བོང་སྟག་རི་ལུ། བོད།
ཁྱེད་ཀྱིས་ངའི་འབར་འབུར་གྱི་སྒལ་ཚིགས་འདིར་གནས་ཚང་བཅས་ནས་མི་ལོ་ག་ཙམ་འགོར་སོང༌།
ཁྱེད་ཀྱིས་ངའི་ལྷད་མེད་ཀྱི་ཟུང་ཁྲག་འདི་ཧུབ་ཀྱིས་རྔུབས་ནས་མི་ལོ་ག་ཙམ་འགོར་སོང༌།
དང་པོ་དང་པོ་ཙ་ན།
ང་ཡང་ཨ་མའི་མངལ་ནས་ལྷུང་དུས།
ངའི་རང་ལུས་དྲོན་མོ་འདི་རྨ་ཁའི་མ་རེག་པའི་མི་ལུས་གཙང་མ་ཞིག་ཡིན།
ངའི་ཡུམ་སྐད་དྭངས་མོ་དེ་ལྷད་ཀྱིས་མ་གོས་པའི་རྫ་ཆུ་བསིལ་མ་ཞིག་ཡིན།
དེ་དུས། དྲིན་ཆེན་གྱི་ཨ་མས་ཀྱང༌།
མཐོ་མཐོ་ཡི་སོག་པ་ལེབ་མོ་འདི་ཁྱེད་ཀྱི་རྒྱབ་རི་ཡིན་གསུངས་མྱོང༌།
འབར་འབུར་གྱི་སྒལ་ཚིགས་ནར་མོ་འདི་ཁྱེད་ཀྱི་བགྲོད་ལམ་ཡིན་གསུངས་མྱོང༌།
བགྲོད་བྱེད་ཀྱི་རྐང་ཟུང་བདེ་མོ་འདི་ཁྱེད་ཀྱི་ཁ་ཕྱོགས་ཡིན་གསུངས་མྱོང༌།
སྐབས་དེར། སྣང་བ་མཐོ་མཐོ་ཡི་ངས་ཀྱང༌།
རང་ཉིད་ལ་རྒྱབ་རི་ཞིག་ཡོད་བསམ་མྱོང༌།
རང་ཉིད་ལ་གནས་ཚང་ཞིག་ཡོད་བསམ་མྱོང༌།
རང་ཉིད་ལ་ཁ་ཕྱོགས་ཤིག་ཡོད་བསམ་མྱོང༌།
དེ་བས། ངས་གཞན་གྱི་མདུན་ནས།
སྒུར་སླ་བའི་མགོ་བོ་དེ་ནང་དུ་བསྒུར་མ་མྱོང་ལ།
བཀུམ་སླ་བའི་སྒྱིད་པ་དེ་ནང་དུ་བཀུག་མ་མྱོང༌།
ཁྱེད་དང་འུ་གཉིས་ཀྱི་བར་ན་ཤ་འཁོན་ཅི་ཡང་མེད་བསམ་མྱོང༌།
ཁྱེད་དང་འུ་གཉིས་ཀྱི་བར་ན་རྩོད་གླེང་ཅི་ཡང་མེད་བསམ་མྱོང༌།
དེ་བས།
ངས་ཁྱེད་ལ་ཡིད་ཆེས་ཡོད་ཚད་བཅོལ་བས།
ཁྱེད་རང་ངའི་རྐང་འོག་ནས་ཆས་ཏེ་སྐྲ་གསེང་དུ་འཛུལ་སོང༌།
དེ་རིང༌། ཕྲ་མཐོང་ཆུ་ཤེལ་གྱི་མདུན་ནས།
ངས་རང་ཉིད་ཀྱི་ཉམ་ཐག་པའི་ལུས་པོ་མཐོང་དུས།
སུ་ཞིག་གིས་ང་ཤ་སྐམ་རུས་སྐམ་དུ་བཏང་བ་མཐོང་བྱུང༌།
སུ་ཞིག་གིས་ང་ཤ་ཉོག་རུས་ཉོག་དུ་བཏང་བ་མཐོང་བྱུང༌།
ཁྱེད་ཀྱིས་ང་ལ་སྲུང་སྐྱོབ་གནང་ནས།
ངའི་སོག་པ་ལེབ་མོ་དེ་ཟོས་ཚར་ལ་ཉེ།
ཁྱེད་ཀྱིས་ང་ལ་བདག་སྐྱོང་གནང་ནས།
ངའི་སྒལ་ཚིགས་འབར་འབུར་དེ་གཅོད་ཚར་ལ་ཉེ།
ཁྱེད་ཀྱིས་ང་ལ་བདེ་སྐྱིད་བསྐྲུན་ནས།
ངའི་ཟུངས་ཁྲག་དྲོན་མོ་དེ་གཞིབས་ཚར་ལ་ཉེ།
ཁྱེད་ཀྱིས་ངའི་ཕྱི་སྲོག་དྲོན་མོ་དེ་བཅད་ཚར་རྗེས།
བེམ་པོ་རིལ་རིལ་དེའི་སྟེང་ནས།
ད་དུང༌། ཁྱིམ་མི་ཡིན་ཟེར་ནས། ད་དུང་གྲོགས་པོ་ཡིན་ཟེར་ནས།
བྲོ་འཁྲབ་པ་མཐོང་བྱུང༌། གླུ་ལེན་པ་ཐོས་བྱུང༌།
སྐབས་དེར།
ཨ་ཁུ་སྨྲ་ར་ཅན་ཚོས་བཤད་ན།
ངའི་ཕ་མེས་ཡང་མེས་ཚོ་ཡང༌།
ཁྱེད་ཀྱིས་ཤ་ཟོས་ཤིང་ཁྲག་གཞིབས་ནས་བཞུད་སོང་ཟེར།
དེ་ལྟ་ན་ཡང༌། ད་ལྟ།
ངའི་བུ་དང་ཚ་བོ་དག་ཀྱང༌།
ཁྱེད་ཀྱིས་རུས་དང་རྐང་བརྡུངས་ནས་ཚར་དུ་འཇུག་རྩིས་ཡོད་དམ།
ཐ་ན། ང་ཡི་ཁ་ཕྱོགས་ཀྱི་བདག་པོ་ཡང་ཁྱེད་རང་ཡིན་ནམ།
དེ་རིང༌། ཕྲ་མཐོང་ཆུ་ཤེལ་གྱི་མདུན་ནས།
ངས་ཀ་ཁ་སུམ་ཅུ་དེ་གསེར་ཡིག་སུམ་ཅུར་སྣང་དུས།
རྒྱ་ཤིག་ཆུང་ཆུང་དེ་ཚོས་ངའི་རང་ལུས་དང་ཤ་ཁྲག་གཞིབས་བཞིན་པ་མཐོང་བྱུང༌།
ངའི་སྐྱོ་གདུང་དང་མིག་ཆུ་འཐུང་བཞིན་པ་ངས་ཤེས་བྱུང༌།
ངའི་བེམ་པོ་ཆུང་ཆུང་དེ་རྡོག་རྫིས་གཏོང་བཞིན།
ངའི་ཤ་དང་རུས་པ་དེ་ལོངས་སུ་སྤྱོད་ཀྱིན་པ་ངས་རྩ་བ་ཤེས་བྱུང༌།
༢༠༠༨ ༥ ༣༠ ཉིན།
ཚོར་བ་ཡོད་པའི་སྙན་ངག་ཅིག གོ་རྒྱུ་ཡོད་པའི་སྙན་ངག་ཅིག
བོད་ཀྱི་དུས་བབ་ལས་རྩོམ་འདི་འདུག ངོ་མ་འདི་སུས་བྲིས་པ་རེད་དམ།
འདི་སྙན་ངག་ཡག་པོ་ཞིག་འདུག