་མ་མྱོང་བའི་ཁུང་ཙིའི་ལྟ་གྲུབ་ཀྱི་ཟིལ་པ་ཕྲོམ་ཕྲོམ་དུ་ཆགས་ཡོད་པའི་བཟོ་ལྟ་ཞིག་མངོན་དུ་བཅུག་ཡོད་ནའང་། ཁོའི་སྐད་ཆའི་གཞུང་ལ་ཁད་ཀྱིས་བབས་ཚེ། གཉུག་གཤིས་ཀྱི་གཏིང་རུམ་དུ་ནུབ་ཕྱོགས་པའི་དཔལ་ཡོན་གྱི་དྭངས་མ་ལྟེམ་ལྟེམ་བྱེད་ཅིང་། དཔྱོད་ཤེས་ཀྱི་འོད་སྣང་ནི་ཤར་ཕྱོགས་ཀྱི་བཙན་མཁར་སྒོ་མེད་དེའི་གས་སྲུབས་ནས་ནུབ་ཕྱོགས་པའི་རང་དབང་གི་དཔལ་ཡོན་གྱི་བར་སྣང་ལ་འཕྲོ་བཞིན་པའི་རྒྱ་ནག་གི་གཞོན་སྐྱེས་ཤེས་ཡོན་པ་ཞིག་ཡིན་པར་ར་སྤྲོད་ཡང་ཡང་བྱེད་པར་མ་ཟད། དེས་བདག་ལ་ཁོ་དང་ཁ་གཏད་དུ་བསྡད་ནས་གླེང་མོལ་བྱ་འདོད་ཀྱི་ཡི་གའང་སྔར་བས་ཇེ་ཆེར་བཏང་ཞིང་། ཧ་ཅང་སྟུག་པའི་ཤར་ཕྱོགས་ཀྱི་སྨག་རུམ་ཀློང་ནས་འོད་དུ་འཚེར་གྱིན་པའི་སྐར་མ་སྟོང་ཕྲག་མང་པོའི་ནང་གི་གཅིག་ནི་ཁོ་ཡིན་པར་བདག་གིས་ངོས་འཛིན་བྱས་པ་ཡིན།
ད་དུང་དེ་མིན་ངའི་ཁ་གཏད་དུ་བཀྲུས་ནའང་འདག་མི་སྲིད་པའི་བོད་མོ་དག་མ་ཞིག་གི་ངོ་མདངས་ཅན་གྱི་བུད་མེད་ཅིག་བསྡད་ཡོད་པ་དེ་ནི་ཁྲོན་ཆིན་ནས་སླེབས་པའི་བུད་མེད་པར་བ་ཧྥ་ཝི་ཡིན་ལ། མོས་ཁ་སང་ཞོགས་པ་རང་ཉིད་ཀྱི་གྲོགས་པོ་ནི་བོད་ཀྱི་གནད་དོན་ཐད་ཉམས་ཞིབ་བྱེད་མཁན་གྱི་རྒྱ་རིགས་རྩོམ་པ་ཞིག་ཡིན་པར་བཤད་སྐབས་ངས་མོ་ལ་ཁོའི་སྐོར་སྐད་ཆ་མང་པོ་དྲིས་མེད་ལ། མོའི་གྲོགས་པོ་དེར་ཐུག་སྲིད་པའི་ཚོད་དཔག་ཀྱང་བྱས་མེད། འོན་ཀྱང་ཕྱི་དྲོ་ང་གཉིས་གླེང་མོལ་བྱེད་ཀྱིན་པའི་སྐབས་སུ་མོའི་གྲོགས་པ་དེ་གངས་སྐྱིད་ཀྱི་དཔེ་མཛོད་དུ་སོང་ནས་ཕྱིར་སླེབས་ཤིང་། མོས་ང་གཉིས་ཕན་ཚུན་མཚམས་སྦྱོར་བྱེད་སྐབས་ད་གཟོད་ངས་མོའི་གྲོགས་པོ་ནི་ངའི་ཕ་ཡུལ་ནས་ཧ་ཅང་ཐག་རིང་མ་ཡིན་པའི་རྒྱ་ནག་གི་ས་ཆ་ལུང་ཞིན་ཞེས་པ་དེ་ནས་ཡིན་པ་ཤེས་རྟོགས་བྱུང་། ཁོས་ཞྭ་སྒབ་པའི་དབྱིན་ཡིག་གི་སྲིད་དོན་རྒྱལ་རབས་དང་། བོད་ཀྱི་ཆབ་སྲིད་འཕོ་འགྱུར་སྐོར་གྱི་ལོ་ཚིགས་ཕྱོགས་བསྒྲིགས་བྱས་པའི་དབྱིན་ཡིག་གི་དེབ་ཆུང་ངུ་ཞིག་ཉོས་ཡོད་པ་དང་། རྒྱ་ནག་ཏུ་ཕྱིར་ལོག་རྗེས་ཞ་སྒབ་པའི་སྲིད་དོན་རྒྱལ་རབས་དེ་རྒྱ་ཡིག་ཏུ་བསྒྱུར་རྒྱུའི་ཐད་ཁོ་ལ་སྤོབས་སེམས་ཀྱིས་ཁེངས་འདུག དེའི་ཕྱི་ཉིན་ཁོས་ཡང་བསྐྱར་བཙན་བྱོལ་ནང་ནས་འཚར་ལོངས་བྱུང་བའི་དབྱིན་ཡིག་གི་སྙན་ངག་པ་བསྟན་འཛིན་བརྩོན་འགྲུས་ཀྱི་སྙན་དེབ་<<སྐོར་བ།>>ཞེས་པ་དང་ལྷ་བཟང་ཚེ་རིང་གི་སྙན་ངག་གི་དེབ་གཅིག་བཅས་ཉོས་འདུག་པར་མ་ཟད། ཁོས་བསྟན་འཛིན་བརྩོན་འགྲུས་དང་ལྷ་བཟང་ཚེ་རིང་གཉིས་ལ་གདེང་འཇོག་ཆེན་པོ་བྱེད་ཀྱི་འདུག ཁོས་བཤད་ན། ཉིན་འདི་གར་མེ་ལོར་གྱི་དཔེ་ཚོང་ཁང་ཁག་ནས་དཔེ་ཆ་ཉོ་མཁན་གྱི་བོད་པ་ཞིག་མཐོང་མ་སོང་ལ། ཉིན་འདི་གར་མེ་ལོར་གྱི་ཇ་ཁང་ཁག་ཏུ་དཔེ་ཀློག་བྱེད་མཁན་གྱི་བོད་པ་ཡང་མཐོང་མ་སོང་ཟེར་ནས་ཧ་ཅང་ཕངས་སེམས་ཆེན་པོ་སྐྱེས་པའི་རྣམ་འགྱུར་སྟོན་གྱིན་པ་དེས་བདག་ལ་རིན་སྟེར་མི་དགོས་པའི་ངོ་ཚ་ཆུང་ཆུང་ཞིག་རག་སོང་།
ཕྱི་ལོ་༢༠༠༡ ལོར་ཁོ་རྡ་རམ་ས་ལར་ཡོང་ནས་ྋགོང་ས་མཆོག་ལ་ཞལ་མཇལ་ཐེངས་དང་པོ་དེ་ཞུས་ཡོད་པ་དང་། ད་ལོ་ ྋགོང་ས་མཆོག་ལ་ཞལ་མཇལ་ཞུ་ཐེངས་གཉིས་པ་དེ་ཡིན་འདུག ཉིན་གུང་ང་ཚོ་ཡང་བསྐྱར་མཱོག་ལཱོ་McLlo ཟ་ཁང་དུ་འཛོམས་ནས་གླེང་མོལ་བྱས་ཤིང་། ཧྥ་ཝིས་རང་ཉིད་བོད་ཁུལ་གྱི་ས་ཆ་གང་སར་ཆེད་བསྐྱོད་ཀྱིས་ལས་རིགས་མི་འདྲ་བའི་བོད་མི་རྣམས་པར་དུ་བླངས་ནས་བཟོས་པའི་དཔེ་དེབ་ཐུག་པོ་དེ་བདག་ལ་བསྟན་ཅིང་བདག་གིས་ཀྱང་དཔེ་དེབ་ནང་གི་འདྲ་པར་རེ་རེ་བཞིན་ཞིབ་ལྟ་བྱས་པ་ཡིན། མོས་དཀའ་སྡུག་དང་སྤྲོ་སེམས་ཚད་མེད་ཀྱིས་བླངས་པའི་འདྲ་པར་རེ་རེས་བདག་གི་རྣམས་ཤེས་ནི་གླག་རྒོད་དར་མ་ཞིག་དང་འདྲ་བར་གངས་ལྗོངས་ཀྱི་མཁའ་དབྱིངས་སུ་ཡང་ཡང་ལྡིང་སྐོར་བྱེད་དུ་བཅུག་པར་མ་ཟད ། ཕྱི་ན་ཟིམ་ཟིམ་འབབ་པའི་ཆར་ཐིགས་རེ་རེ་ནི་ཕྱིར་དྲན་གྱི་གཤོག་སྣེ་རློན་བྱེད་ཀྱི་མིག་ཆུའི་ཐིགས་པ་རེ་རེ་དང་འདྲ་བས། ངས་སྐད་ཅིག་ཉིད་ལ་རང་གི་ས་མཐའི་ལོ་ངོ་བཅོ་བརྒྱད་ཀྱི་སྐྱོ་གདུང་མ་ལུས་ཁོང་དུ་མིད་ཅིང་ང་ཚོ་ཡང་བསྐྱར་གླེང་མོལ་གཞན་ཞིག་གི་འཇིངས་སུ་ཞུགས་པ་ཡིན།
ཚེའེ་ཐྲོན་ཡ་ནི་ངའི་འཁྲིས་སུ་བསྡད་ཡོད་པ་དང་། ཁོས་བདག་ལ་ཧ་ཅང་གཟབ་ནན་གྱིས་བལྟས་ནས་བོད་ཀྱི་གས་འཐོར་ཆེན་པོ་འདིའི་འབྱུང་རྩ་ངོ་མ་དེ་བོད་མི་རང་ཉིད་ལ་ཐུག་ཡོད་པ་དང་ལྷག་པར་སེར་མོ་བའི་སྡེ་ལ་ཐུག་ཡོད་པར་བཤད་ཅིང་། ད་དུང་ཅི་བས་མང་བའི་གྲྭ་བའི་གྲངས་འབོར་མོད་པོ་འདིས་བོད་ཀྱི་མི་འབོར་འཕེལ་རྒྱས་ལ་ཤིན་ཏུ་གནོད་བསྐྱལ་ཡོད་པར་མ་ཟད། ད་ལྟའི་བོད་ཀྱི་དགོན་སྡེ་ཁག་ཏུ་ཡོད་པའི་གྲྭ་པ་མང་པོ་ཞིག་ལ་ནང་བསྟན་གཞུང་ལུགས་ལ་སློབ་སྦྱོང་བྱེད་པའི་རྣམ་འབྱེད་ཀྱི་ཤེས་རབ་རྟུལ་ཞིང་འཚོ་ཚིས་ཙམ་གྱི་ཆེད་དུ་དགོན་པའི་ནང་དུ་མི་ཚེ་སྐྱེལ་གྱིན་པ་དེ་ནི་ཤིན་ཏུ་མི་འོས་པ་ཞིག་ཡིན་པས། ཁོ་ཚོ་ཅིས་ཀྱང་སྐྱ་སར་བབས་ནས་བོད་མིའི་མི་འབོར་འཕེལ་རྒྱས་ཐད་ཤུགས་སྣོན་མ་བརྒྱབ་ཚེ། ཉིན་རེ་བཞིན་འབར་གས་འབྱུང་བཞིན་པའི་རྒྱ་མི་རིགས་ཀྱི་མེ་རི་ཆེན་པོས་འདིས་ནམ་ཞིག་བོད་མི་རིགས་རྣམས་ཐལ་བའི་རྡུལ་དུ་བརླག་ངེས་ཡིན་པའི་ངོས་འཛིན་བྱེད་པ་དང་། ཁོས་ད་དུང་མུ་མཐུད་ནས་ནང་བསྟན་གཞུང་ལུགས་ནི་རྣམ་འབྱེད་ཀྱི་ཤེས་རབ་ཟབ་ཅིང་གསལ་ལ་མྱུར་བའི་མི་ཁོ་ནའི་སྦྱང་བྱ་ཡིན་པས་བྱིས་པ་ལོ་ན་བཅུ་བཞི་ཙམ་ལ་སླེབས་སྐབས། རྒྱུགས་སྤྲོད་ཀྱི་ཐབས་ལམ་སྤྱད་ནས་དེར་སྦྱང་འདུན་ཡོད་པའི་རྣམ་འབྱེད་ཀྱི་ཤེས་རབ་ཟབ་ཅིང་གསལ་ལ་མྱུར་བ་ཅན་ཁོ་ནར་སྦྱོང་དུ་འཇུག་དགོས་པའི་འཆར་སྣང་གི་རི་མོ་ཧ་ཅང་གསོན་ཉམས་དོད་པོ་ཞིག་སྐད་ཅིག་གིས་ངའི་མདུན་ལ་བྲིས་བྱུང་།
ཁོས་ད་དུང་ང་ལ། ངའི་རེ་བ་ཡིན་ན་བདག་རྗེས་མ་རྡ་རམ་ས་ལར་སླེབས་དུས་སྒབ་ཀྱི་གྲོས་ཚོགས་ར་བའི་ནང་ངུར་སྨྲིག་ཆོས་གོས་མནབ་པའི་ཨ་ཁུ་དེ་དག་ལས་གཅིག་ཀྱང་མཐོང་ཡུལ་དུ་མེད་དགོས་པ་དང་། ད་ལྟའི་སྤྱི་འཐུས་ཚོགས་གཞོན་དེ་ཡང་ངུར་སྨྲིག་ཆོས་གོས་མནབ་པའི་ཨ་ཁུ་ཞིག་ཡིན་པར་མ་ཟད། དེའི་འཁོར་དུ་ད་དུང་ཚོགས་གཞོན་འདྲ་བའི་ཆོས་རྒྱུད་ཁག་ནས་ཕེབས་པའི་ཨ་ཁུ་འཐུས་མི་ཡོད་པ་དེར་བསམ་གཞིག་ཞིབ་ནན་བྱས་ཚེ་དེ་ནི་ཤཱཀྱ་མུ་ནེ་ལ་རྒྱབ་འགལ་བྱས་པ་ལས་མ་འདས་ཏེ། གྲོས་ཚོགས་ར་བའི་ནང་ངུར་སྨྲིག་ཆོས་གོས་མནབ་པའི་ཨ་ཁུ་དེ་ཚོས་རང་ཉིད་གང་གི་རྗེས་སུ་འབྲངས་པའི་ཤཱཀྱ་མུ་ནེས་རྒྱལ་སྲིད་སྤངས་པ་དང་མི་མེད་ལུང་སྟོང་གི་དབེན་གནས་འགྲིམས་ནས་དམ་པ་ལྷ་ཆོས་ཉམས་ལེན་བྱས་པ་དེ་མ་མཁྱེན་པ་ཡིན་ནམ། ཁོང་གི་དགེ་ཕྲུག་ཏུ་ཁས་འཆེ་བའི་ཨ་ཁུ་ཚོས་དགོན་པ་བསྐྱུར་ནས་སྲིད་དོན་གྱི་དཀྱིལ་འཁོར་དུ་བང་འགྲན་ནས་འཚང་བཞིན་པ་དེ་ངས་བསམ་ན་ཤཱཀྱང་མུ་ནེ་ལ་རྒྱབ་འགལ་བྱས་པ་རེད་ཅེས་ལབ་བྱུང་། བསྐལ་པའི་མེ་དཔུང་ལས་ཀྱང་དབལ་ཚ་བའི་ཁོའི་སྐད་ཆ་ཚིག་གཅིག་པོ་དེས་བདག་གི་དོན་ལྔ་སྣོད་དྲུག་མ་ལུས་སྐད་ཅིག་ཉིད་དུ་བསྲེགས་ནས་ཐལ་བར་བྱས་པའི་སྣང་བ་སྐྱེས་ཤིང་། ཁ་ཐུག་དེར་ཧྥ་ཝིས་ཁོ་བོ་འདྲ་པར་ཞིག་བརྒྱབ་ཡོད་རྒྱུ་ན་ངའི་དཔྲལ་ངོས་སུ་རྔུལ་ཆུ་ཕྲོམ་ཕྲོམ་ཕྲོམ་བྱེད་ཀྱིན་པ་དེ་ཡང་ཕལ་ཆེར་འདྲ་པར་ནང་ནས་གསལ་པོ་མཐོང་ཐུབ་ངེས་ཡིན།
ཁོས་བདག་ལ་མུ་མཐུད་ནས་བོད་མི་རྣམས་རྒྱ་གར་ལ་བཙན་བྱོལ་དུ་ཡོང་ནས་མི་ལོ་ལྔ་བཅུ་ལྷག་འདས་ཟིན་ནའང་། ད་དུང་སློབ་གྲྭ་ཆེན་མོ་གཅིག་ཀྱང་འཛུགས་ཐུབ་མེད་པ་དེས་བཙན་བྱོལ་དུ་ཡོད་པའི་བོད་པ་ཚོས་རང་ཉིད་ཀྱི་ལས་དབང་ཐག་གཅོད་བྱེད་རྒྱུར་ཤིན་ཏུ་དཀའ་ཁག་གི་གནས་སུ་བཅར་བ་མཚོན་པ་དང་། ཡང་ཕྱོགས་གཞན་ཞིག་ནས་བཤད་ན། མི་ལོ་ལྔ་བཅུ་ཐམ་པའི་རིང་ལ་རྒྱ་གར་གྱི་བོད་པ་ཚོར་བྱས་པ་སྣ་གཅིག་ཀྱང་སྟོན་རྒྱུ་མེད་པ་མ་ཡིན་ཏེ། ཐང་ག་ཧ་ཅང་ཡག་པོ་ཞིག་འབྲི་ཤེས་ཀྱི་འདུག་མོད། འོན་ཀྱང་རང་ཉིད་ཀྱི་ལས་དབང་ཐག་གཅོད་བྱེད་རྒྱུར་ལུས་པའི་མི་རིགས་ཤིག་གི་ངོས་ནས་བཤད་ན་དེ་ནི་དགོས་མཁོ་སྤུ་ཙམ་ཡང་མེད་པ་ཞིག་གམ། ཡང་ན་དེ་དང་འབྲེལ་བ་གཏན་ནས་མེད་པའི་ལས་ཀ་ལྷག་མ་ཞིག་ཡིན་པས། ས་འདི་ན་བོད་པ་ཚོས་ཁ་ཚ་དགོས་གཏུག་གིས་ཅི་ཞིག་བྱེད་དགོས་པ་ནི་སློབ་གྲྭ་ཆེན་མོ་ཞིག་འཛུགས་རྒྱུ་དེ་ཡིན་པ་དང་། དེའི་དགེ་རྒན་ཚོར་ཟླ་ཕོག་མཐོན་པོ་སྤྲད་ནས་ནུབ་ཕྱོགས་པའི་སློབ་དཔོན་ཆེན་མོ་རྣམས་གདན་འདྲེན་ཞུ་དགོས་ཤིང་། དངོས་ཁམས་དང་རྫས་འགྱུར་རིག་པ་སོགས་ནུབ་ཕྱོགས་པའི་དེང་རབས་རིག་གནས་ལ་སྦྱང་དགོས་པ་རེད་ཟེར།
ད་དུང་ཁོས་སྔོན་ཆད་ཅི་ཡང་མེད་ཅིང་གང་ཡང་མི་འཇོན་པའི་འཇར་པན་པས་ནུབ་ཕྱོགས་པའི་རིག་གནས་ནང་འདྲེན་བྱས་པ་དང་། ནུབ་ཕྱོགས་པའི་དགེ་རྒན་གདན་འདྲེན་བྱས་སྟབས། ཕྱིས་སུ་ཨེ་ཤ་ཡའི་ས་ཁུལ་དུ་ཁོང་ཚོ་ནི་ཅི་བས་སྟོབས་འབྱོར་ཆེ་ཞིང་འཇོན་ཐང་ལྡན་པའི་མི་རིགས་ཤིག་ཏུ་གྱུར་པ་མ་ཡིན་ནམ། བོད་པ་ཚོས་ཀྱང་ངེས་པར་དུ་ཁོ་ཚོ་ལ་ཁ་མིག་ཡར་ལྟ་བྱ་དགོས་པ་རེད། ངས་སྐད་ཆ་འདི་དག་ཉིན་ཤས་སྔོན་སྤྱི་འཐུས་ཚོགས་གཙོ་ལ་ཞུས་པ་ཡིན་མོད། ཁོས་བཤད་ན་བཙན་བྱོལ་བོད་གཞུང་ལ་དངུལ་མེད་ཟེར། ཁྱེད་ཀྱིས་ལྟོས་དང་འདི་ན་ཁྱེད་ཚོས་དེ་འདྲའི་སྟོབས་འབྱོར་ལྡན་པའི་དགོན་པ་རྫིག་པོ་མང་པོ་ཞིག་བརྒྱབ་མི་འདུག་གམ། ཀརྨ་པ་བཞུགས་ས་དེར་གཅིག་ལྟོས་དང་། དགོན་པ་དེ་རྫིག་པོ་ག་འདྲ་མི་འདུག་གམ། ཀརྨ་པ་ལ་བཞུགས་ས་ཆུང་ཆུང་ཞིག་གོ་སྒྲིག་བྱས་ནས་དགོན་པ་དེ་སློབ་གྲྭ་ཆེན་མོ་ཞིག་ཏུ་བསྒྱུར་བཞག་ན་ག་འདྲ་མི་འདུག་གམ་ཞེས་ཕངས་སེམས་ཀྱིས་བཤད་སོང་།(ཁོས་རྒྱུད་སྟོད་གྲྭ་ཚང་ཀརྨ་པའི་དགོན་པ་རེད་བསམ་འདུག)
དེ་མཚམས་ཤིག་ནས་ནམ་ཡོང་མ་ཤེས་མོད། འོན་ཀྱང་ང་ཚོས་གླེང་མོལ་བྱེད་ཀྱིན་པའི་སྐབས་འཁྲིས་ཀྱི་ཅོག་ཙེ་དེའི་མཐར་ལོ་ན་ཉེར་གསུམ་ཅན་གྱི་ཕོ་གསར་ཆུང་ཆུང་ཞིག་དང་། གཞན་བུ་དང་བུ་མོ་ཆུང་ཆུང་ཞིག་བཅས་སླེབས་ནས་ཇ་འཐུང་གིན་འདུག རྒྱ་སྐད་བཤད་ན་ཕོ་གསར་ཆུང་ཆུང་དེ་ནི་ང་ལས་ལྡབ་འགའ་བྱང་ཆ་ཆེ་ཞིང་། ཁོས་ཕོ་གསར་དེར་ཕ་ཡུལ་གང་ནས་ཡིན་མིན་དང་། ལོ་ན་ཅི་ཙམ་ལ་སོན་ཡོད་མེད། ག་རེ་སློབ་སྦྱོང་བྱེད་ཀྱི་ཡོད་མེད་དང་། སློབ་ཡོན་སུས་སྤྲོད་ཀྱི་ཡོད་མེད། ད་དུང་གཞུག་ཕྱོགས་ཅི་ཞིག་བྱ་རྩིས་ཡོད་མེད་བཅས་དྲིས་པར། ཕོ་གསར་དེས་ཕྱི་རྒྱལ་ཞིག་ཏུ་སློབ་གྲྭར་འགྲོ་རྒྱུ་ཡིན་ཚུལ་བཤད་སོང་། ཕྱི་རྒྱལ་དུ་སོང་ནས་ཆེད་ལས་ཅི་ཞིག་སྦྱོང་འདུན་ཡོད་མེད་དྲིས་པར་དབྱིན་ཇིའི་སྐད་ཡིག་སྦྱང་རྒྱུ་ཡིན་ཞེས་ལན་བཏབ་་སོང་།
དེ་མ་ཐག་ཁོས་ཕོ་གསར་ཆུང་ཆུང་དེའི་ཕྱོགས་སུ་སྣུར་ཙམ་བྱས་ནས་ཕྱི་རྒྱལ་གྱི་སློབ་གྲྭ་ཆེན་མོའི་ནང་དུ་དབྱིན་ཇིའི་སྐད་ཡིག་གི་ཆེད་ལས་འདོན་ས་དེ་འདྲ་ལོགས་སུ་ཡོད་མ་རེད། ཁྱེད་ཀྱིས་ངེས་པར་དུ་ཆེད་ལས་བདམས་ནས་སྦྱང་དགོས་པ་རེད། དཔེར་ན། དབྱིན་ཇིའི་རྩོམ་རིག་དང་། དངོས་ཁམས་རིག་པ་དང་། མཚན་ཉིད་རིག་པ། དཔལ་འབྱོར་རིག་པ་དང་། ཆབ་སྲིད་རིག་པ། མིའི་རིགས་རིག་པ། རྒྱལ་སྤྱིའི་འབྲེལ་ལམ་རིག་པ་སོགས་རང་ཉིད་གང་ལ་མོས་པ་ཡོད་པའི་ཆེད་ལས་ཤིག་བདམས་ནས་སྦྱང་དགོས་རེད་ལ། ལྷག་པར་དུ་ཁྱེད་རང་ཚོའི་དགྲ་བོ་ནི་ཀྲུང་གོ་ཡིན་པས། ཁྱེད་ཚོས་ངེས་པར་གུང་ཁྲན་ཏང་གི་ཆབ་སྲིད་ལྟ་གྲུབ་ལ་སྦྱང་དགོས་པ་དང་། གནས་ཚུལ་ག་འདྲ་ཞིག་གི་འོག་ནས་གུང་ཁྲན་ཏང་གིས་རྒྱལ་ཇུས་བཏིང་ཡོད་མེད་ལ་ཞིབ་འཇུག་མཐིལ་ཕྱིན་བྱེད་དགོས་པ་དང་། རྒྱ་མི་རིགས་ཀྱི་བསམ་བློ་ལའང་ཞིབ་འཇུག་གཏིང་ཟབ་བྱེད་དགོས་པ་རེད། གལ་སྲིད་དེ་ལྟར་མ་བྱས་ན་ཁྱེད་ཚོས་རང་ཉིད་ཀྱི་དགྲ་ཡར་ཁ་གཏད་ཇི་ལྟར་འཇལ་རྒྱུ་ཡིན་ནམ་ཟེར། དེ་ནས་ཁོས་བདག་ལ་གལ་སྲིད་བཙན་བྱོལ་བོད་གཞུང་གིས་གཞུག་ཕྱོགས་སློབ་གྲྭ་ཆེན་མོ་ཞིག་བཙུགས་པ་ཡིན་ན་ཁོས་རྒྱ་ནག་གུང་ཁྲན་ཏང་གི་ལོ་རྒྱུས་དང་ཆབ་སྲིད་ཀྱི་སྒྲོམ་གཞི་བཏིང་སྟངས་སྐོར་ནས་སློབ་ཁྲིད་བྱ་ཐུབ་ཟེར།
སྔོན་ཆད་ཁོ་ཁམས་སྡེ་དགེ་ལ་སོང་ནས་བོད་པའི་སློབ་གྲྭ་ཞིག་ཏུ་དང་བླང་དགེ་རྒན་བྱས་མྱོང་ཡོད་པ་དང་། ཁྲོན་ཆིན་གྱི་སློབ་གྲྭ་ཆེན་མོ་ཞིག་ཏུ་དགེ་རྒན་བྱེད་ཀྱིན་པའི་སྐབས། ཞིན་ཅིན་ཕིན་གྱིས་རྒྱ་ནག་གི་སློབ་གྲྭ་ཁག་ཏུ་ནུབ་ཕྱོགས་པའི་དཔལ་ཡོན་བརྒྱུད་བསྒྲགས་བྱེད་མི་ཆོག་པའི་བཀག་སྡོམ་གྱི་རླུང་འཚུབ་དེས་སློབ་གྲྭ་ཆེན་མོ་མང་པོ་ཞིག་གི་དགེ་རྒན་རྣམས་ཁྲིད་སྟེགས་ཀྱི་སྒང་ནས་ཕྱི་རོལ་ཏུ་དེད་ཡོང་བའི་གྲས་ཀྱི་གཅིག་ནི་ཁོ་ཡིན་པ་དང་། སྐྱེ་རྒུའི་མདོའི་ས་ཡོམ་དང་། འབྲུག་ཆུའི་ཆུ་ལོག་སྐབས་སེར་མོ་བ་ཉེན་སྐྱོབ་པ་ཚོར་གཞུང་ཕྱོགས་ནས་ལྟ་སྟངས་མི་ལེགས་པའི་བྱ་སྤྱོད་དེར་ཁོས་མོས་མཐུན་གཏན་ནས་བྱས་མྱོང་མེད་པ་དང་། དེའི་སྐོར་ལ་རྩོམ་ཡིག་ཅིག་བྲིས་ནས་བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་ལའང་བསྐུར་མྱོང་ཡོད་འདུག
ཕྱི་དྲོ་ང་ཚོས་དུས་ཚོད་ཀྱི་དབང་གིས་ཕན་ཚུན་ལ་གྱེས་བརྡ་ཕུལ་ནས་བདེ་མོ་བཞག་པ་ཡིན་ལ། ང་ཚོས་ཞི་བདེ་དང་གྲོས་མོལ་གྱི་བར་སྟོང་ཞིག་ནས་རྒྱ་བོད་བར་ལ་མཐུན་སྒྲིལ་གྱི་འོད་ཟེར་གསར་པ་ཞིག་མྱུར་དུ་འཕྲོས་པའི་རེ་འདུན་གྱི་རི་མོ་སོ་སོའི་སྙིང་ལ་རྟག་བརྟན་གྱིས་བསྐོས་པ་ཡིན་མོད། འོན་ཀྱང་། ང་ཚོས་གང་ཞིག་གསལ་པོ་མཐོང་བ་ནི་ང་ཚོའི་མདུན་ཕྱོགས་སུ་ད་དུང་ཧ་ཅང་མུན་ནག་གི་འགག་འཕྲང་བརྟོལ་དཀའ་བ་ཞིག་ཡོད་པ་དེ་ཡིན།
ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༣༡ ཉིན་རྡ་རམ་ས་ལ་ནས།
རྒྱལ་བ་ཤཱཀྱ་མུ་ནེ་ལ་རྒྱབ་འགལ་ངོ་མ་རེད། ད་དུང་མེན་ཟེར་ལྐུགས་པའི་ཨུ་ཚུགས་བྱེད་ན་གང་དྲན་དྲན་རེད།
་་་་་་་་་་་ ་དེ་ནི་ཤཱཀྱ་མུ་ནེ་ལ་རྒྱབ་འགལ་བྱས་པ་ལས་མ་འདས་ཏེ། གྲོས་ཚོགས་ར་བའི་ནང་ངུར་སྨྲིག་ཆོས་གོས་མནབ་པའི་ཨ་ཁུ་དེ་ཚོས་རང་ཉིད་གང་གི་རྗེས་སུ་འབྲངས་པའི་ཤཱཀྱ་མུ་ནེས་རྒྱལ་སྲིད་སྤངས་པ་དང་མི་མེད་ལུང་སྟོང་གི་དབེན་གནས་འགྲིམས་ནས་དམ་པ་ལྷ་ཆོས་ཉམས་ལེན་བྱས་པ་དེ་མ་མཁྱེན་པ་ཡིན་ནམ། ཁོང་གི་དགེ་ཕྲུག་ཏུ་ཁས་འཆེ་བའི་ཨ་ཁུ་ཚོས་དགོན་པ་བསྐྱུར་ནས་སྲིད་དོན་གྱི་དཀྱིལ་འཁོར་དུ་བང་འགྲན་ནས་འཚང་བཞིན་པ་དེ་ངས་བསམ་ན་ཤཱཀྱང་མུ་ནེ་ལ་རྒྱབ་འགལ་བྱས་པ་རེད་ཅེས་ལབ་བྱུང་། ་་་་་་་་་་་་
རྒྱབ་འགལ་མཐོང་མཁན་གྱི་མིག་ལ་མིག་སྨན་ཉོ་རོགས་གྱིས་དང་།
རྩོམ་ཡིག་འདི་ཀློག་གིན་ཀློག་གིན་ངའི་ཡིད་ལ་གཏམ་རྒྱུད་ཞིག་དྲན། སིན་ཀྲུང་ཧྲན། ཧྭ་ཧྲན་རི་བོ་ལ་སོང་ནས་གྲྭ་བ་གཉིས་དང་མིག་མང་རྩེ་བའི་སྐོར་གྱི་གནས་ཚུལ་ཞིག་ཡིན། དེ་ལས་བྱུང་བའི་གཏམ་རྒྱུད་གཞན་ཞིག་ནི། གྲྭ་བ་ནི་ཁྱི་དང་འདྲ་བར་དཔོན་ཆེན་གྱི་མདུན་ནས་རྔ་མ་གཡུགས་མཁས་ཟེར་བ་དེ་རེད། དེ་ནི་རྒྱ་ནག་པའི་གཏམ་དཔེ་རུ་གྱུར་བ་མ་ཟད་རྒྱ་ནག་པའི་ལྟ་གྲུབ་ཞིག་ཏུ་ཡང་གྱུར། དེའི་དོན་ནི་གྲྭ་བའི་འཇིག་རྟེན་འདི་དང་ཁ་བྲལ་ནས་འཇིག་རྟེན་གཞན་ཞིག་གི་འཚོ་བ་ལ་ལོངས་སྤྱོད་ཀྱིན་ཡོད་མོད། དེང་གི་གྲྭ་བ་འདི་དག་ནི་སྐབས་དང་བསྟུན་ནས་རྔ་མ་བརླ་བར་བཟུང་ནས་འབྲོ་ཤེས་ཟེར་བ་དེ་རེད།
རྩོམ་འདི་བཀླགས་ཟིན་པ་དང་ང་ལ་ཚོར་སྣང་ཞིག་ཡོད་པ་ནི། བོད་ཀྱི་གཏམ་དཔེ་ལ།
རྒྱ་འཕྲུལ་ཆེ་ན་བོད་དད་པ་སྐྱེ།
ཁྭ་ཏའི་མིག་ལམ་ནས་སྐྱག་པ་གསེར་རེད།
ཧཧ་་ངོ་མ་དེ་འདྲ་རང་ཨེ་ཡིན་ནམ།
རྒྱ་རྒན་ཁྱད་མཚར་ཞིག་དང་བོད་པ་ཨ་གསར་ཅན་ཞིག་འཕྲད་འདུག
ད་ཡིན་ན་རྒྱ་རྒན་ཚོའི་སྐྱག་པའང་གསེར་གྱི་རིན་ཐང་ཡོད་པའི་སྒྲུབ་བྱེད་ཀྱི་རྩོམ་རྙོག་མང་པོ་ཐོན་སྲོལ་ལ་གཞིགས་ན། མ་འོ་ཡི་མགོ་པར་ལ་སྲེད་པ་མིན་ནམ་སྙམ། མ་འོའི་མགོ་པར་ལ་ཆགས་པ་སུ་རུང་དེ་འཐོབ་པར་ཡིན་གཅིག་༸གོང་ས་མཆོག་དང་། བཙན་བྱོལ་སྒྲིག་འཛུགས། དགེ་བཙུན་སོགས་ལ་སྨད་དགོས་ཡོད་དམ། ཡང་ན་ནང་ཁུལ་དཀྲུགས་ཤིང་བརྒྱག་དགོས་སམ། དེ་མིན་མ་འོའི་མགོ་པར་རག་གི་མེད་དམ།
ཧཧ་་བྱས་ན་གྲྭ་པ་མང་པོ་སྐྱ་ས་བབ་ན་ཤཀྱའི་རྒྱལ་པོ་ལ་རྒྱབ་སྐྱོར་བྱེད་པ་ཨེ་རེད་ཅེས་་་་འདྲི་མ་ཤེས་པར་ཐབས་སྐྱོ་པོ་རེད་བ།་་་་ཧཧཧ རྒྱ་དེའི་་ཁ་ནང་མཛུབ་མོ་བཅུག་ནས་བསྡད་དགོས་པ་ཞིག་བཟོ་མ་ཐུབ་ལུགས་ལ་བལྟས་ན་གྲྭ་པ་རྟོག་གེ་བ་ཤིག་མིན་པར་འདྲ། རྒྱ་དད་ཆེན་པོ་བྱེད་མ་སྡོད་་་་་ཁོ་རེ།
ཆོས་རྒྱུད་ཀྱི་སྤྱི་འཐུས་མི་དགོས་ལབ་ན་རྒྱ་མི་ཚོས་སྒོར་མོ་སྤྲད་ཀྱི་ཡོད་པ་དང་ཡིན་གྱི་མ་རེད་བ། དེང་སང་རྡ་སའི་ཕྱོགས་ནས་རྒྱ་མི་སོ་བ་ཚོས་སྒོར་མོ་བེད་སྤྱད་ནས་ཆོས་རྒྱུད་ཀྱི་སྤྱི་འཐུས་བཀག་བརྩིས་བྱེད་བཞིན་མེད་དམ་སྙམ་པའི་དོགས་པ་སྐྱེས་འོང་གི་འདུག་ག
སེར་མོ་བས་ཆབ་སྲིད་ལ་ཇུས་གཏོགས་བྱེད་མི་ཆོག་པ་ཞིག་བཟོས་པ་ཡིན་ན་བོད་ཀྱི་མི་འབོར་གྱི་བརྒྱ་ཆ་སུམ་བཅུ་ཙམ་གྱི་འཐབ་རྩོད་པ་ཉུང་རེ་འགྲོ་གི་རེད་བ། རྒྱ་གུན་ཁྲན་གྱི་ཁ་གཏད་དུ་རང་སྲོག་འབེན་ལ་བཙུགས་ནས་གྱེན་ལང་བྱེད་མཁན་གྱི་བརྒྱ་ཆ་མང་ཕྱོགས་སེར་མོ་བ་ཡིན་པ་འདི་ཡང་བརྗེད་མི་ཉན་པ་རེད།
བོད་མི་རིགས་ཀྱི་སྲོག་རྩ་བོད་ཀྱི་སྐད་ཡིག་བདག་པོ་བརྒྱབ་ནས་བསྡད་ཡོད་མཁན་ཡང་སེར་མོ་བའི་སྡེ་ཡིན་པ་རེད། འདི་ཡང་བརྗེད་མི་ཉན་པ་རེད། མི་སྐྱ་མང་པོ་ཞིག་ལ་བོད་མིའི་མཚན་ཉིད་ཚང་གི་མེད་པ་རེད། བོད་ཡིན་ཟེར་ན་བོད་ཡིག་བོད་སྐད་མི་ཤེས། རྒྱ་མི་དང་ཁྱད་པར་ཆེ་པོ་དེ་ཙམ་མེད་པར་ཆགས་བསྡད་ཡོད་པ་རེད་་་་འདི་ཡང་བརྗེད་མི་ཉན་པ་རེད། རྒྱ་སྒྱུར་སྲིད་ཇུས་ཟེར་བ་དེ་ཡང་གཏིང་གནག་པོ་ཞིག་ཡིན་པ་དེ་ཡང་བོད་མི་མགོ་སྟོང་ཚོས་བརྗེད་མི་ཉན་པ་རེད།
རྒྱ་རྒན་དེར་དད་པ་སྐྱེས་ཡོད་ས་རེད་་་་ཡིན་ཡང་རྡ་སར་ཡོང་བའི་རྒྱ་རྒན་ཚོས་མདུན་ནས་ཅིག་བཤད་རྒྱབ་ནས་ཅིག་ལས་ཀྱིས་ཡོད་པ་རེད་་་་་་་་ཕྱི་རྒྱ་ནག་ལ་སོང་ནས་བཙན་བྱོལ་བོད་མི་ཅི་ལྟར་རྩ་མེད་བཟོ་དགོས་པ་དེ་བཤད་ཀྱིས་ཡོད་པ་རེད་་་་
་་་་་་་་་་་་་ མི་སྐྱ་མང་པོ་ཞིག་ལ་བོད་མིའི་མཚན་ཉིད་ཚང་གི་མེད་པ་རེད། བོད་ཡིན་ཟེར་ན་བོད་ཡིག་བོད་སྐད་མི་ཤེས། རྒྱ་མི་དང་ཁྱད་པར་ཆེ་པོ་དེ་ཙམ་མེད་པར་ཆགས་བསྡད་ཡོད་པ་རེད་་་་འདི་ཡང་བརྗེད་མི་ཉན་པ་རེད། རྒྱ་སྒྱུར་སྲིད་ཇུས་ཟེར་བ་དེ་ཡང་གཏིང་གནག་པོ་ཞིག་ཡིན་པ་དེ་ཡང་བོད་མི་མགོ་སྟོང་ཚོས་བརྗེད་མི་ཉན་པ་རེད། ་་་་་་་་་་་་