དགེ་འདུན་རྒྱ་མཚོ།
༡༩༤༩ ལོར་ངའི་ཕ་ཡུལ་ལ་རྒྱ་ནག་གིས་བཙན་འཛུལ་བྱས་རྗེས་ངའི་ཕ་ཡུལ་ནི་རྒྱ་ནག་པས་མི་སེར་སྤེལ་ཡུལ་དུ་གྱུར། རྒྱ་གཞུང་གིས་ལས་བྱེད་ཧ་ཅང་མང་བོ་བཏང་ཡོད། དེ་དག་གིས་ངའི་ཡུལ་མི་ཚོ་རྒྱ་ནག་ཆེན་པོའི་བསམ་བློ་དང་ལྟ་བ་ཅན་དུ་བསྒྱུར་ཆེད་ཞི་དྲག་གི་སྲིད་ཇུས་སྣ་ཚོགས་སྤེལ་བཞིན་ཡོད། དིང་སང་རྒྱ་ནག་ལས་བྱེད་མང་བོ་ཡོད་པའི་ཁྲོད་ནས་འགའ་ཤས་རྒན་ཡོལ་དུའང་ཕྱིན་ཚར་ཡོད། རྒན་པོ་དེ་ཚོ་ཕྱིར་རྒྱ་ཡུལ་ལ་མ་སོང་བར་རྒན་ཕོགས་བླངས་ནས་ཟུར་འདུག་བྱས་ཡོད་པ་རེད། ལས་བྱེད་དང་ལས་ཟུར་བའི་ཁྲོད་ན་རྒྱུ་ནོར་དང་དབང་ཤུགས་ལ་བརྟེན་ནས་ཞི་མོ་ལོ་ཆུང་རེ་བཟའ་ཚང་དུ་གཉེར་ནས་བསྡད་མཁན་ཡང་ཡོད་པ་རེད། ཧོང་ཞིན་པོ་ཡང་དེའི་ནང་གི་གཅིག་ཡིན།
ཧོང་ཞིན་པོ་རྒན་ཡོལ་དུ་ཕྱིན་པ་དང་རྒན་ཡོལ་བའི་མིང་ཐོག་ནས་ས་ཆ་ཡང་ཆེན་པོ་ཉོས་ཡོད། ཁོ་ལ་ཁང་བ་ཡག་པོ་ཞིག་བརྩིགས་ཡོད་པ་མ་ཟད་ར་སྐོར་ན་སིལ་སྡོང་སོགས་འཁོར་ཡུག་ཧ་ཅང་མཛེས་སྡུག་ལྡན། ཁོ་ལ་ཆུང་མ་ཞིག་ཡོད་པ་ནི་ངོ་མ་ལོ་ཆུང་ནི་རེད། མིང་ལ་ལོའུ་ཡེང་ཟེར། ཁོ་གཉིས་ཀྱི་བར་ན་ལོ་སུམ་བཅུ་ཙམ་ཡོད། ཕྱི་ནས་བལྟས་ན་ཁོ་དང་སྐྱེ་མན་གཉིས་ཧ་ཅང་གི་མཐུན་པོ་ཡོད། འོན་ཀྱང་ཁོའི་སྐྱེ་མན་ལ་དགའ་རོགས་གཞན་ཞིག་ཡོད་པ་དེས་ཁོ་གཉིས་ཀྱི་བརྩེ་དུང་ལ་འགའ་རྐྱེན་ཆེན་པོ་བཟོ་བཞིན་ཡོད། དགའ་རོགས་དེའི་མིང་ལ་ཀོ་ཀོ་ཟེར། ལོ་གཞོན་རྒྱུ་མེད་ཀྱང་རིག་པ་དང་སློབ་སྦྱོང་ཡག་པོ་ཡོད་པའི་སྟེང་དུ་ལག་རྩལ་ཡང་མཐོན་པོ་ཡོད་པར་གྲགས། གང་ལྟར་ཧོང་ཞིན་པོ་ལས་ལོ་ཉི་ཤུ་ཙམ་གྱིས་ཆུང་ནི་རེད།
ཧོང་ཞིན་པོས་རང་གི་སྐྱེ་མན་ལ་དགའ་རོགས་ཞིག་ཡོད་པ་སྔར་ནས་ཤེས་ཀྱི་ཡོད་མོད། འོན་ཀྱང་རང་ཉིད་རྒན་པོར་གྱུར་བ་དང་ནུས་མེད་ཡིན་པས་དེ་ཙམ་གྱིས་དོ་སྣང་བྱེད་ཀྱིན་མེད། དེས་རྐྱེན་གྱིས་ལོའི་ཡེང་གི་ཧམ་པ་ནི་ཉིན་རེ་ནས་ཉིན་རེར་ཇེ་ཆེར་འགྲོ་བཞིན་ཡོད། བར་སྐབས་ཞིག་ནས་བཟུང་སྟེ་མོས་རང་ཉིད་ལ་དགའ་རོགས་ཡོད་པ་ཧོང་ཞིན་པོ་ལ་གསང་བ་གཏད་ནས་བྱེད་ཀྱིན་མེད། སྐབས་རེར་མོ་མངོན་སུམ་འཛེམས་མེད་ཀྱིས་ཀོ་ཀོ་ལ་འགྲོགས་པ་དང་སྐབས་རེར་རྗེས་དེད་ནས་ཀོ་ཀོའི་ཁྱིམ་དུ་ཡང་འགྲོ་གི་ཡོད། དེས་རྐྱེན་གྱིས་གནས་ཚུལ་དེ་ཁྱིམ་མཚེས་དང་མི་གཞན་དག་གིས་ཀྱང་གླེང་གཞི་ཞིག་ཏུ་གྱུར་བ་རེད། དེས་ན་གནས་ཚུལ་དེ་ཧོང་ཞིན་པོའི་གྲོགས་པོ་དང་ལས་རོགས་རྙིང་བ་ཚོས་གོ་མི་སྲིད་པ་ག་ལ་སྲིད།
ཉིན་ཅིག་ཧོང་ཞིན་པོ་རང་ཉིད་ཀྱི་གྲོགས་པོ་རྙིང་བ་ཞི་ཆིན་ལ་ལྟ་བར་སོང་། ཞི་ཆིན་ནི་རྫོང་སྲིད་གཞུང་གི་སྨན་ཁང་གི་འགན་འཛིན་རྒན་པ་ཡིན། ཁོ་རྫོང་སྨན་ཁང་དུ་སོང་ནས་ཕྱིར་ཡོང་བ་ན་ལོའུ་ཡེང་དང་ཀོ་ཀོ་གཉིས་མཉམ་དུ་ཁོའི་ཁྱིམ་དུ་འཛོམས་ཡོད། ཁོ་གཉིས་ཉི་མ་དཀར་དཀར་ལ་ཉལ་བསྡད་ཡོད་པ་དང་གདོང་ཐུག་བརྒྱབ་པ་རེད། ཧོང་ཞིན་པོ་ངོ་ཚ་བ་དང་ཅུང་དོགས་མ་བདེ་བར་གྱུར། འོན་ཀྱང་སྐབས་དེར་ཁོས་ཚིག་གཅིག་ཀྱང་ཁ་ནས་བཤད་མ་ཕོད།
ཀོ་ཀོ་ཕྱིར་སོང་རྗེས་ཧོང་ཞིན་པོས་རང་གི་སྐྱེ་མན་ལ་འཁང་ར་དང་སྡིགས་མོ་བྱས་པ་རེད། ངོ་ཚ་མེད་པའི་ཁྱི་མོ་རེད་ཅེས་ངོ་མཚང་བྲུས་པ་རེད། ལོའུ་ཡེང་གིས་ཀྱང་ཕྱིར་ཁ་རྩོད་བརྒྱབ་པས་ཉིན་དེར་ཁོ་གཉིས་བཟའ་འཁོན་རྒྱུན་རིང་བྱས། ཁོ་གཉིས་ཀྱི་སྐད་མགོ་ཧ་ཅང་མཐོ་བས་གནས་ཚུལ་དེ་ཁྱིམ་མཚེས་ཚང་མས་ཀྱང་དོ་སྣང་བྱེད་ཡུལ་དུ་གྱུར་བ་རེད། སྐྱོན་ཚང་མ་ལོའུ་ཡེང་གི་སྟེང་ན་ཡོད་ན་ཡང་མོས་ད་དུང་རང་གི་འདོད་དོན་ལ་རྩོད་ལེན་བྱེད་རྒྱུ་ཆོད་སེམས་བཅངས་ཡོད།
མོ་ལ་རྒྱལ་ཁ་འཐོབ་རྒྱུའི་རེ་བ་དེ་ཙམ་མེད་པར་མོས་ཚོད་དཔག་བྱེད་ཀྱིན་ཡོད། འོན་ཀྱང་ལས་ལ་ཟློག་ཐབས་མེད་པས་མོས་ཕྱི་ནུར་བྱེད་མི་སྲིད། ཡིན་ན་ཡང་མོས་ལྐོག་གཡོ་ཞིག་འཐེན་ཨེ་ཐུབ་་ལ་འབད་བརྩོན་བྱེད་ཀྱིན་ཡོད། གང་ཡིན་ཟེར་ན། གནས་ཚུལ་དེ་གསང་བ་ཞིག་ཡིན་པ་ལས་གཞན་གྱིས་ཤེས་ག་ལ་ཉན།
ལོའུ་ཡེང་མོ་རང་ཉིད་ནི་ཧོང་ཞིན་པོས་ཁ་བརྡུང་དང་འཕྱ་སྨོད་ཀྱི་ཡུལ་དུ་གྱུར་བ་དང་མོའི་བྱ་སྤྱོད་དེས་ཁྱིམ་མཚེས་རྣམས་ཀྱི་སེམས་ལ་བག་ཆགས་ངན་པ་ཞིག་ཀྱང་བཞག་ཡོད་པ་རེད། ནད་དེ་མ་བཟོད་པར་ལོའུ་ཡེང་གི་སེམས་ལ་བྱུས་ངན་ཞིག་དྲན། དེ་ནི་མོ་དང་ཧོང་ཞིན་པོ་གཉིས་གཉེན་ཐོར་བྱས་ཏེ་སོ་སོར་འབྲལ་རྒྱུ་དེ་རེད། ད་དུང་མོ་རང་ཀོ་ཀོ་དང་མཉམ་དུ་འདུག་འདོད་སྔར་ནས་སྐྱེས་ཡོད་པས་དེའི་སྐོར་ཀོ་ཀོ་ལ་གྲོས་མོལ་བྱེད་རྒྱུ་ཡང་ཡིད་ལ་བརྟན་བོར་བཟུང་ཡོད་པ་རེད།
མོའི་བསལ་ཚུལ་དེར་ཀོ་ཀོ་ལ་མོས་མཐུན་བྱུང་ན་ཡང་ཧོང་ཞིན་པོས་གཏད་ནས་ཁས་མ་བླངས། ཐོར་ཡིག་མ་བླངས་ན་ཀོ་ཀོ་དང་ཁོ་གཉིས་ནམ་ཡང་མཉམ་དུ་འདུག་ཐབས་ཡོད་ནི་མ་རེད། དེ་ཀོ་ཀོ་དང་ལོའུ་ཡེང་གཉིས་ཀྱི་སེམས་ན་གསལ་བོ་ཡོད་པ་རེད། བཟའ་བ་གཉིས་ཀ་འཐད་པ་མ་བྱུང་ན་རྫོང་སྲིད་གཞུང་གིས་ཀྱང་ཐོར་ཡིག་སྟེར་མི་སྲིད།
ལོའུ་ཡེང་ལ་མཚོན་ན་ཉིན་དེ་ནས་བཟུང་སྟེ་ཧོང་ཞིན་པོའི་སྐྱེ་མན་མིན་པར་དོན་ལ་ཁ་བྲལ་ཡོད། ཡིན་ན་ཡང་ཀོ་ཀོ་དང་མཉམ་དུ་འདུ་འཛོམས་བྱེད་རྒྱུ་ཡང་ལས་སླ་བོ་ཞིག་གཏན་ནས་མིན། ད་དུང་ཁོ་གཉིས་ལ་བར་ཆད་གཞན་ཞིག་ཀྱང་ཡོད། དེའི་རྐྱེན་གྱིས་ཀོ་ཀོ་དང་ཁོ་མོ་གཉིས་ཀྱི་བར་ཐག་ཀྱང་ཇེ་རིང་དུ་གཏོང་མི་སྲིད་པ་མིན། རྒྱུ་མཚན་ནི་ཧོན་ཞིན་པོའི་སེམས་ལ་ཅི་ཞིག་དྲན་བཞིན་ཡོད་པ་ཤེས་དཀའ་བ་དང་། ཧོང་ཞིན་པོས་ཁྲིམས་ཁང་དུ་གཏུགས་བཤེར་བྱས་ན་ཁོ་གཉིས་ཀྱི་རེ་བ་སྟོང་བར་གྱུར་བ་རེད། དེས་རྐྱེན་གྱིས་ལོའུ་ཡེང་གི་སེམས་ཁྲལ་ནི་རྫོགས་མཐའ་མེད་པར་གྱུར།
དེ་ནས་བཟུང་ཧོང་ཞིན་ནི་མོའི་རྒྱབ་ཀྱི་ཁུར་བོ་ཡིན་པ་མ་ཟད་ཞེད་སྣང་བྱེད་དགོས་ས་ཞིག་ཏུ་ཡང་གྱུར་བ་རེད། དཀའ་ངལ་དེ་མེད་པར་བྱེད་དགོས་ན་ཐབས་ཤེས་གཅིག་ལས་མེད། དེ་ནི་ཧོང་ཞིན་པོ་བརླགས་ཏེ་མེད་པར་བྱེད་རྒྱུ་དེ་རེད། དེ་ནི་ལོའུ་ཡེང་གིས་ཡུན་རིང་བསམ་བློ་བཏང་བའི་ཐབས་ཇུས་ཡག་ཤོས་དེ་ཡང་རེད།
ཉིན་ཞིག་ཧོང་ཞིན་པོས་སིལ་སྡོང་ར་བའི་ནང་དུ་ལས་ཀ་བྱེད་ཀྱིན་ཡོད། ལས་ཀ་ནི་སྔོ་ཚོད་ཀྱི་ནང་ལ་ཆུ་གཏོར་རྒྱུ་དེ་རེད། ཁོས་ཆུ་ལྡུག་བཞིན་པའི་སྐབས་དེ་དང་བསྟུན་ནས་ཀོ་ཀོ་དང་ལོའི་ཡེང་གཉིས་ཀྱིས་ལག་པ་སྔ་ཕྱི་རྩད་ནས་ཧོང་ཞིན་པོ་གསོད་ཐབས་པ་རེད། ཁོའི་ཁ་ནང་ལ་རས་བརྫངས་ཤིང་དབུགས་བཀག་ནས་གསོད་རྩིས་བྱས་པ་རེད།
མི་གསོད་པ་ནི་ལས་སླ་བོ་ཞིག་ག་ལ་ཡིན། ཧོང་ཞིན་པོ་འཕག་ཚགས་བརྒྱབ་པས་ཀོ་ཀོ་དང་ལོའུ་ཡེང་གཉིས་ཀྱི་སེམས་ལ་སྔངས་སྐྲག་ལངས་ཡོད་པ་སྨོས་ཅི་དགོས། ཁོ་གཉིས་ཀྱིས་བྲེལ་འཚུབ་ངང་ཧོང་ཞིན་པོའི་མགོ་ལ་འཛེར་མ་སོར་དྲུག་ཅན་ཞིག་གདབ་པ་རེད། འཛེར་མ་དེའི་ཡུ་བའི་སྣེ་མོ་རྡོ་ལ་བརྡར་ནས་བཅད་པ་ཞིག་སྔར་ནས་གྲ་སྒྲིག་བྱས་ཡོད་པ་རེད། འཛེར་མ་དེ་ཧོང་ཞིན་པོའི་སྤྱི་གཙུག་ནས་གདབ་སྟེ་ཀླད་པས་ནང་དུ་ཡིབ་དུ་བཅུག་པ་དང་འཛེར་ཤུལ་མི་མཐོང་བ་བཟོས་པ་རེད།
ཧོང་ཞིན་པོ་ནི་རྐ་ཁ་ནས་འགྱེལ་ནས་ཤི་བ་རེད་ཞེས་ཕྱོགས་ཡོངས་ལ་བསྒྲགས། ཉིན་དེར་ཁོ་རང་གིས་སིལ་རའི་ནང་དུ་ལས་ཀ་བྱས་པ་དང་སེམས་ཆུང་མ་བྱས་པས་འདྲེད་ནས་འགྱེལ་བ་རེད། ལོའུ་ཡེང་མོ་རང་ཡང་སེམས་སྡུག་ཡོད་ཚུལ་གྱིས་ངུ་ཁུལ་བྱས། གནས་ཚུལ་དེ་ཁྱིམ་མཚེས་རྣམས་ཀྱི་རྣ་ལམ་དུ་གྲགས་ཚེ་འགའ་ཤས་གད་མོ་ཤོར་བ་དང་འགའ་ཤས་ལ་སེམས་སྡུག་བྱུང་བ་རེད། འགའ་ཤས་ལ་སྔར་བས་ཀྱང་དོགས་གཞི་སྐྱེ་བ་དང་། འགའ་ཤས་ལ་ཁོང་ཁྲོ་སློང་གཞི་ཞིག་ཏུ་ཡང་གྱུར་བ་རེད།
རྒྱ་ནག་ཚོ་ཤི་རྗེས་རོ་ས་འོག་ལ་འཇུག་དགོས། དེ་འདྲའི་ལུགས་སྲོལ་ཡོད་པ་ལྟར་ཧོང་ཞིན་པོའི་རོ་ཡང་ཐག་རིང་དུ་དྲུད་ནས་ས་འོག་ལ་བཅུག་པ་རེད། ས་འོག་ལ་འཇུག་ས་དེ་ནི་གྲོང་ཁྱེར་གྱི་མཐའ་ན་ཡོད་པའི་ལམ་ཁ་དེའི་ཞིང་ཚིགས་ཞིག་རེད། ཧོང་ཞིན་པོའི་དུར་འཇུག་གྲུབ་རྗེས་ཀོ་ཀོ་དང་ལོའུ་ཡེང་གཉིས་ལ་སྐྱིད་པའི་ཉི་མ་ཤར་བ་རེད།
ཁོ་གཉིས་དགའ་སྐྱིད་ཀྱིས་བག་ཡང་ལ་རོལ་རྒྱུ་ནི་བཤད་མི་དགོས་པ་ཞིག་རེད། ཡིན་ན་ཡང་སྐྱིད་ཀྱི་གཞུག་ན་སྡུག་ཡོད་ཟེར་བའི་བཤད་སྲོལ་དེ་མངོན་འགྱུར་བྱེད་མི་སྲིད་པ་མིན། ཁྱིམ་མཚེས་འགའ་ཤས་ཀྱིས་ཀྱང་འདི་གཉིས་ལ་ལས་འབྲས་འཁོར་ངེས་རེད་ཟེར། ཁོ་གཉིས་ལ་དམོད་མོ་བྱེད་མཁན་ཡང་ཉུང་ཉུང་མིན། སུ་ལ་ཡང་ཁྲིམས་ཐོག་ནས་བདེན་དཔང་མེད་པས་ཁ་གྲགས་པའི་དབང་ཚད་མེད།
ཧོང་ཞིན་གྱི་དུར་ས་དང་ཉེ་བའི་ལམ་ཁ་དེ་དེད་ནས་སོང་ན་གཙང་བོ་ཞིག་ཡོད་པ་དང་གཙང་བོའི་ཁ་ན་ཆུ་སྐོར་རང་འཐག་ཞིག་ཡོད། དེ་ནི་རྡོ་འཁོར་རང་འཐག་ཞིག་ཡིན་པ་དང་ཐག་ཉེ་རིང་གི་སྡེ་མི་མང་བོས་གྲོ་ཕྱེ་དང་རྩམ་པ་བཏག་ས་ཡིན། ཉིན་དེར་རྒད་པོ་ཨོ་རྡོ་དང་ཁོའི་བུ་མོ་བདེ་སྐྱིད་གཉིས་མཉམ་དུ་རྩམ་པ་འཐག་ཏུ་སོང་ཡོད། དགོང་མོ་དེར་རྩམ་པ་བོང་བུ་གཉིས་ལ་བཀལ་ནས་ཡོང་། ཕྱིར་ཡོང་བའི་ལམ་བར་ནས་ཧོང་ཞིན་པོ་ལ་ཐུག་པ་རེད། ངོ་མ་བཤད་ན་ཧོང་ཞིན་པོ་ནི་ཤི་ནས་ཟླ་བ་མང་བོ་སོང་ཡོད།
གནས་ཚུལ་དེ་ཨོ་རྡོ་དང་བུ་མོ་གཉིས་ནས་ཀྱང་ཤེས་མེད་པ་ག་ལ་སྲིད། བུ་མོ་བདེ་སྐྱིད་ནི་སྐྲག་ནས་བླ་ཡང་འཁྱམ་ལ་ཁད་བྱེད། མོས་ཧོང་ཞིན་པོ་ལ་ལྟ་བཞིན་ཨ་ཕའི་ཕུ་རུང་གི་སྣེ་མོ་ལ་ཐམ། མོའི་རྣམ་འགྱུར་དེས་ཅི་ཞིག་བཤད་ཀྱིན་ཡོད་པ་རྒད་བོ་ཨོ་རྡོས་མི་ཤེས་པ་ག་ལ་ཡིན། འོན་ཀྱང་བུ་མོ་སྐྲག་པར་དོགས་ནས་ཨོ་རྡོས་སྣང་མེད་ཀྱིས་སྐད་ཆ་གཞན་ཞིག་བཤད་ཀྱིན་ཡོང་།
ཨོ་རྡོའི་སེམས་ལ་དེ་རིང་འདིར་ཐུག་དོན་ནི་ངོ་མ་ཡ་མཚན་རེད། ཁོ་སྔོན་མ་ཞིག་ནས་ཤི་སོང་། ཁོ་ཅི་ལ་ཞེ་ཆགས་ནས་བསྡད་ཡོད་པ་ཡིན་ནམ། རྒད་པོ་ཨོ་རྡོར་དོགས་པ་མང་ཡང་འདྲི་རོགས་མ་ཆོད། འདོན་འདྲེ་ནི་གཟུགས་མེད་གཟུགས་ཅན་ལ་སྣང་བ་དང་ཆོས་ཉིད་རིག་པའི་རྒྱབ་ལོག་ན་ལངས་ཡོད་པའི་ཚེ་སྲོག་གསོན་པོ་དེ་ཡང་ཡིན། ཨོ་རྡོས་བསམ་བློ་མི་གཏོང་ཐབས་མེད་རེད། ཧོང་ཞིན་པོས་བཤད་ན་ཁོ་ནི་དེ་རིང་ལས་ཀ་ཞིག་གི་ཆེད་དུ་སོང་ནས་ཡུལ་ལ་འགྲོ་གི་ཡོད་ཚུལ་བཤད། རྒན་མོ་ལོའུ་ཡེ་ནས་ཇ་སྐོལ་ནས་སྒུག་ཡོད་ཚུལ་བཤད། དེ་ནས་ཁོ་ཚོ་གསུམ་མཉམ་དུ་འགྲོགས་ནས་ཡར་ཡོང་བ་རེད།
ལམ་སྐེད་ཞིག་དུ་བསླེབས་ནས་ཧོང་ཞིན་པོ་ཡིས་ཁོ་བོ་ན་སོང་ཟེར་ནས་སྐད་ཤོར། ཨ་ཨ་་ངའི་མགོ་ན་ནས་བཟོད་ཐུབ་ཀྱིན་མི་འདུག་ཟེར། མགོ་ལག་པས་སྐྱོར་ནས་ཟུག་སྐད་འབྱིན། ས་ལ་འགྱེལ་ནས་འགྲེ་ལྡོག་བརྒྱབ། འགྱུ་ནས་ན་ཟུག་ཡོད་པའི་རྣམ་འགྱུར་ཆེས་ཆེར་བསྟན་པ་རེད། རྒད་པོ་ཨོ་རྡོས་ཀྱང་སྙིང་རྗེ་ནས་རྩམ་པ་དོ་ཁལ་གཅིག་བུ་མོ་དང་ཁོ་གཉིས་ཀྱིས་རེ་མོས་ཀྱིས་ཁུར། ཧོང་ཞིན་པོ་ཁོ་བོང་བུ་གཞན་ཞིག་ཡོད་པ་དེའི་སྟེང་དུ་ཞོན་དུ་བཅུག་པ་རེད། ཧོང་ཞིན་པོའི་ན་ཟུག་ཇེ་ཆེར་གྱུར་བ་དང་བོང་ཐོག་ནས་ལྷུང་སྟེ་ས་ལ་ཟགས། མགོ་བོ་ལག་པས་བསྡམས་པ་དང་ང་སྐྱོབས་རོགས་ཟེར་བཞིན་ཤི་བ་རེད།
ཁོ་འཆི་སྟངས་དེ་འཇིགས་སུ་རུང་བ་ཞིག་རེད། ཁ་གདངས་ཤིང་མིག་ཅེར་ནས་ཤི་བ་རེད། ཧོང་ཞིན་པོ་ཤི་བ་དེས་རྒད་པོ་ཨོ་རྡོ་ལ་དཀའ་ལས་འཕར་མ་ཞིག་བྱིན། བུ་མོ་བདེ་སྐྱིད་ཀྱང་སྐྲག་ནས་བརྒྱལ་ལ་ཁད་བྱེད། ཞི་མོ་འདི་ཚོའི་སྙིང་བྱིའུ་འདྲ་ཞིག་ལས་མེད་པ་ཨོ་རྡོས་སྔར་ནས་ཅི་ལ་མི་ཤེས། ཁོས་བུ་མོ་ལ་སྐྲག་དགོས་དོན་མེད་ཚུལ་གྱིས་བསླབ་བྱ་བརྒྱབ་པ་དང་། ཨ་ཕ་ལ་ཐབས་ཤེས་ཞིག་ཡོད་ཚུལ་བཤད།
དོན་དངོས་སུ་རྒད་པོ་ཨོ་རྡོ་ཁོ་ཡང་སྔགས་སྐྲག་སྐྱེས་པ་དང་འཚུབ་ཆ་ལངས་ནས་ཅི་ཡིན་འདི་ཡིན་མེད་པ་ཞིག་ཏུ་གྱུར་བ་རེད། ཁོས་རང་གི་བུ་མོའི་ལག་མགོ་ནས་འཇུས་ཏེ་ཁྲིད་པ་དང་བོང་བུ་དེད་ནས་རྫོང་ཉེན་རྟོག་ལས་ཁུངས་ལ་སོང་། ཉེན་རྟོག་མི་སྣ་དག་ལ་ཞུ་བ་དང་རང་ཉིད་དག་འདོན་བྱས་པ་རེད།
ཧོང་ཞིན་པོ་སྔར་ནས་ཤི་ཟིན་པས་ཉེན་རྟོག་མི་སྣ་ཚོས་དང་ལེན་མ་བྱས་པ་རེད། མ་ཟད་སྐད་ཆ་དེ་འདྲ་ཕྱི་ལ་གང་བྱུང་བཤད་མི་ཆོག་པ་དང་གལ་ཏེ་བཤད་པ་ཡིན་ན་མཇུག་འབྲས་ཆ་ཚང་ཁྱོད་དང་བུ་མོ་གཉིས་ཀྱིས་ཁུར་དགོས་ཚུལ་བཤད་ནས་ཁ་བཅོས་པ་རེད། གནས་ཚུལ་དེ་དོན་དངོས་ཡིན་ཡང་རྒད་པོ་ཨོ་རྡོ་ལ་བྱ་ཐབས་མ་རྙེད་པ་རེད། རང་ལ་ཉེས་པ་མེད་པ་དེ་རྒད་པོ་ཨོ་རྡོ་ལ་མཚོན་ན་ངོ་མ་དགའ་འོས་པའི་དོན་དག་ཞིག་རེད། ཁོ་དགའ་བཞིན་བུ་མོ་ཁྲིད་ནས་ཕྱིར་ལོག་པ་རེད།
གནས་ཚུལ་དེ་བྱུང་ནས་ཟླ་གསུམ་གྱི་རྗེས་སུ་ཡང་དོན་རྐྱེན་དེ་འདྲ་བ་ཞིག་སླར་ཡང་བྱུང་བ་རེད། དེ་ནི་ལྕང་སྡོང་སྡེ་བའི་བཀྲ་ཤིས་སོགས་ཕོ་གསར་བཞི་ཤིང་ལེབ་རྐུ་རུ་སོང་བའི་སྐབས་ཀྱི་གནས་ཚུལ་དེ་རེད།
དགོང་མོ་དེར་སྨུག་ཧ་ཅང་ནག་པས་ལྡོག་ལམ་ཡང་མཐོང་དཀའ་ཙམ་ཡོད། གསར་བུ་བཞི་བོས་ལག་འཐེན་འཁོར་ལོ་ཞིག་དྲུད་ནས་ལམ་འགྲམ་ཞིག་ཏུ་སྦས། ཁོ་བཞི་རྐང་ཐང་ལ་པང་ལེབ་རྐུ་རུ་སོང་། ཤིང་ལེབ་རྐུ་ས་དེ་རྫོང་སྲིད་གཞུང་གི་པང་ལེབ་འགྲེས་སའི་ལྟེ་བ་དེ་རེད། ཁོ་ཚོ་མི་རེ་ནས་ཤིང་ལེབ་ཆེན་པོ་རེ་ཁུར་ནས་ཡོང་སྟེ་ལག་འཐེན་གྱི་ནང་དུ་བརྩིགས། མིས་མི་ཤེསཔ་དང་ཁྱིས་མི་གོ་བ་བྱས་ཏེ་ལམ་ལ་ཞུགས་པ་རེད།
ཧོང་ཞིན་པོའི་དུར་ས་དང་ཉེ་བར་སླེབས་དུས་ཧོང་ཞིན་གྱིས་ཁོ་ཚོར་སྒུག་ནས་བསྡད་ཡོད། ཕོ་གསར་ཚོས་རྒྱ་རྒན་འདི་ངོ་མི་ཤེས་པ་མ་ཟད་མཐོང་ཡང་མྱོང་མེད། ཡིན་ཡང་ང་ཚོས་ཤིང་ལེབ་རྐུ་བ་དོ་དགོང་ཁོས་རིག་ཟིན་པས་ད་ཅི་བྱེད་དགོས་སྙམ། ཧོང་ཞིན་པོས་ཁོ་བོ་ནི་ནད་པ་ཞིག་ཡིན། འགྲོ་མི་ཐུབ་པས་སྙིང་རྗེ་སྒོམ་རོགས་ཞེས་ཞུ་བ་བྱས་པ་རེད། གསར་བུ་ཚོས་ནད་པ་ཡིན་ན་ཁག་མི་འདུག་སྙམ་པ་དང་། ཁོ་ལ་རོགས་རམ་བྱས་ན་སང་ཉིན་རྐུ་མའི་སྐོར་གཞན་ལ་མི་བཤད་པའི་ཕན་ཐོག་ཡོད་པར་རེ་བ་བྱས་པ་རེད།
ངོ་མ་བཤད་ན་ཁོ་ཚོ་རྐུ་མ་ཡིན་པས་ཧོང་ཞིན་པོ་ལ་རོགས་བྱེད་རྒྱུ་དེ་རྩ་མོ་ཞིག་མ་རེད།
ཧོང་ཞིན་པོ་འདྲུད་འཐེན་འཁོར་ལོའི་སྟེང་དུ་བཞག་ཡོད་པས་ཧ་ཅང་བདེ་འཇགས་ཡིན་མོད། ཡིན་ན་ཡང་ཁོའི་ན་ཟུག་དེས་ཁོ་ལས་སླ་བོར་འཇོག་གི་མེད། དེས་རྐྱེན་གྱིས་ཁོས་ཁ་ནས་ཨ་ཧིར་ཧིར་ཟེར་བཞིན་ཡོད། དེ་ནི་ཟུག་རྔུ་ཡི་སྒྲ་ཞིག་ཡིན་པས་ཧོང་ཞིན་གྱིས་ཕོ་གསར་ཚོར་དོགས་མི་བདེ་བ་ཞིག་ཏུ་བཏང་།
ད་དུང་ཧོང་ཞིན་པོས་མགོ་བོ་ལག་པ་གཉིས་ཀྱིས་སྐྱོར་བ་དང་བསྡམས་པ་སོགས་སྣ་ཚོགས་བྱེད། འཕག་ཚགས་ཡང་ཡང་བརྒྱབ་པའི་མཐར་ཨག་སྐད་ཅིག་བསྒྲགས་པ་དང་འཁོར་ལོ་ལས་མཆོངས་ནས་ས་ལ་བསྒྱེལ། བཀྲ་ཤིས་སོགས་ཕོ་གསར་བཞི་བོས་ཁོ་རུབ་ནས་སྐྱོར། ཧོང་ཞིན་དབུགས་ཆད་ནས་དེ་མ་ཐག་ཤི་བ་རེད། ཁོ་ཚོས་ཧོང་ཟིན་པོའི་རོ་ལ་བརྟག་ཚེ་ཁོ་སྔས་ནས་ཤི་ཟིན་འདུག་བ་ཚོར། ཁོ་ཚོ་མི་བཞི་བོ་སྐྲག་ཐག་ཆོད་ནས་ཅི་བྱ་བརྟོལ་མེད་དུ་གྱུར། རྐང་ལག་སོགས་ཀྱང་འདར་བཞིན་ཡོད། མཐར་ཁོ་ཚོས་རྒྱ་རོ་དེ་དྲུད་ནས་ལམ་འགྲམ་དུ་སྐྱེལ།
ཁོས་ཚོས་ཅི་བྱེད་ལ་གྲོས་བསྡུར་སྣ་ཚོགས་བྱས་པ་རེད། ལོ་ཆུང་ཤས་དེ་སྐྲག་ནས་ཁ་ཡང་གྲགས་ཐུབ་ཀྱི་མེད་པར་ངུ་ལ་ཁད་བྱེད། ཁོ་ཚོ་ལ་ཁག་ཡོད་མ་རེད། མི་བསད་ན་མི་ཚབ་ལ་མི་དང་སྲོག་ཚབ་ལ་སྲོག་འགྲོ་དགོས་པ་དེ་རྒྱ་ནག་གི་སྲིད་ཇུས་རེད། ། ཁོ་ཚོས་རྒྱ་རྒན་འདི་བསད་པ་མིན་པའི་བདེན་དཔང་ནི་མེད། གཅིག་བྱས་ན་མ་ཉེས་ཁ་གཡོག་འཐེབས་ནས་བཙོན་ཁང་དུ་འགྲོ་དགོས་པ་མ་ཟད་ཚེ་སྲོག་ཀྱང་ཤོར་སྲིད།
བསམ་བློ་དང་གྲོས་བསྡུར་མང་བོ་བྱས་མཐར་ཁོ་ཚོས་རང་ཉིད་རྐུ་མ་ཡིན་པ་གསང་མ་ཐུབ། རྒྱ་རྒན་དེ་ལམ་ནས་ཤི་ཚུལ་དྲང་མོར་བཤད་རྒྱུར་ཐག་བཅད་པ་རེད། ཁོ་ཚོས་ཤིང་ལེབ་དང་འཁོར་ལོ་སོགས་ས་དེར་བསྐྱུར་ནས་ཐད་ཀར་རྫོང་ཉེན་རྟོག་ལས་ཁུངས་ལ་སོང་བ་རེད། སོང་ནས་ཁོ་ཚོས་གནས་ཚུལ་ངོ་མ་ཅི་ཡིན་གོང་རིམ་ལ་ཡར་ཞུས་བྱས་པ་རེད།
འདི་ཕལ་ཆེར་ཁྲི་ཀ་ས་ཆ་ནས་བྱུང་བའི་དོན་དག་ཅིག་རེད། འདི་ངས་ཕ་ཡུལ་ནས་ཐོས་མྱོང་།
སྒྲུང་འདི་གོ་མྱོང་། འདི་ཁྲི་ཀ་ས་ཆ་ནས་བྱུང་བ་རེད་ཟེར།
ངོ་མ་ཡིན་ན་སྙིང་རྗེ། གར་ལྟར་ཡག་པོ་ཞེ་དྲག་བྲིས་ག་ང་འདུག་་་མུ་འཐུད་ལ་སྒུག་བསྡད་ཡོད་
འདི་དག་ངས་ཀྱང་ཐོས་མྱོང་། ༡༩༤༩ ལོར་དེ་མ་རེད། ༡༩༥༩ ཡིན་པར་དྲན་ནོ། །
ལྷ་འདྲེ་ལ་དགའ་བའི་བོོད་པ་ཁག་ཅིག་གི་རྟོགས་བཟོ་འམ་རྣམ་རྟོག་གིས་བཟོས་བའི་བཅོས་སྒྲུང་ལས་དངོས་ཡོད་དང་བར་ཐག་ཧ་ཅང་རིང་། བདེན་པ་མིན་པའི་གནད་དོོན་འདི་དག་བདེན་པ་ལྟར་སྤེལ་བ་ནི་མིའི་གོ་རྟོགས་སེལ་བར་འགོག་རྐྱེན་དུ་འགྲོ་བར་སེམས། གལ་སྲིད་བདེན་པ་ཡིན་ན། ཁོ་རྒྱ་རྒན་ཚོ་ལ་སྣང་དགོས་བ་ལས་བོད་པ་ཚོ་ལ་སྣང་དགོས་མེད་ལ། བོད་མི་ནི་ཁོ་གསོད་མཁན་མ་རེད། བོད་པའི་ལུང་ཁུག་དག་ནས་ལྷ་འདྲེ་ཡི་གཏམ་རྒྱུད་ཚར་དུ་མེད། བོད་པ་ལ་དེ་འདྲེ་ལྷ་མང་དགོས་བའི་རྒྱུ་མཚན་ཅི་ཡིན་ནམ། དེ་ནི་གནའ་བོའི་འདུ་ཤེས་ཆེ་བའི་དབང་གིས་ཡིན་ཞིང་། ལྷ་འདྲེའི་བསྟན་བཅོས་ནི་བོད་མི་མི་མང་པོ་ཞིག་གི་ཁ་ཟས་དང་འབྲེལ་བ་ཡོད་པས་རེད་འདོད།
གང་ལྟར་དགེ་འདུན་གྱིས་གོ་ཐོས་བཞིན་བྲིས་བ་ཡིན་ན་ཐུགས་རྗེ་ཆེ། སྒྲུང་གཏམ་འདིའི་བོད་མི་རིགས་ཀྱིས་ད་དུང་ཡང་ལྷ་འདྲེ་ལ་བཅང་བའི་བརྩེ་དུང་མཚོན་པས་ཡིན།
ངས་ནི་སྒྲུང་འདིའི་ཁ་བྱང་ལ་བལྟས་ཏེ་དགྲ་ཤ་ཞེ་པོ་ཞིག་བླངས་ཡོད་འགྲོ་བསམས་ནས་ཞིབ་ཚགས་པོས་བཀླགས་མོད། འདིར་ཧོང་ཞིན་ཁོ་རང་གསོད་མཁན་ལ་དགྲ་ཤ་ལེན་རྒྱུ་ཕར་ཞོག་དོན་མེད་མི་གཞན་ལ་འཇིགས་སྐུལ་ཡག་ཐག་ཆོད་ཅིག་བྱས་འདུག རེད་དེ་སྒྲུང་གི་ཁ་བྱང་དེ་འདྲ་བྲིས་འདུག་པ་ནི་རྩོམ་འབྲིའི་ཤེས་བྱར་སྦྱངས་གོམས་ཁྱོན་ནས་མེད་པའི་རྟགས་ལས་ཅི།
དགེ་འདུན་རྒྱ་མཚོས་འདྲེ་སྒྲུང་སྙན་མོ་རྐྱང་བྲིས་བཞིན་འདུག རྗེས་སུ་ཡི་རང་ཡོད། ལྷ་དང་འདྲེ་ཟེར་བ་འདི་རྟོག་བཟོ་ཙམ་མ་ཡིན་པར་དངོས་ཡོད་གནས་ཚུལ་རེད། སོ་སོས་མ་མཐོང་ན་མེད་པའི་ཁྱབ་པ་ཡོད་པ་མ་རེད། སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཁས་མི་ལེན་མཁན་ལུང་བ་དག་ན་འདྲེ་སྒྲུང་མང་བོ་བཤད་རྒྱུ་འདུག འདི་དག་ནི་རྟོག་བཟོ་ཙམ་མ་ཡིན་པར་གང་ཟག་སྒེར་བ་རེ་གཉིས་གྱིས་དངོས་སུ་མཐོང་གི་ཡོད་པ་མ་ཟད་ཕན་ཚུན་ལ་འབྲེལ་བ་ཡང་བྱེད་ཐུབ་ཚོད་འདུག
རྩོམ་པ་པོར་དགོངས་དག་ཞུ་རྒྱུར། ངས་ཁ་བྱང་ངོས་ཀྱི་(ཚན་པ་དང་པོ།)ཞེས་པའི་ཡིག་འབྲུ་དེར་ཡག་པོ་མ་བལྟས་པར་ཧོལ་རྒྱུག་བྱས་ཏེ་མཆན་རྒྱག་ནོར་ཤོར་འདུག
གཞན་ལ་འདྲེ་མང་ཡང་བོད་ལ་མང་མང་ཞིག་མེད་ཅིང་། ཡོད་པ་ལས་མང་ཤོས་ཀྱང་གནའ་བོས་ཆོས་སྲིད་འབྲེལ་གྱི་ལྷ་འདྲེས་དབང་སྒྱུར་དང་འབྲེལ་བ་ཡོད་ལ། མང་ཤོས་དེ་ཡིི་གཏམ་རྒྱུད་ད་དུང་ཡང་ལྷག་ཡོད། དེ་མ་གཏོགས་དེང་རབས་ཀྱི་སྤྱི་ཚོགས་ནང་འབྲེལ་གྱི་བཤད་རྒྱུན་ཉུང་ལ། བོད་དང་བསྡུར་ན་ཧ་ཅང་གི་ཉུང་། དེ་འང་སྣ་གོམས་ཀྱི་བག་ཆགས་ཞུགས་པའི་སྐྱེས་པོ་རྣམས་རེད། གནའ་གོམས་ཀྱི་ལྷ་འདྲེའི་བག་ཆགས་ཞུགས་པའི་སྐྱེས་པོ་རྣམས་ནི་ནམ་ཡང་གཞན་གྱི་ལག་གཡོག་ཡིན།
ནོར་བཅོས།
གཞན་ལ་འདྲེ་མང་ཡང་བོད་ལ་མང་མང་ཞིག་མེད་ཅིང་། ཡོད་པ་ལས་མང་ཤོས་ཀྱང་གནའ་བོའི་ཆོས་སྲིད་འབྲེལ་གྱི་ལྷ་འདྲེས་དབང་སྒྱུར་དང་འབྲེལ་བ་ཡོད་ལ། དེ་དག་ལས་མང་ཤོས་ནི་གནའ་བོའ་ིགཏམ་རྒྱུད་ལྷག་པའི་ལྷག་རོ་ཡིན། དེ་མ་གཏོགས་དེང་རབས་ཀྱི་སྤྱི་ཚོགས་ནང་དེ་འབྲེལ་གྱི་བཤད་རྒྱུན་ཉུང་ལ། བོད་དང་བསྡུར་ན་ཧ་ཅང་གི་ཉུང་། ཡོད་པ་དེ་ཚོའང་གནའ་གོམས་ཀྱི་བག་ཆགས་ཞུགས་པའི་སྐྱེས་པོ་རྣམས་རེད། གནའ་གོམས་ཀྱི་ལྷ་འདྲེའི་བག་ཆགས་ཞུགས་པའི་སྐྱེས་པོ་རྣམས་ནི་ནམ་ཡང་གཞན་གྱི་ལག་གཡོག་ཡིན། ཚེ་གང་ལྷ་འདྲེའི་བྲན་གཡོག་རེད།
ཨ་ནུ་བསོད་ཐང་ལགས། ཆོས་སེམས་དང་ཡིད་ཆེ་མེད་དུས་ལྷ་འདྲེ་ཡང་མེད་པ་ལྟ་བུར་སྣང་། འོན་ཀྱང་ལྷ་འདྲེ་མེད་པ་མ་ཡིན། འདྲེ་ཡང་ང་ཚོའི་མི་དང་འདྲ་བར་གཞན་ལ་བརྟུན་ཤེས་མཁན་ཞིག་ཡིན་ཕྱིར། གང་དང་གང་ལ་ཡིད་ཆེ་མེད་ན་དེ་དང་དེ་རུ་སྣང་གི་མེད། ང་ནི་ལྷ་དང་འདྲེ་ལ་ཡིད་ཆེ་ཡོད་པས། སྣང་སྲིད་ཐམས་ཅད་ལྷ་འདྲེར་སྣང་། ཇི་སྐད་དུ། གཟུགས་མེད་སེམས་ཅན་མཐོང་ཙ་ན། གཟུགས་ཡོད་སེམས་ཅན་སྲིད་པ་ཙམ། གཟུགས་ཡོད་སེམས་མཐོང་ཙ་ན། མི་ལུས་ཐོབ་པ་སྲིད་པ་ཙམ། མི་ལུས་ཐོབ་པ་མཐོང་ཙ་ན། དལ་འབྱོར་ལྡན་པ་སྲིད་པ་ཙམ། དལ་འབྱོར་ལྡན་པ་མཐོང་ཙ་ན། དགེ་བ་མཐར་ཕྱིན་སྲིད་པ་ཙམ། ཞེས་ཟེར་བ་བཞིན། གཟུགས་མེད་ནི་ས་ཆེན་པོ་རྡུལ་གྲངས་ལས་ཀྱང་མང་བའོ། འདྲེ་ནི་གཟུགས་མེད་ཀྱི་ཆར་གཏོགས་པའི་སེམས་ཅན་ཞིག་ཡིན།།
ཡིད་ཆེས། བཅོས་རོགས།
ཚན་པ་གཉིས་བ་མགྱོགས་པོར་མ་བཤད་དུས། རྒྱ་འདྲེ་འདི་ཚོས་ཤི་ན་གསོན་ན་ཡང་། བོད་མི་ཚོ་ལ་སྐྲག་འཇིགས་སྤྲད་པར་ཁོང་ཁྲོ་རབ་ཏུ་འབར་སོང་།
ངས་གཟུགས་མེད་ཀྱི་སེམས་ཅན་མེད་པ་འདོད་ཀྱི་མེད། འདྲེ་ཡང་མེད་པ་འདོད་ཀྱི་མེད། འོན་ཀྱང་། འདྲེ་ལའམ་གཟུགས་མེད་ཀྱི་སེམས་ཅན་ལ་གོང་དུ་བཤད་པ་ལྟ་བུ་ནུས་བ་མེད་པ་འདོད་ཀྱི་ཡོད།
༡༽ འདས་བའི་ལོ་མང་པོའི་རིང་དུ་བོད་པ་ཚོ་ལྷ་འདྲེའི་རྟོག་སྒྲུང་གིས་འདུལ་ཤིང་སྐྱོང་བས། རྒྱ་ནག་ཡོང་སྐབས་བོད་མི་མང་བོ་ཞིག་མེ་མདའ་ལས་ལྷ་འདྲེ་ལ་ཡིད་ཆེས་ཡོད། ཐ་ན་མི་དམག་རྒྱག་མི་དགོས་བ་ལྷ་དམག་གམ་འདྲེ་དམག་གིས་རྒྱ་ནག་ཕམ་རྒྱུའི་རེ་བ་བཅང་། འོན་ཀྱང་། སྐྱོབས་མཁན་་བྱུང་མེད། གནས་ཚུལ་དེས་འདྲེ་དམག་གམ་ལྷ་དམག་ཟེར་བ་ཞིག་མེད་པའི་བདེན་དཔང་བྱས་བས་ལྷ་འདྲེའི་ལུགས་སྲོལ་གྱིས་བོད་པ་དབང་སྒྱུར་བྱེད་མཁན་རྣམས་ལ་ངོ་ཚ་ཁ་སྐྱེང་བཟོས་ཡོད། གནས་ཚུལ་དེས་ཤེས་ལྡན་གྱི་བོད་མི་མང་པོ་ཞིག་ལྷ་འདྲེའི་བཀག་རྒྱ་ལས་གྲོལ་ཐུབ་ཡོད། ཡིན་ཡང་། ད་དུང་ཡང་ལྷ་འདྲེའི་བཅོས་སྒྲུང་གིས་མི་མང་མགོ་སྐོར་བཏང་ཤིང་། ཡོང་འབབ་གསག་མཁན་ཡོད་པས་དེ་ཚོ་ནི་སྤྱི་ཚོགས་ཀྱི་བཀག་རྡོ་རེད།
༢༽བོད་ལ་ལྷ་འདྲེ་མང་བ་ལས་གཞན་ལ་དེ་ལྟར་མང་པོ་མེད། བོད་མི་ཚོ་ལ་ལྷ་འདྲེ་མཐོང་མཁན་མང་པ་ལས་གཞན་ལ་དེ་ལྟར་མང་པོ་མི་འདུག བོད་མིའི་མི་འབོར་གཞན་ལས་ཉུང་ཡང་ལྷ་འདྲེ་མཐོང་མཁན་གཞན་ལས་མང་། ག་རེ་བྱས་ནས་ཡིན་ནམ། དེ་ནི་བོད་མི་ཚོ་རྣམ་རྟོག་ཆེ་ཞིང་གོ་རྟོགས་མ་སེལ་བས་འདྲེ་སྒྲུང་རྣམས་བདེན་དུ་རློམས་པས་སྐྱག་རྫུན་མཁན་ཚོ་དང་རྣམ་རྟོག་ཅན། ༼ཚད་རྒལ་གྱི་རྣམ་རྟོག་ཅན༽ ཤེས་བ་རྣལ་དུ་མེད་མཁན་ཚོ་ལ་གོ་སྐབས་སྤྲད་པས་རེད། གནས་ཚུལ་རྫུན་མ་འདི་འདྲ་ཞིག་བདེན་པ་འདོད་ཚེ་རྨོངས་རྟགས་ལས་གཞན་གྱི་འགྲེལ་བཤད་མེད། གོང་གི་ལྷ་འདྲེ་གདོན་དགག་གི་ལུང་ཚིག་དེ་ནི་རྙིང་རྒྱུ་མང་དྲགས་ཤིང་རྙིང་དྲི་ཁ་བས་ཤེས་ལྡན་སུ་ཞིག་གིས་ད་ལྟ་ཉོ་མཁན་མེད།