གནས་ཚུལ་མཁོ་སྤྲོད་པ་དཔལ་ལྡན་ཚེ་རིང་།
ཤི་མ་ཐུབ་པའི་སྔ་གཞུག
ངའི་རིན་གོང་འཕར་བཞིན་ཡོད།
ངའི་རིན་གོང་འཕར་བཞིན་ཡོད།
ང་རང་བལ་ཡུལ་དམག་གིས་འཇུ་བཟུང་བྱས་ཏེ། ཆུ་ཚོད་ཉེར་དྲུག་གི་རྗེས། བལ་ཡུལ་ལག་ཁྱེར་ཞིབ་གཤེར་ཁང་དུ་རྩིས་སྤྲོད་བྱས་ནས་ཉིན་འགའི་རྗེས་སུ། ལག་ཁྱེར་ཞིབ་གཤེར་ཁང་གིས་ང་རང་གིས་བལ་སྒོར་བརྒྱད་སྟོང་སྤྲད་དེ་ངའི་ས་ཡིག་བརྒྱབས་པའམ། ངའི་ཆེད་དུ་གནད་ཡོད་མི་སྣ་ཞིག་གིས་ས་ཡིག་བརྒྱབས་ཚེ། ང་རང་བཀག་གཉེར་འཛིན་བཟུང་ལས་གློད་རྒྱུ་བྱས་ཀྱང་། ངས་ས་ཡིག་རྒྱག་རྒྱུར་མོས་མཐུན་བྱས་མེད་ལ། སུས་ཀྱང་ངའི་ཚབ་ཏུ་ས་ཡིག་བརྒྱབས་ན་མི་འགྲིག་པར་ཞུས་པ་ཡིན། ཉིན་ཉེར་ལྔའི་རིང་དུ་བལ་ཡུལ་ལག་ཁྱེར་ཞིབ་གཤེར་ཁང་དུ་བཀག་གཉེར་བྱས་རིང་། ཁྲིམས་ཁང་དུ་ཁྲིམས་དཔོན་གྱི་སར་ཐེངས་གསུམ་ཁྲིད་མྱོང་བ་དང་། རྗེས་སུ་བལ་ཡུལ་ལག་ཁྱེར་ཞིབ་གཤེར་ལས་ཁུངས་རང་གིས་ཐག་བཅད་དེ། བལ་སྒོར་སྟོང་ཕྲག་ལྔ་བཅུ་སྤྲད་པ་དང་འགྲོ་ལུགས་བསྒྲུབ་ན། ང་རང་གློད་ཆོག་ཅེས་བཤད་དུས། ཁྲིམས་ཁང་གི་ཐག་གཅོད་མིན་པ་དང་གནས་ལུགས་རྒྱུ་མཚན་མེད་པའི་ཐག་གཅོད་དེར་ངས་གཏན་ནས་དང་ལེན་མ་བྱས་སྟབས། ང་རང་ལོ་ལྔ་ལྷག་གི་བཙོན་ཐག་བཅད་དེ་བཙོན་ཁང་དུ་བཅུགས་པ་རེད། བཙོན་ཁང་དུ་བཅུགས་ཏེ་ཉིན་གསུམ་གྱི་རྗེས་སུ། ང་ལ་ཡི་གེ་གཞན་ཞིག་སྤྲད་པའི་སྒང་ལ་ང་རང་གི་ནག་ཉེས་ནི། ལག་ཁྱེར་མེད་པར་བལ་ཡུལ་ནང་དུ་འཛུལ་བ་ཞེས་པ་དང་ཉེས་ཆད་བལ་སྒོར་སྟོང་ཕྲག་ལྔ་བཅུ་ག་དུས་སྤྲོད་ཐུབ་ན་དེ་དུས་ཕྱི་ལ་ཐོན་ཆོག་ཅེས་བྲིས་ཡོད་པ་རེད། ངས་ཁྲིམས་མཐུན་མིན་པའི་ཐག་གཅོད་དེར་གཏན་ནས་དང་ལེན་མ་བྱས་པ་དང་། བལ་ཡུལ་གནས་བཞུགས་བོད་མི་གཙོ་བའི་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་ཚོགས་སྡེ་ཁག་གིས་ཁོང་ཚོའི་རེ་འདོད་ངོས་ལེན་གནོང་རོགས་ཞེས་གསུངས་ཀྱང་། ངས་དེར་དང་ལེན་བྱས་ན་འགྲིག་གི་མེད་པའི་སྐོར་རབ་དང་རིམ་པ། ང་རང་ལ་ཐུག་འཕྲད་ཕེབས་མཁན་སུ་ཡོང་ཚང་མར་འགྲེལ་བཤད་བརྒྱབས་ཏེ། བཙོན་ཁང་ནང་གི་ཟླ་ངོ་གསུམ་ལྷག་གི་རིང་དུ། ཉིན་མཚན་མེད་པར་དུས་ཚོད་དམ་འཛིན་གྱིས་ཞི་བའི་འཐབ་རྩོད་ཁྲོད་ཀྱི་ཞི་བའི་གོམ་བགྲོད་འགོ་བཙུགས་པ་ནས་བར་ཆད་ཇི་ལྟར་འཕྲད་པའི་སྐོར་གྱི་དེབ་གཅིག་དཀའ་ལས་རྒྱབ་ཏེ་འབྲི་ཁུལ་བྱས་ཚར་བ་མ་ཟད། ངས་ཕྱི་ལོགས་ལ་རེ་བ་ཆེན་པོ་བྱས་པ་ལྟར་ཕྱི་ནས་གྲགས་འགུལ་མེད་པར། ང་ལ་ཐུག་འཕྲད་བྱེད་དུ་ཡོང་བ་རྣམས་ཀྱིས་བཀའ་འདྲི་རབ་དང་རིམ་པ་གནང་བ་དང་བསམ་ཚུལ་རྐྱང་གསུང་བ་ལས། ཁོང་ཚོས་ཐག་བཅད་དེ་བོད་ཀྱི་ཞི་བའི་འཐབ་རྩོད་པ་ང་གློད་གྲོལ་ཡོང་བའི་ནུས་པ་ཁྱད་འཕགས་དང་ཁྱབ་བསྒྲགས་སོགས། ངའི་ཡིད་ཚིམ་པ་དང་བོད་ཀྱི་ཞི་བའི་འཐབ་རྩོད་ངར་ཤུགས་ཆེ་རུ་འགྲོ་བར་ཕན་ནུས་ཐོན་པའི་བྱེད་སྟངས་སོགས་མཐོང་རྒྱུ་དང་ཐོས་རྒྱུ་ཡོད་པ་ནས་ནུས་པ་ཐོན་པ་ཆེས་དཀོན་པོ་རེད་འདུག ཉེ་དུས་སུ་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་མི་སྣ་བལ་ཡུལ་གནས་བཞུགས་ཀྱི་བོད་མི་འགའ་ང་ལ་ཐུག་འཕྲད་བྱེད་དུ་འོང་ནས། ཁོང་ཚོས་ང་རང་བཙོན་ལས་བཏོན་ན་འགྲིག་མིན་དང་འགྲིག་ན་འདོན་ཐུབ་ཀྱི་ཡོད་ཅེས་དང་། ངའི་ས་ཡིག་དང་ཁས་ལེན་གང་ཡང་བྱེད་མི་དགོས་པར་སྒོར་མོའི་ཉེས་ཆད་འཁུར་ན་འགྲིག་རབས། ཁྲིམས་དང་འགྲོ་བ་མིའི་རིན་ཐང་ལ་བརྩི་སྲུང་མི་བྱེད་པའི་བལ་ཡུལ་ལག་ཁྱེར་ཞིབ་གཤེར་ཁང་ལས་འཕྲོས་པའི་བལ་ཡུལ་ཁྲིམས་ཀྱི་འགྲོ་ལུགས་འགྲོ་སྟངས་ཆེས་མི་ཉུང་བ་ཞིག་ང་ལ་འགྲེལ་བཤད་དང་སློབ་གསོ་རྒྱག་མཁན་གྱི་བོད་མི་དེར་ངས་ཨུ་ཚུགས་མ་བྱས་པར། ཤོག་སྟེང་དུ་ཕབ་པའི་ཁྲིམས་ཡོད་ཀྱང་ཁྲིམས་ལག་ལེན་དང་བརྩི་སྲུང་མི་བྱེད་པའི་རུལ་སུངས་ཀྱི་གཞུང་རྒྱུ་ཟོས་ཏེ། གཞུང་དོན་མི་བྱེད་པའི་མི་དེ་ཡི་རིགས་ཀྱི་ཁ་ལ་བལྟ་གསོ་མེད་པ་བཤད་ཀྱང་། ང་ལ་དེ་འདྲ་མ་ཡིན་པར། ཆོག་མཆན་ཐོབ་ན། ག་དུས་ཕྱི་ལ་བུད་ན་འགྲིག་རབས་ཅེས་ཨུ་ཚུགས་གནང་གི་འདུག ངས་ཀྱང་བཙོན་ཁང་ནས་བསམ་བློ་བཏང་བ་གཅིག་པུ་མ་ཡིན་པར། བཙོན་ལ་བསྡད་པ་ལས་ལྷག་ཞིག ང་ཕྱི་ལ་ཐོན་ན། བོད་ཀྱི་བདེན་དོན་ཆེད་དུ་ལས་ཀ་བྱེད་ཐུབ་ཀྱི་ཡོད་པ་ང་ལ་ཚུར་འགྲེལ་བཤད་མ་རྒྱབ་ཀྱང་། ངས་གསལ་བོ་ཤེས་ཀྱི་ཡོད་སྟབས། ངས་ས་ཡིག་རྒྱག་མ་དགོས་པར་ང་རང་ཕྱི་ལ་བཏོན་ཐུབ་ཀྱི་ཡོད་ཚེ་འགྲིག་གི་རེད་ཅེས་ཞུས་པ་ཡིན། ཉིན་ཁ་ཤས་ཀྱི་རྗེས་སུ་ཐུག་འཕྲད་དུ་ཡོང་མཁན་གྱི་མི་ཞིག་གིས་ངའི་གོང་ཚད་ནི་བལ་སྒོར་སྟོང་ཕྲག་བདུན་བཅུ་ནས་བརྒྱད་བཅུའི་བར་རེད་འདུག་ལ། གནས་སྐབས་རིང་བལ་ཡུལ་ལག་ཁྱེར་ཞིབ་གཤེར་ཁང་གི་འགན་འཛིན་མེད་སྟབས་བདུན་ཕྲག་རེ་གཉིས་ཤིག་འགོར་ཚུལ་གསུངས་སོང་ལ། འགྲོ་སོང་གང་ལ་ཐུག་ཀྱང་ཁོང་ཚོའི་འགན་འཁུར་གྱི་ཡིན་གསུངས་སོང་། དེ་རིང་བོད་ཀྱི་ཚོགས་པ་གཞན་ཞིག་གི་མིང་ཐོག་ནས་ཕོ་གསར་ཞིག་དང་བུད་མེད་ཅིག་ང་ལ་ཐུག་འཕྲད་ཐེངས་བཞི་བ་བཅར་བ་དང་། ཁོང་ཚོས་ཀྱང་ང་རང་ཕྱི་ལ་འདོན་ཐུབ་ལ་འབད་ཀྱི་ཡོད་ཀྱང་། ད་ལྟ་ངའི་གོང་ཚད་ནི་བལ་སྒོར་འབུམ་གཅིག་དང་ཁྲི་ལྔ་ལ་འཕར་འདུག་ལ། དེ་ཡི་སྟེང་ལ་ང་རང་གི་ས་ཡིག་མི་ཉུང་བ་ཞིག་རྒྱག་དགོས་ཀྱི་འདུག་གསུངས་སོང་། འདི་ནི་ངའི་གོང་ཚད་འཕར་སྟངས་རེད་ལ། ཕྱི་ལོགས་ཀྱི་བོད་མིའི་ཚོགས་སྡེ་ཁག་སོ་སོ་ནས་ང་རང་བཙོན་གྲོལ་བྱེད་ཕྱོགས་ལ་འབད་བཞིན་པའི་བོད་མིའི་སྤྱི་དོན་ལ་སེམས་ཁུར་བྱེད་པའི་རྣམ་འགྱུར་རེད། ངས༌དེ་རིང་ཁོང་རྣམ་པ་གཉིས་ལ། ཕྱི་ལོགས་ནས་ཁྱེད་ཅག་གིས་ཕན་ཚུན་ལ་འབྲེལ་བ་གནང་སྟེ་མཉམ་འབྲེལ་བྱེད་དགོས་པ་དང་ཚོགས་པ་མི་ཉུང་བ་ཞིག་གཅིག་རྗེས་གཉིས་མཐུད་དུ་ངའི་ཆེད་དུ་ལག་ཁྱེར་ཞིབ་གཤེར་ཁང་ལ་བཅར་ན་ཡག་པོ་མེད་ཚུལ་ཞུས་ཏེ་བཏང་བ་ཡིན། དངོས་གནས་ཐད་ཀར་ཞུས་ན། ཁྲིམས་མེད་ལུགས་མེད་ཀྱི་ལས་ཁུངས་འདིའི་རིགས་ལ་སྒོར་མོ་ག་ཚོད་དགོས་ཟེར་བ་སྤྲོད་པ་ལས། ཉུང་མཐའ་ལ་བོད་མི་བརྒྱ་སྐོར་ཞིག་བལ་ཡུལ་ལག་ཁྱེར་ཞིབ་གཤེར་ཁང་གི་སྒོ་འགྲམ་དུ་སོང་ནས། ‘ང་ཚོའི་མི་འདི་ལ་ནག་ཉེས་གང་ཡང་མེད་པར་བཙོན་འཇུག་བྱས་པ་དེར་གློད་གྲོལ་གཏོང་དགོས’ཞེས་སྐད་རྒྱག་ཐུབ་པ་ཡིན་ན། བལ་ཡུལ་ལག་ཁྱེར་ཞིབ་གཤེར་ཁང་གི་གཙོས་པའི་བལ་ཡུལ་གཞུང་གིས་བོད་དོན་འཐབ་རྩོད་ཀྱི་སྟེང་ལ་འཛིན་པའི་རྣམ་འགྱུར་དེ་ག་འདྲ་ཞིག་ལ་སླེབས་ཡོད་མེད། འཛམ་གླིང་མི་མང་དང་བལ་ཡུལ་མི་མང་ལ་ར་སྤྲོད་གསལ་བོ་བྱེད་ཐུབ་ངེས་ཡིན་ལ། བོད་མི་སུ་ཡིན་ཡང་རྗེས་ཕྱོགས་བལ་ཡུལ་ནས་བོད་དོན་འཐབ་རྩོད་བྱེད་རྒྱུར་སྤོབས་པ་སླེབས་ངེས་ཡིན། བལ་ཡུལ་གནས་བཞུགས་བོད་མི་རྣམས་ངའི་རྒྱབ་ཏུ་ཡོད་སྙམ་བཞིན་སེམས་ཤུགས་དང་ལ་རྒྱ་ཆེ་བའི་བོད་མི་མི་ཉུང་བ་རེ་མདུན་དུ་ཐོན་ཡོང་རྒྱུར་ཐེ་ཚོམ་མེད་པ་ཡིན། བོད་མིའི་ཐོག་ལ་སྐྱག་ལང་དུ་ཤོར་བའི་ལས་ཁུངས་འདིའི་རིགས་ཀྱིས་བོད་མི་རིག་ཚད་ཀྱི་ལག་ནས་ཆད་པ་གང་འདོད་དུ་ལེན་པའི་གོམ་གཤིས་ངན་པ་དེར་འགྱུར་བ་འགྲོ་ངེས་ཡིན་ལ། བདེན་དོན་གྱི་དྲུང་དུ། བོད་མི་ཟེར་བ་འདིའི་ཆིག་སྒྲིལ་དང་འགན་ཞིག་འཁུར་གྱི་ཡོད་བ་དེར་ངེས་པ་རྙེད་ངེས་ཡིན། སྒེར་སེམས་ལས་སྤྱི་སེམས་བྲལ་བའི་གཞུང་ཞབས་དེ་ཡི་རིགས་ནི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་དགྲ་དང་བལ་ཡུལ་མི་མང་གི་གཉའ་གནོན་བྱེད་མཁན། བོད་མི་རིགས་ལ་མཐོང་ཆུང་བྱེད་མཁན་དུ་གྱུར་བ་རེད། བོད་མིའི་རྩ་དོན་དང་འཐབ་རྩོད། ལས་འགུལ་གང་ཞིག་སྤེལ་ཡང་མཉམ་འབྲེལ་གྱི་ནུས་པའི་འདང་གི་མེད་པ་དང་། ཆིག་སྒྲིལ་གྱི་དཔུང་རོགས་བྱེད་པའི་ཐབས་ཇུས་ཀྱི་མ་འདང་བ་འདིས། འདས་མ་ད་གསུམ་ལ་ང་ཚོ་གང་དུ་བསྡད་ན་ཡང་གྱོང་ལས་འདྲ་མཉམ་མེད་པར་གྱུར་ཡོད་པ་ཐུགས་སུ་འཇགས་རྒྱུ་དང་། ང་རང་གི་གོང་ཚད་ད་དུང་སྤར་སྲིད་ལ། ངའི་སྒང་ལ་ཆ་རྐྱེན་གཞན་ཡང་འདོན་སྲིད་པ་ཡིན། དེ་ལས་ད་ལྟའི་བར་དུ་ངའི་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་དང་ཐུགས་ཁུར་ཚད་མེད་གནང་མཁན་རྣམས་མཉམ་འཛོམས་གནང་སྟེ། བགྲོ་གླེང་དང་གྲོས་མོལ་ཡག་པོ་བྱེད་ཐུབ་ན་ཡག དེ་མིན་བོད་མི་ས་ཡ་དྲུག་གི་སྤྱི་དོན་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་གྱི་བོད་མི། བལ་ཡུལ་ས་ཐོག་ནས་མང་བོ་བྱུང་སྲིད་པ་ལས། ང་གཅིག་པུ་གོང་ཆེན་པོ་ཞིག་སྤྲད་དེ་བཙོན་ལས་བཏོན་ན་ཡང་། བོད་མི་བློ་གྲོས་དང་ལྷག་བསམ་ལྡན་པ། ཤེས་རབ་དང་སྙིང་སྟོབས་ཀྱི་ཕྱུག་པ་ཆེས་མི་ཉུང་བ་ཞིག་བོད་དོན་བདེན་པ་རྩོད་ལེན་བྱེད་པར་གྲལ་བསྒྲིགས་ནས་ཡོང་ངེས་ཡིན། དེ་དག་རེ་རེ་བཞིན་ཕེབས་ཡོང་དུས། ཁྱེད་ཅག་གིས་རང་དང་མི་མང་གི་རྡུལ་ཁྲག་བཙག་ནས་བསགས་པའི་ཐིགས་པ། སྒོར་མོའི་ཁ་གྲངས་མི་ཉུང་བ་ཞིག་འཁུར་ནས་མི་ངན་དེ་དག་གི་ཆེད་དུ་ཞལ་འདེབས་བསྡུས་ཏེ། ལག་ཁྱེར་ཞིབ་གཤེར་ཁང་གི་གཡོ་སྒྱུ་ཁྲམ་གསུམ་ལ་བྱང་བའི་མི་དེ་ཡི་རིགས་ལ། མི་ཡི་སེམས་ལ་སྤྱང་ལྟོགས་ཀྱི་རྣམ་ཤེས་ཞུགས་པ་དེ་ཚོར་སྤྲད་དེ། དུས་ག་ཚོད་བར་ལ་དོན་མེད་དུ་མི་ལ་མགོ་སྒུར་ནས་སྡོད་པའི་ལུགས་སྲོལ་འདི་སྐྱོང་རྒྱུ་ཡིན་ནམ་སྙམ་པ་དང་ཞོར་དུ། གཡོ་སྒྱུ་དང་ཁྲིམས་མེད་ལུགས་མེད་ལ་མགོ་བོ་སྒུར་བ་ལས་དྲང་བདེན་གྱི་ཆེད་དུ་བཙོན་ལས་རྐྱེན་གྲོངས་བྱུང་ཡང་བློ་འགྱོད་མེད། ཁོང་ཚོའི་ང་ལ་སྒོར་ཆད་ཡིག་ཐོག་ཏུ་ཡོད་པ་དེར་ཁུར་ཆོག་ཀྱང་། ཁོང་ཚོའི་ང་དང་འབྲེལ་བའི་བོད་མིའི་བདེན་དོན་རྩོད་ལེན་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་གི་དབང་ཆ་འཕྲོག་པའི་ཐོབ་ཐང་དེ་ཁོང་ཚོར་མེད་ཅེས་གླིང་ཚ་ཚེ་བརྟན་རྡོ་རྗེས་བལ་ཡུལ་བཙོན་ཁང་ནས།
རེད་ནེ་པ་ལི་ཟེར་བའི་རྒྱལ་ཁབ་སྤྲང་པོ་དེ་དེ་འདྲ་རེད། ཁྱོད་ཀྱི་དམིགས་འདུན་དང་དམ་བཅའ་ནོར་མི་འདུག
ནེ་པ་ལི་རྒྱལ་ཁབ་མེད་ན་བོད་ནས་རྒྱ་གར་སོགས་ཕྱི་རྒྱལ་ལ་འགྲོ་རྒྱུའི་བརྒྱ་ཆ་ ༩༠ ཉུང་དུ་འགྲོ་གི་རེད།
ལོ་ངོ་སྟོང་ཕྲག་གཅིག་གི་ཡར་སྔོན་དུ་གར་ལོག་གི་རྒྱལ་པོས་ལྷ་བླ་མ་ཡེ་ཤེས་འོད་བཙོན་དུ་བཟུང་ནས་གསེར་ཁོང་གི་སྐུ་ལུས་ཀྱི་ལྗིད་ཚད་དང་མཉམ་པ་ཞིག་ཁྱེར་ཤོག་ཟེར་བ་དེ་ལྷང་ངེར་དྲན་སོང་།
ངོ་མ་ཁོང་གི་རླབས་ཆེན་གྱི་བསམ་བློ་དེ་བོད་མི་བྱིངས་ཀྱི་དོན་ཡིན་པར་ཤེས་དགོས།
ཁྱེད་ཀྱི་རླབས་ཆེན་གྱི་སྙིང་སྟོབས་དང་རླབས་ཆེན་གྱི་བྱ་བཞག་ད་དུང་རླབས་ཆེན་གྱི་བསམ་བློ་དག་ལ་ནམ་ཡང་གུས་འདུད་ཞུ། ཁྱེད་ཀྱི་བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་འདུན་ལན་བརྒྱར་ཞུ།
ཁྱེད་ནི་ང་ཚོས་ལུས་ཀྱི་ནང་གི་སེམས་དང་ཅི་མ་ཁྱད། མི་ཞིག་གི་ལུས་ཀྱི་ནང་དུ་སེམས་ཡོད་ན་དེས་ནི་བྱ་བཞག་ཐམས་ཅད་གྱིས་མདུན་དུ་བསྐྱོད་ནས་བླང་དོར་ལེགས་ཉེས་ཐམས་ཅད་གྱི་ལམ་སྟོན་བྱེདཐུབ་ལ། ལུས་ཀྱི་ཆ་ཤེས་མ་ལས་པ་ཡང་དེ་ཡི་རྗེས་སུ་འགྲོ་བ། དེ་བཞིན་དུ་ཁྱེད་གྱིས་བརླབས་ཆེན་གྱི་བྱ་བཞག་འདི་ནི་ང་ཚོས་ནམ་ཡང་བརྗེད་མི་སྲིད་ལ། ང་ཚོ་ཡང་གོ་སྐབས་ཐོབ་ན་ཁྱེད་གྱི་ཕྱི་བཞིན་དུ་འབྲང་བའི་སྨོན་འདུན་བྱེད་བཞིན་ཡོད། ཐུགས་རྗེ་ཆེ།
དཔའ་བོ་ཁྱོད་ནི་འཆི་ན་བོད་དོན་དང་གསོན་ན་བོད་དོན་རེད། དྲང་བདེན་ཅན་རྒྱལ་ལོ། །
གླིང་ཚ་ལ་སྙིང་སྟོབས་ཡོད་ཀྱང་སྙིང་སྟོབས་དེ་བེད་སྤྱོད་གཏོང་སྟངས་ཀྱི་མ་མདང་བའི་དབང་གིས། ད་ལྟ་ཁྱོད་ཀྱི་རྒྱབ་ཏུ་མི་མང་ཆིག་བསྒྲིལ་གྱི་ལས་འགུལ་སྤེལ་མཁན་མེད་པ་ནི་འགག་རྩ་དེ་ཡིན་པར་ཤེས་དགོས། ཁྱོད་རྒྱུག་ཁྱི་ཁག་ཅིག་གིས་བེད་སྤྱོད་ལོག་པར་གཏོང་ནས་སྐར་ལྔའི་དར་དམར་ལག་ཏུ་ཁུར་དགོས་རབ་ཀྱི་གཏམ་བཤད་སྙན་མོ་དེས་མགོ་བོ་གདུགས་ལྟར་འཁོར་ཡོད་པ་ད་དུང་ཁྱོད་ཀྱིས་ཤེས་མེད་པ་འདྲའོ། སྙིང་རྗེ་ཁྱོད་ཀྱིས་མི་ལས་དགུ་ལས་ལས་ནས་ད་ནི་མི་མྱོང་དགུ་མྱོང་མྱོང་གི་འདུག ངོ་ཚ་དང་ཁྲེལ་གཞུང་ཁྲིམས་དང་སྒྲིག་གཞི་ཡ་རབ་དང་བཟང་སྤྱོད་ཟེར་བ་དེ་དག་ནི་བལ་ཡུལ་གྱི་ཉེས་རྟོག་པ་ཡིན་ཟེར་མཁན་གྱི་ཁྱི་རྐུན་ཁོང་ཚོའི་སྤང་བྱ་ངོ་མ་དེ་རེད་དོ།
གླིང་ཚའི་སེམས་ཤུགས་དང་ལྷག་བསམ་ཀྱི་ཆ་ལ་དངོས་གནས་སྔགས་བརྗོད་ཞུ་འོས་པ་རེད་ལ་ཞུ་བཞིན་ཡང་ཡོད་
འོན་ཀྱང་ཁོང་གི་ཤེས་ཡོན་གྱི་མ་གདང་བའམ་མི་གཡོ་སྒྱུ་ཅན་དགའ་ཞིག་གི་མགོ་སྐོར་འོག་ལ་ཚུད་པའི་དབང་གིས་རང་དབང་ལུང་པའི་ནང་ལ་བོད་མི་དམངས་གི་མཐོང་ས་རྡ་ས་ནས་ཐོན་སྐབས་འཁྱེར་རྒྱུ་མེད་པར་གང་ཙམ་ཞིག་ནས་སྐར་ལྔའི་དར་དམར་ཞིག་མགོ་བོའི་སྟེང་དུ་འཆར་ནས་དར་དེའི་འོག་ཏུ་རང་རེའི་ཤ་ཁྲག་གཅིག་པའི་སྤུན་ཟླ་ས་ཡ་གཅིག་དང་ཕྱེད་ཀ་ཙམ་དམར་གསོད་གཏང་བ་རྗེས་པ་ལྟ་བུའི་རྣམ་འགྱུར་བྱུང་བ་དེ་གླིང་ཚའི་ནག་ཉེས་ཆེ་ཤོས་རེད་དེས་བར་ལམ་ཞིག་ལ་ང་ཚོའི་གཅིག་སྒྲིལ་གྱི་ནུས་པ་ལ་ཡང་དོ་ཕོག་བྱུང་གྲབ་བྱས་སོང་
དབུ་མའི་ལམ་གྱི་ཐོག་ནས་ཐབ་རྩོད་བྱེད་བསམ་ན་ཡང་བྱེད་ཏང་དེ་འདྲ་མ་རེད་རང་རེའི་དབུས་བོད་མིའི་བསྒྲིགས་རྫུག་ཀྱི་དབུ་མའི་ལམ་གྱི་སྲིད་ཇུས་ལ་འགྱུར་བ་གང་ཡང་མེད་པར་འཐབ་རྩོད་བྱེད་བཞིན་པ་ཀུན་གསལ་རེད་འོན་ཀྱང་བཀའ་ཤག་ཡང་སྟེང་དུ་སྐར་ལྔའི་དར་དམར་ད་ལྟ་ཡང་སྒྲེང་ཡོད་མ་རེད་ལ་མ་འོང་པ་ལ་ཡང་ནམ་ཡང་སྒྲེང་་མི་སྲིད་པ་རེད་
དྲ་གྲོགས་ཚོས་གླིང་ཚའི་སྐྱོན་ཡོན་གཉིས་ཀ་བརྗོད་རྒྱུ་གལ་ཆེ་དེས་མ་འོང་པའི་འཐབ་རྩོད་པ་གཞན་གྱི་བྱ་སྤྱོད་ལ་ཕན་ཐོག་ཡོང་གི་རེད་
གླིང་ཚའི་དམིགས་ཡུལ་དང་སེམས་ཤུགས་ལྷག་བསམ་བཅས་ལ་སྙིང་ཐག་པ་ནས་རྒྱབ་སྐྱོར་ཆ་ཚང་ཡོད་
གླིང་ཚ་ཚེ་བརྟན་རྡོ་རྗེའི་སྙིང་སྟོབས་ལ་རྗེས་སུ་ཡི་རང་ཞུ་བཞིན་ཡོད། རང་ངོས་ནས་སྐར་ལྔའི་དར་ཆ་མགོ་ཐོག་ལ་འཕྱར་བའི་བོད་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་ནག་པོ་དང་པོ་འབྲི་མཁན་རེད། ད་དུང་བཙོན་ནས་གློད་གྲོལ་ཐོབ་དུས་མི་ངན་གྱི་དབང་དུ་སོང་སྟེ་དར་དམར་མ་འཕྱར་བའི་རེ་བ་ཡོད།།
དབུ་མའི་ལམ་ཟེར་དུས་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་སྡོད་གི་ཟེར་གི་ཡོད་མ་རེད་དམ། དེས་ན་དར་མར་འོག་མ་སྡོད་རང་སྡོད་རེད། རྒྱ་སྒོར་བེད་སྤྱོད་མ་གཏོང་རང་གཏོང་རེད། དེས་ན་དབུ་མའི་ལམ་ཟེར་མཁན་དང་པོ་དེ་རྩད་གཅོད་ལ་སྦྲུལ་མགོ་རྡོག་པས་རྫིས་ཤིག དེ་མིན་ཉམ་ཆུང་ཁོ་ལ་རྫིག་རྫིག་གཏོང་བ་ནི། ཤི་བའི་རོ་དང་ཕྲད་པ་ན། །ཁྭ་ཡང་མཁའ་ལྡིང་ལྟ་བུ་སྤྱོད། །ཅེས་པ་ལྟར་སེམས་སོ།།
རྟེའུ་མ་བསྐྱེད་གོང་ནས་རྟེའུ་ཕྲུག་གཞོན་པའི་དཔེ་བཞིན་ད་ལྟ་ང་ཚོས་ཐབས་ལམ་གཉིས་ཀྱིས་སྒང་འགྲོ་གི་ཡོད་དུས་དར་དམར་འོག་འགྲོ་དགོས་དང་མི་དགོས་ཀྱི་གླེང་གཞི་ཆགས་མེད། ང་ཚོའི་ཆ་རྐྱེན་གང་ཡང་མ་འགྲུབ་པར་ལམ་སེང་དར་དམར་འོག་བཤད་ཀྱིན་བསྡད་ན་དོན་འབྲས་དེ་ཙམ་མེད། དབུ་མའི་ལམ་གྱི་འགྲེལ་བཤད་དེ་ཙམ་མ་རྟོགས་སྟབས་ར་ལང་བྱ་ལང་གི་རྙོག་གཞི་འདི་ཐོན་གྱི་ཡོད། རྒྱ་ཕྱོགས་ནས་འགུལ་བསྐྱོད་གང་ཡང་མེད་པར་བཙན་བྱོལ་བ་ཞིག་གིས་དར་དམར་འཕྱར་གྱིན་བསྡད་ན་རང་ཚུགས་ཤོར་བའི་བྱེད་སྟངས་ཞིག་རེད། ད་ལྟའི་འཆར་བཙན་བྱོལ་ནང་དར་དམར་འཆར་བ་དང་། དར་དམར་ལ་རྒྱབ་སྐྱོར་བྱེད་མཁན་སུ་ཡིན་ཡང་རྒྱ་གར་གཞུང་དང་བལ་པོས་ཀྱང་བཀྲིས་བདེ་ལེགས་ཞུ་མི་སྲིད། ད་དུང་བོད་དུ་སླེབས་ནའང་བཀྲིས་བདེ་ལེགས་ཀྱི་ཚབ་ཏུ་པང་གདན་བརྡབ་པ་དང་མཐུ་ལུད་ཀྱང་རྒྱག་སྲིད། དབུ་མའི་ལམ་གྱི་གོ་རྟོགས་ཕྱོགས་གཉིས་ཀ་ནས་ཡང་དག་པ་ཤེས་ན། རྒྱ་མིས་དབུ་མའི་ལམ་ལྟར་གུ་ཤངས་བྱས་ན། མི་དམངས་ཚང་མས་འདོད་མོས་བྱས་ན། དར་དམར་འཕྱར་ནའི་དེ་ཙམ་དམར་པོ་མི་མཐོང་། ད་ལྟ་གྲུབ་འབྲས་གང་ཡང་མ་ཐོན་པར་དར་དམར་བསྒྲེངས་པ་དང་དེ་ལ་རྒྱབ་སྐྱོར་བྱེད་པ་ནི་དགྲ་དགའ་གཉེན་སྡུག་བཟོ་བ་ཡིན། ཚེ་བརྟན་རྡོ་རྗེ་ལགས་ཀྱི་བློས་གཏོང་ཆེན་མོར་དགའ་གུས་ཡོད། གཡོན་ཐལ་གྱི་དར་དམར་བསྒྲེངས་པར་དགའ་བསུ་མེད།
སྒོར་རྡོག་ཁ་ཤས་ཤིག་བལ་བོ་ཚང་ལ་མི་སྤྲོད་པར་བོད་དོན་འཐུས་ཤོར་དུ་གཏོང་འདོད་ལ་ལྟོས་ན། ཨ་ཡ་ཡ་ཡ་་་་་་།
རྩ་བ་ཕུད་ནས་ཡལ་ག་རུ་འཇུ་དོན་ལ་ལྟོས་ན་། ཨ་ཡ་ཡ་ཡ་་་་་་་་་་།
ཁོང་སྡུག་གི་མུན་ཁུང་ན་དོན་མེད་དུ་ལུས་བ་ལ་ལྟོས་ན། ཨ་ཡ་ཡ་ཡ་་་་་་་་་།
དར་དམར་ཕྱར་བའི་ནག་ཉེས་དེ་གླིང་ཚའི་ལྷག་བསམ་དང་སེམས་ཤུགས་ཀྱི་མ་གདང་བ་མ་རེད་
ཕྱེད་ཀ་ཤེས་ཡོན་གྱི་མ་གདང་བ་རེད་ཕྱེད་ཀ་རྡ་སར་ཡོད་པའི་མི་གཡོ་སྒྱུ་ཅན་དགའ་ཞིག་གི་གཡོ་འོག་ཏུ་ཚུད་པ་གསལ་པོ་རེད་
མ་ཟད་ཁོང་གི་རྡ་ས་མི་དམངས་་ཡོངས་ཀྱི་མཐོང་སར་གངས་སེང་ཅན་གྱི་རྒྱལ་དར་གཅིག་པུ་ཕྱར་བ་དང་ལམ་བར་ནས་སྐར་ལྔའི་དར་མགོ་སྟེང་དུ་འཆར་བ་དེ་དངོས་གནས་རང་ཚུགས་ཤོར་བའི་རྟགས་གསལ་པོ་བསྟན་པ་རེད་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་
ཁོང་གི་དཀའ་ལས་རྒྱབ་པ་གཅིག་པུ་རྒྱུ་མཚན་དུ་བྱས་ནས་ཅི་མཛད་ལེགས་གསོ་བྱས་ན་དེ་ནི་ཕྱོགས་ལྷུང་གི་སྐད་ཆ་རེད་མ་ཟད་མ་འོང་པའི་འཐབ་རྩོད་ལ་ཡང་སྐྱོན་ཆ་ཤོར་གྱི་རེད་
དར་དམར་ཁྲག་གདོགས་ཅན་དེ་རྐང་འོག་ཏུ་རྫི་ཡག་དེ་ཡང་མི་དགོས་པ་ཞིག་རེད་རང་རེ་རང་དབང་ལུང་པར་ཡོད་པའི་གངས་ཅན་པ་ཞིག་གིས་དར་དམར་མགོ་ཐོག་ཏུ་འཆར་བ་ནི་དེ་བས་ནག་ཉེས་ཚབས་ཆེན་ཞིག་རེད་
ཤེས་ཡོན་ཅན་ཚོ་དྲྭ་ཁང་འདྲ་ཉུལ་ཞིང་སྐྱིད་ཉལ་རྒྱག་ནས་གཞན་ལ་ཁ་ཟེར་བ་འདི་འདྲ་ཡིན་ན་ཤེས་ཡོན་གྱིས་འདངས་བའི་གླིང་ཚ་རྒྱལ་གྱུར་ཅིག
ཤེས་ཡོན་གྱིས་མ་འདངས་བའི་ཞེས་པར་བཅོས།
ང་རང་ལ་ཐུག་འཕྲད་ཕེབས་མཁན་སུ་ཡོང་ཚང་མར་འགྲེལ་བཤད་བརྒྱབས་ཏེ། བཙོན་ཁང་ནང་གི་ཟླ་ངོ་གསུམ་ལྷག་གི་རིང་དུ། ཉིན་མཚན་མེད་པར་དུས་ཚོད་དམ་འཛིན་གྱིས་ཞི་བའི་འཐབ་རྩོད་ཁྲོད་ཀྱི་ཞི་བའི་གོམ་བགྲོད་འགོ་བཙུགས་པ་ནས་བར་ཆད་ཇི་ལྟར་འཕྲད་པའི་སྐོར་གྱི་དེབ་གཅིག་དཀའ་ལས་རྒྱབ་ཏེ་འབྲི་ཁུལ་བྱས་ཚར་བ་མ་ཟད། ་་་་ཟེར།
ཞེས་དང་།
དུས་ག་ཚོད་བར་ལ་དོན་མེད་དུ་མི་ལ་མགོ་སྒུར་ནས་སྡོད་པའི་ལུགས་སྲོལ་འདི་སྐྱོང་རྒྱུ་ཡིན་ནམ་སྙམ་པ་དང་ཞོར་དུ། གཡོ་སྒྱུ་དང་ཁྲིམས་མེད་ལུགས་མེད་ལ་མགོ་བོ་སྒུར་བ་ལས་དྲང་བདེན་གྱི་ཆེད་དུ་བཙོན་ལས་རྐྱེན་གྲོངས་བྱུང་ཡང་བློ་འགྱོད་མེད། ་་་་ཟེར།
མཆན་་་༡༥ པ་་་མེ་དཀར་ལགས་ཀྱིས་གནད་ལ་འཁེལ་བའི་གཏམ་ཞིག་བཤད་འདུག
གླིང་ཚའི་གོམ་བགྲོད་དེ་འདྲ་སུས་ཀྱང་བྱ་ཐུབ་མོད། གླིང་ཚའི་རྒྱ་དར་ཁུར་བ་དེ་འདྲ་རེ་གཉིས་ཀྱིས་མ་གཏོགས་ཁག་པོ་རེད།
གླིང་ཚའི་ཤེས་ཚད་ཞན་རུང་ཆད་སྐྱོན་མཐོང་མ་སོང་། ཚེ་རྡོར་ལོག་ལམ་ལ་ཕྱིན་ཀྱང་ལམ་ནོར་ཐེབས་སོང་བའི་བསམ་པ་མེད། འདིར་འཛོམས་པའི་དྲ་གྲོགས་ཚོས་གང་ཡང་གླེང་ཕོད་ཀྱང་ཆི་གང་ཡང་བསྒྲུབས་མི་ཕོད་པ་འདི་རེད། གནད་འདིའི་མཐའ་དེད་ན་འུ་ཅག་གིས་སྤྱི་དོན་ཆེད་དུ་གླིང་ཚ་ནང་བཞིན་བློ་རྒྱ་རེ་བསྐྱེད་ཐུབ་ཀྱིན་མེད་པའི་དབང་གིས་རེད། དེ་ཡང་བློས་གཏོང་བྱེད་འདུན་གྱི་གོ་རྟོགས་ཞན་པའམ་སྙིང་སྟོབས་འབྱུང་ཡུལ་གྱི་སེམས་ཁམས་རུབ་འདུག་པའི་འགག་རྩ་ལ་ཐུག་འདུག
འོན་ཀྱང་། རིགས་ཞེན་དཀར་བོའི་འདོད་བློ་ལྟར་ན་༼གླིང་ཚ་ལ་སྙིང་སྟོབས་ཡོད་ཀྱང་སྙིང་སྟོབས་དེ་བེད་སྤྱོད་གཏོང་སྟངས་ཀྱི་མ་མདང་བའི་དབང་གིས། ད་ལྟ་ཁྱོད་ཀྱི་རྒྱབ་ཏུ་མི་མང་ཆིག་བསྒྲིལ་གྱི་ལས་འགུལ་སྤེལ་མཁན་མེད་པ་ནི་འགག་རྩ་དེ་ཡིན་པར་ཤེས་དགོས།༽ཆེས་དགོད་སྤྲོ་བ་ཞིག་རེད་དམ། བོད་མི་མང་ལ་སྣ་ཐག་རེ་བརྒྱབ་ནས་མཛོ་རྒན་ཞིག་དང་འདྲ་བར་ས་ཞིང་རྨོ་འདེབས་བྱེད་པར་སྣ་ནག་གིས་འཐེན་འཐེན་ན་འདུག་དགོས་པར་འདོད་ཀྱིན་ཡོད་དམ། ག་ལེར་གླེང་ཆོག
མ་གཞི་སེམས་ཤུགས་ནི་ལྐོག་གྱུར་ཞིག་ཡིན་ན། དེར་ཚད་འཛིན་བྱ་ཐབས་མེད། བྱ་སྤྱོད་ནི་མངོན་གྱུར་ཡིན་སྟབས་རང་སྣང་ལ་སྦྱར་ནས་གླེང་ཆོག ངས་ལྟོས་ན་རྒྱ་དར་ཁུར་བའི་ཀུན་སློངས་གཡུག་ཞོགས། བྱེད་ལས་དེ་ངོ་མ་ནོར་སོང་།
རྒྱ་དར་འཕྱར་བ་ནོར་སོང་ན། རྒྱ་དར་མེར་སྲེག་དེ་ལས་ནོར།
ནོར་བ་ཐམས་ཅད་རྣམ་པར་སྤོངས།
ང་ཚོའི་སྤྱི་ཚོགས་ནང་རང་ཉིད་ཀྱི་འཐབ་རྩོད་པ་རང་ཉིས་ཀྱིས་དོང་རིམ་དགུའི་འོག་ཏུ་བརྫང་བ་ནི་གཙང་རྒྱལ་ལོ་ངམ་གྱིས་གྲུ་གུམ་བཙན་བཙན་པོ་བཀྲོངས་དང་ལྷ་ལུང་དཔལ་རྡོར་གྱིས་ལྷ་སྲས་འུ་དུམ་ལྐོག་གསོད་བྱས་བ་དང་གཅིག་པ་རེད། ང་ཚོ་འགྱེལ་ས་ནས་ལངས་མི་ཐུབ་པའི་གནད་ཀྱི་འགག་རྩ་སྥྱི་ཚོགས་ཆ་མཐུན་མེད་པ་དང་སྟོབས་ཤུགས་མཉམ་གནས་བྱེད་མ་ཐུབ་པས་རེད་ཚང་མའི་མཉམ་རིབ་ཕྱོགས་ལ་འབད་རོགས།།
མཚོ་མོ་འབོད་པ་ལ་ཞུ་རྒྱུ། པེ་ཅིན་གཞུང་གི་སྲིད་ལུགས་འདིའི་ཞབས་ག་དུས་བརྡོལ་ཐུབ་རྒྱུ་རེད་དམ། བོད་མི་མང་གི་འཐབ་རྩོད་ཀྱི་ནུས་སྟོབས་གཞི་གཅིག་གི་སྒང་ལ་སྤུངས་ཆེད་ད་ལྟའི་དུས་འདི་གདམས་ཀའི་གནས་བབ་ཞིག་གི་སྒང་ལ་སླར་ལོག་དགོས་བ་འདྲ། སྐར་ལྔའི་དར་ཅན་ལ་རྣམ་རྟོགས་ཟ་ཀྱིན་འདུག་ན་བསམ་ཤེས་མི་ཐུབ་པ་གང་ཡང་མེད། འོན་ཀྱང་། རང་ཉིད་ཀྱི་འདོད་བློ་ལྟར་སྐར་ལྔའི་དར་དམར་གྱི་འོག་ནས་འདུག་འདོད་མེད་ཚེ། དེ་ལུགས་བཞིན་ཁ་གསལ་བོ་བྱས་ནས་གུང་ཁྲན་ཏང་གི་རྩ་ཁྲིམས་འོག་འདུག་འདོད་མེད་ལབ་དགོས་རྒྱུ་རེད། དེ་མིན་བྲོས་བྱོལ་ཁྲོད་མི་ཚེ་སྐྱེལ་རྒྱུའི་བློ་སྟོབས་ཞིག་དགོས་རྒྱུ་རེད་ལ། བྱུང་ན་་རང་བཙན་པ་འཇམ་ནོར་ནང་བཞིན་བསམ་རྒྱུ་རང་བཙན་དང་དྲན་རྒྱུ་རང་བཙན་ལས་མེད་པའི་སེམས་གཤིས་བརྟན་པོ་ཞིག་བཟོ་དགོས་རྒྱུ་རེད། འགག་རྡོ་འདི་སྣང་མེད་དུ་བཏང་ནས་མི་གཞན་གྱི་ཀུན་སྤྱོད་ལ་མཆུ་ཏོ་བྱས་བསྡད་པས་ཅི་ཡང་ཕན་གྱི་མ་རེད། མ་རེད་དམ། ལྷག་པར་དུ་རང་ཚུགས་ལ་མ་བལྟས་ནས་རོམ་མདུང་གིས་རྒྱག་མཁན་འདི་ཚོ་ལ་ཞེར་མེར་ཀྱིན་འདུག གླིང་ཚོའི་གོམ་བགྲོད་འདི་འདྲ་ད་ལྟའི་བར་དུ་སུས་ཀྱང་བྱེད་ཐུབ་ཡོད་བ་མ་རེད། ཁ་གསལ་བོ་ཡིན། མ་འོངས་པ་འུ་ཅག་གི་མིག་མདུན་ན་ཡོད་ནི་རེད། ཁ་ལབ་མ་རྒྱག།
བོད་པའི་སྤྱི་ཚོགས་ཁྲོད་དབུ་མའི་ལམ་ནོར་སོང་ཟེར་མཁན་ཡོད་ལ་་་་་་་་་་་་་་་་་བོད་པའི་སྤྱི་ཚོགས་ཁྲོད་རང་བཙན་རྩོད་ལེན་བྱེད་པ་ནོར་འཕྲུལ་རེད་ཟེར་མཁན་ཡང་ཡོད།
ང་ཚོ་བོད་འདི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་པའི་རྒྱབ་ཁབ་ཞིག་ཡིན་ལ་ནང་པའི་ཆོས་ལས་སྤྱོད་པ་འཚེ་བ་མེད་པ་གསུངས་པ་ལྟར་ཞི་དུལ་གཞུང་དྲང་གི་མི་རིགས་ཞིག་ཡིན།
ད་དུང་བོད་པའི་སྐད་ཡིག་གིས་མཚོན་པའི་ཡུལ་སྲོལ་གོམས་གཤིས་སོགས་་་་་་་་་་་་་་་་་་་་མདོར་ན་རིག་གཞུང་ཆ་ཚང་ལྡན་པའི་མི་རིགས་ཞིག་ཀྱང་ཡིན།
འོན་ཀྱང་དེང་སྐབས་ང་ཚོ་རྒྱ་དམར་པོའི་འོག་ཏུ་ཚུད་དེ་ལོ་ངོ་དྲུག་ཅུ་ལྷག་འགྲོ་བཞིན་ཡོད་ལ་ང་ཚོའི་སྐད་ཡིག་སོགས་རིམ་བཞིན་རྩ་མེད་དུ་འགྲོ་བཞིན་པ་མཐོང་ཐུབ།
མ་ཟད་ད་ལྟ་བོད་འདི་རྒྱ་དམར་པོས་སྣུམ་ཟོས་ཤོག་བུ་བཞིན་དུ་ཁྱབ་ཚར་ཡོད།
ད་དུང་ང་ཚོས་གནས་ལུགས་དང་རྒྱུ་མཚན་ཡོད་མེད་ལ་མི་ལྟ་བར་སོ་སོའི་མི་ལ་ཁ་རྡུང་གཏོང་བ་དང་མི་རིགས་ནང་ཁུལ་གཡས་དཀྲུག་གཡོན་དཀྲུག་བྱེད་པ་ནི་ཆེས་ཐ་ཤལ་བ་རེད་ཟེར་ཤོར་སོང་།
དེ་ལྟར་མིན་པར་ང་ཚོ་དགོས་པ་ནི་རྡོག་རྩ་གཅིག་སྒྲིལ་ཡིན་ལ་་་་་་་་་་་་་་་་་་་རྡོག་རྩ་གཅིག་སྒྲིལ་ནི་ང་ཚོར་ཡོད་པའི་འགད་རྫས་འབོམ (bomb)གཅིག་བུ་དེ་ཡིན།
སྤུན་ཟླ་ཚོ་རྡོག་རྩ་གཅིག་སྒྲིལ་གནོངས་དང་། སྐྱིད་པའི་ཉི་མ་འཆར་ཡོང་། །
དྲང་གཏམ་ཟེར་བས་བཤད་པ་ལ་མོས་མཐུན་ཡོད། ང་དབུ་མའི་ལམ་ལ་འགྲོ་མཁན་ཡིན་ཟེར་ནས་དར་དམར་འཁྱེར་བ་ནི་ཤིན་ཏུ་སྔ་དྲག་པའི་ལས་ཀ་རེད། རྒྱ་གཞུང་གིས་ང་ཚོ་དང་གྲོས་མོས་བྱེད་ནས་ཐག་ནམ་ཆོད་ན་དེ་དུས་དར་ཆ་འཁྱེར་སྟངས་ཤིག་ཐག་ཆོད་ཡོང་ངེས་རེད། དེ་དུས་ཧོང་ཀོང་ནང་བཞིན་རང་གི་དར་ཆ་ཞིག་དང་དམར་པོའི་དར་ཆ་ཞིག་མཉམ་དུ་འཁྱེར་དགོས་སྲིད།
ལས་འགུལ་པ་གླིང་ཚ་ཚེ་བརྟན་རྡོ་རྗེས་རྒྱ་དར་དམར་པོ་འཕྱར་བར་ངས་ནི་རྒྱབ་སྐྱོར་གཙང་མ་ཡོད་ལགས།
གླིང་ཚ་ལ་ཉེས་པ་ཅི་ཡང་མེད། ལམ་དབུ་མ་བ་ཚོས་རྒྱ་ནག་གི་རྩ་ཁྲིམས་ཀྱི་འོག་ལ་སྡོད་ཀྱི་ཡིན་ཟེར་བ་དེ་ནི་རྒྱ་ནག་གི་དར་ཆའི་འོག་ལ་སྡོད་ཀྱི་ཡིན་ཟེར་གི་ཡོད་པ་རེད།
ཉིན་ཤས་སྔོན་གྱི་རང་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་གཡུང་དྲུང་ལགས་ཀྱིས་ག་རེ་གསུངས་ཡོད་མེད་རྣམ་པ་ཚོས་
མི་ཤེས་སམ། ཁོང་གིས་ཀི་ཆེན་པོ་ཞིག་བཏབས་ནས། བོད་རང་བཙན་ཡིན། ༧སྐྱབས་མགོན་༧རྒྱལ་བ་རིན་པོ་ཆེ་དང་
རྒྱལ་བ་ཀརྨ་པ་བོད་དུ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་སོགས་གསུངས་ནས་ཞི་བའི་རང་བསྲེགས་ཀྱིས་དགྲ་
བོ་ལ་ངོ་རྒོལ་གནང་བ་དེས་ཀྱང་རྒྱལ་གཅེས་གཞིས་ལུས་མི་མང་རྣམས་དར་དམར་དང་རྒྱ་དམར་གྱི་འོག་ཏུ་འདུག་འདོད་ཡོད་
མེད་གསལ་བསྟན་གནང་ཡོད་ཀྱང་། ད་དུང་མིག་གཅེར་བཞིན་ལོང་བ་འདི་ཚོ་སྙིང་རེ་རྗེ་ཨཾ།
ཚང་མས་ཤེས་དགོས་པ་ཞིག་ལ་་་་་་་་་་་་་་་་ད་ཆ་ང་ཚོའི་སྐད་ཡིག་འདི་ཛ་དྲག་གི་ནད་པ་ལྟ་བུ་ཞིག་ཡིན་ལ།
དེ་མྱུར་སྐྱོབ་བྱེད་པ་ལ་༼ དབུ་མའི་ལམ་དང་རང་བཙན་གཉིས་ལས་རེ་བ་ཆེ་བ་གང་ལ་ཡོད ༽ དེ་ལ་ཤུགས་རྒྱག་དགོས་པ་རེད།
དེ་མ་གཏོགས་ཐོབ་ན་དབུ་མའི་ལམ་ལས་རང་བཙན་ཡག་པོ་ཡོད་པ་ཁྱེད་རང་ཚོས་མ་བཤད་ཀྱང་ཚང་མས་མཁྱེན་གསལ་རེད།
འོན་ཀྱང་རང་བཙན་ཡང་རྩོད་དགོས། ཆབ་སྲིད་འདི་ནང་པའི་ཆོས་ལྟར་མ་ཡིན་པར་མཚམས་ལ་རེ་རྐང་བཙུགས་ནས་མགོ་ཉོག་པོ་བཟོ་དགོས་པ་ཡང་ཡོང་གི་ཡོད་རེད།
ང་ཚོས་དེ་གཉིས་ཀྱི་ཡག་འདུག་བཤད་པའི་དུས་ཚོད་མ་རེད། ཚང་མས་སོ་སོའི་ས་ནས་ཤུགས་རྒྱག་དགོས་པ་གལ་ཆེན་པོ་རེད།
གང་ལྟར་བོད་དོན་ལ་ཞབས་ཞུ་སྒྲུབ་ཐུབ་ན་འགྲིགས་པ་རེད།
གླིང་ཚས་རྒྱའི་དར་ཆ་ཕྱར་བ་མ་ཟད་ད་དུང་དེའི་རྒྱབ་ལ་ལངས་ནས་ངན་བྱས་ངོ་སོར་འཁྱེར་མཁན་གྱི་ཚོགས་སྒེར་སུ་ཡིན་རུང་བོད་ཀྱི་ལོ་རྒྱུས་ཐོག་ནག་ཐིག་འདེབས་མཁན་དང་། གཞིས་ལུས་བོད་མིའི་སྙིང་ལ་གྲི་བསྣུན་མཁན་རེད།
ཀླུ་སྨྱོན་གྱི་ཆབ་སྲིད་བཤད་མི་ཤེས་པས་བླུན་པོ་སྨྲ་བ་ཉུང་ན་མཛེས་སོ
རང་དང་མ་མཐུན་པ་ལ་བླུན་པོ། ཤེས་ཡོན་གྱིས་མ་འདང་བ། རྒྱུགས་ཁྱི། དོལ་རྒྱལ། སོ་པ། ཕོག་ཟན། དྲྭ་འབུ། ལ་སོགས་པ་ལ་སོགས་གསུངས་མཁན་མང་པོ་འདུག་གོ་ལགས། དོན་ལ་སུ་ག་རེ་ཡིན་མིན་ནམ་མཁའི་ལྷས་གཟིགས་ཡོངས།
གླིང་ཚ་ཚེ་བརྟན་ལགས། ཁྱེད་ཀྱིས་བོད་ཀྱི་ལོ་རྒྱུས་ཐོག་ཏུ་སྐར་ལྔའི་དར་ཆ་མགོ་ཐོག་ཏུ་སྒྲེངས་པའི་ཟིན་བྲིས་ནག་པོ་བཀོད་ཟིན་པས། ཁྱེད་བཙོན་ཁང་ནས་མ་དོན་ནའང་འདྲ། དོན་ནའང་འདྲ། ལོ་རྒྱུས་ཐོག་ཁོད་ཟིན་པ་དེ། ཡལ་ཐབས་ཡོད་མ་རེད། དེ་ལས་ནོར་འཁྲུལ་ལ་ནོར་འཁྲུལ་ངོས་ལེན་ཞུས་ཏེ། འགྱོད་བཤགས་གནང་སྟེ་མི་ངན་ཁག་གཅིག་གི་འོག་ལ་མགོ་འཁོར་སྟངས་གསལ་བཤད་ཡག་པོ་གནང་ན། ལོ་རྒྱུས་ནང་བསམ་བློ་གཏོང་སར་ཡོད་པ་མ་ཟད། མ་འོངས་པར་ཁྱེད་ཀྱི་ནོར་འཁྲུལ་དེ་སྤུན་ཟླ་རྣམས་ཀྱིས་བཟོད་བཞེས་གནང་ངེས་རེད། ཅི་སྟེ་ཨུ་ཚུགས་དང་འཁྲེགས་འཛིན་གནང་ན་ཁྱེད་ཀྱི་ངལ་བ་འབྲས་མེད་ལ་འགྱུར་སྲིད། སྙིང་ཉེ་བའི་སླབ་བྱ་ཡིན།
གླིང་ཚ་ལགས། ཁྱོད་ནི་ཁོག་རྒྱ་ཡངས་ལ་མིག་རྒྱངས་རིང་བའི་བོད་མི་ཤ་ཞེན་པ་ཞིག་རེད་པས། ལོ་རྒྱས་ནང་རྒྱ་བོད་མཉམ་གནས་ཀྱི་བྱ་རིམ་ཁྲོད་རྒྱ་བོད་རྒྱལ་དར་འདྲ་མཉམ་གྱིས་མཁའ་དབྱིངས་སྒྲེང་མཁན་དང་པོ་ཡིན་པ་ལོ་རྒྱུས་ནང་བྲིས་ཟིན་པས། ཁྱོད་གཙོན་ཁང་ནང་སྡོད་ཀྱང་རུང་། ཕྱི་ལ་ཐོན་ཀྱང་རུང་རྒྱ་བོད་ཀྱི་མི་དམངས་ཀྱིས་རྩི་བཀུར་བྱ་ངེས་རེད། གང་དུ་བྱ་བ་གསར་པ་ཞིག་སླེབས་དུས་སྐྱེ་བོ་མིག་རྒྱངས་ཐུང་བ་དག་བློ་ཡི་ཁྱོར་བ་ནང་བསམ་བློ་གསར་པའི་ཡར་འབྲོག་གཡུ་ཚོའི་ཆུ་མ་ཤོང་བར་སྡུག་སྐད་འདོན་རྒྱུ་ནི། འདས་པའི་ལོ་རྒྱུས་ནང་། ནང་ཆོས་གསར་དུ་དར་དུས་བོན་པོ། ཁྲི་སྲོང་གིས་གཙུག་ལག་ཁང་བཞེངས་དུས་བློན་པོ་ཁག སོགས་མནའ་རབས་དང་། བཙན་བྱོལ་ནང་༧གོང་ས་མཆོག་གིས་དབུ་མའི་ལམ་བསྒྲགས་དུས། དགའ་ལྡན་ཕོ་བྲང་མཇུག་བསྡུ་དུས། ༧གོང་ས་མཆོག་ཆབ་སྲིད་ནས་བགྲེས་ཡོལ་བཞེས་དུས་སོགས་ལས་རྟོགས་པར་འགྱུར་བ་དེ་དག་གོ།
དེས་ཁྱོད་ནི་གངས་རིའི་ལྗོངས་ཀྱི་དཔའ་རྒོད་དང་མཚུངས་ཀྱང་མི་མཚུངས་ས་ཞིག་ཡོད་པ་ནི་མིག་རྒྱངས་རིང་རིང་སྤྱང་གྲུང་དང་ལྡན་པ་འདིའོ།།
དབུ་མའི་ལམ་དང་པོར་གསུངས་གནང་མཁན་༧གོང་ས་མཆོག་རེད་་་་ལམ་འདིའི་ཐོག་ནས་རྒྱ་བོད་གྲོས་མོལ་བྱུང་ཏེ་རང་སྲིད་རང་སྐྱོངས་ཐོབ་ཀྱང་་་་རྩེ་པོ་ཏྰ་ལའི་མདུན་ན་རྒྱ་དར་ཡོད་ཡོད་པ་རེད་ལ་་་གལ་ཏེ་རྒྱ་དར་དམར་པོ་དེ་ཁྱོད་ཚོའི་མགོ་ལ་བཙུགས་ཀྱང་ཁུར་དགོས་པ་རེད་་་ཤེས་སོང་ངམ། ངོ་མས་ཁྱོད་ཚོས་རྒྱ་དར་དམར་པོ་དེར་མཐོང་མི་འདོད་ན་་་་༧གོང་ས་མཆོག་ལ་དབུ་མའི་ལམ་རྩོད་ཆོག་ཀྱང་་་རྒྱ་དར་དམར་པོ་དེ་བོད་ན་གཅིག་ཀྱང་མེད་པའི་ཐར་ལམ་སྟོན་ཞེས་ཤོད།
ཧཧཧ། འོ་ད་གླིང་ཚ་དྲ་འབུའི་སྐྱེ་གནས་སུ་ཡོད་པ་འདྲ།
རྒྱའི་རྒྱ་དར་བོད་མིས་འཆར་བ་ནི། རྒྱ་བོད་གཉིས་ཀར་བསམ་བློ་བཏང་བས། བོད་ནང་བོད་དར་གཅིག་པུ་དགོས་ཟེར་མཁན་ལས། བློ་རྒྱ་ཆེ་ལ། ཕུག་རྒྱང་རིང་བ། རླབས་ཆེ་བ་ཡིན་པས། ངས་གླིང་ཚས་ལས་འགུལ་སྤེལ་སྟངས་ལ་གུས་དུད་རྒྱབ་སྐྱོར་ཡོད། གཞོན་ལྷན་གྱི་དཔའ་བོ་ཁྱོད་ལ་སྐྱོན་བརྗོད་ལ་ཡང་། དགག་པ་ཐ་གཅིག་ཏུ་ཡོད་ལགས།
ཡང་གཅིག་བཤད་འདོད་པ་ནི། གལ་ཏེ་གླིང་ཚས་རྒྱ་དར་ཁོ་ན་འཕྱར་བའི་ལས་འགུལ་སྤེལ་ཡོད་ན་ཁ་ཟེར་བ་རིགས་ཀྱང་། བོད་དར་དང་རྒྱ་དར་མཉམ་འཕྱར་འདིས་སྔར་ཁྲི་རལ་པས་རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད་ཅེས་པའི་རྒྱ་བོད་འདྲ་མཉམ་གྱིས་ཐ་ཚིག་དེ་ཡང་དྲན་པར་གྱུར་པས་སླར་ཡང་ཁོང་གི་གཟི་བརྗིད་དང་ལྡན་པའི་ལས་འགུལ་དེར་གུས་བཀུར་ཞུ།
ལས་འགུལ་པ་གླིང་ཚ་ནི།
གླིང་ཚ་ནི་དོན་དམ་པའི་བཙན་བྱོལ་བའི་དཔའ་བོ་རེད།
གླིང་ཚ་ནི་དོན་དམ་པའི་བཙན་བྱོལ་བའི་དབུ་མ་པ་རེད།
གླིང་ཚ་ནི་དོན་དམ་པའི་བཙན་བྱོལ་བའི་ཆབ་སྲིད་པ་རེད།
གླིང་ཚ་ནི་དོན་དམ་པའི་བོད་གཞིས་བྱེས་གཉིས་ཀྱི་ལས་འགུལ་པ་རེད།
ད་དུང་།
གླིང་ཚ་ནི་དོན་དམ་པའི་བཙན་བྱོལ་བའི་མཁས་དབང་རེད།
གླིང་ཚ་ནི་དོན་དམ་པའི་བཙན་བྱོལ་བའི་ཕན་ཐོགས་ཅན་གྱི་རྩོམ་བྲིས་པ་རེད།
ང་ཚོ་བཙན་བྱོལ་འདིའི་ནང་གླིང་ཚ་ལྟ་བུའི་སེམས་ཐག་ཆོད་པོ་དང་། བསམ་པ་ལྟར་ལག་ལེན་ལ་འཇུག་ཐུབ་པའི་བོད་མི་ལ་རྒྱ་ཅན་དང་རང་ཉིད་བློས་གཏོང་བྱས་ཐུབ་མཁན་འདི་འདྲ་བརྒྱ་ཕྲག་ཁ་ཤས་ཡོད་ན་་་་་་་་་་་་་་་་་་་་་རྒྱ་གུང་ཁྲན་ཏང་གི་འགོ་ཁྲིད་ཚོའང་གཉིད་སྐྱིད་པོ་ཞིག་ཁུལ་མི་ཐུབ་པ་ཐག་གིས་ཆོད།
གླིང་ཚ་ཚེ་བརྟན་རྡོ་རྗེ་རྒྱལ་གྱུར་ཅིག
ད་ལྟའི་དུས་སུ་བོད་དོན་ཆེད་དུ་རང་ལུས་མེར་སྲེག་བཏང་བ་ལས། གླིང་ཚས་ལས་འགུལ་བྱེད་སྟངས་འདིས་རང་གཞན་གཉིས་ཀར་ཕན་ཐོགས་ཆེ་བ་མི་འདུག་གམ།
མདོར་དེད་ན། རང་སྲོག་གཅེས་པར་བཟུང་ནས། གླིང་ཚ་ལྟར་ཚེ་འདི་ལ་ཡིན་ན་ཡང་། རང་གཞན་གཉིས་ཀའི་དོན་ཡོད་པ་ཅིག་བྱུང་ན་ཅི་མ་རུང་སྙམ་པས་བྲིས་ཐལ་ཤོར་སོང་ལགས། རྒྱལ་གཅེས་དཔའ་བོ་རྒྱལ་འགྱུར་ཅིག །