བྱིས་སྒྲུང་གསར་རྩོམ།
ཀླུ་སྨྱོན་ཧེ་རུ་ཀ
བྱིས་པ་ཆུང་ཆུང་ཚོ། དེ་རིང་ངས་ཁྱོད་ཚོར་སྒྲུང་གསར་པ་ཞིག་བཤད་ཀི་ཡིན་ལ། སྒྲུང་འདིའི་མིང་ལ་ཤིང་གི་མི་ལྷ་སར་གནས་སྐོར་དུ་ཕྱིན་པ་ཟེར་གི་ཡོད།
སྔོན་མ་སྔོན་མ་ཞིག་ལ་ས་ཆ་ཞིག་ཏུ་གྲོང་གསེབ་ཅིག་ཡོད་པ་རེད། གྲོང་གསེབ་དེའི་མི་ཚོས་མི་ཚེའི་གཅིག་གི་རིང་ལྷ་སར་གནས་སྐོར་དུ་ཐེངས་གཅིག་འགྲོ་ཐུབ་ན་དེ་ནི་བསོད་ནམས་ཆེན་པོ་ཞིག་ཡིན་པས། ཚེ་འདི་དང་སྐྱེ་བ་རྗེས་མ་གཉིས་ཀར་ཕན་ཐོགས་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀི་ཡོད་པ་རེད། གྲོང་གསེབ་དེའི་ནང་དུ་བཟའ་ཚང་གཉིས་དང་བྱིས་པ་ཞིག ད་དུང་ཤིང་གི་མི་ཞིག་བཅས་ཁྱོན་བསྡོམས་ནང་མི་བཞི་ཡོད་པ་རེད།
ཁོ་ཚོའི་གྲོང་གསེབ་དེའི་ནང་གི་མི་ཚང་ཕྱུག་པོ་མང་ཆེ་བས་རྟ་དང་གཡག་ཞོན་ནས་ལྷ་སར་ཚར་ཁ་ཤས་འགྲོ་མྱོང་བ་དང་། ཁོ་ཚོས་ཤིང་གི་མི་དེའི་ནང་མི་ཚོར། ཁྱོད་ཚོ་ག་རེ་བྱས་ནས་ལྷ་སར་འགྲོ་གི་མེད། ལྷ་སར་ཐེངས་ཤིག་མ་སོང་ན་མི་ལུས་ཐོབ་པ་ཡང་དོན་མེད་རེད། ཁྱོད་ཚོ་ལྷ་སར་ཐེངས་ཅིག་ངེས་པར་དུ་སོང་ཨ་ཞེས་སྐུལ་མ་བྱེད་ཀི་ཡོད་པ་རེད།
ཉི་མ་གཅིག་ཤིང་གི་མི་དེ་ཁྱིམ་མཚེས་ཕྱུག་པོ་ཚང་ཞིག་གི་སྒོ་ཁར་སོང་ནས། སྐུ་མཁྱེན། ང་ཚོར་རྟ་གསུམ་གཡར་རོགས་གནངས། ང་ཚོ་ལྷ་སར་ཐེངས་ཤིག་འགྲོ་རྩིས་ཡོད་ལབ་པར། མི་ཚང་ཕྱུག་པོ་དེའི་ཕ་རྒན་གྱིས་གདོང་པ་ནག་པོ་བསྟན་ཏེ། ང་ཚོར་རྟ་གཡར་རྒྱུ་མེད། ང་ཚོའི་རྟ་ལ་ཤིང་གི་མི་ཞོན་ན་ང་ཚོའི་རྟའི་རྒྱབ་ལ་རྨ་བཟོ་གི་རེད་ལབ་ནས་རྟ་མ་གཡར་བ་རེད།
ཡང་ཤིང་གི་མི་དེ་ཁྱིམ་མཚེས་ཕྱུག་པོ་གཞན་ཞིག་གི་སྒོ་ཁར་སོང་སྟེ། ཐུགས་རྗེས་གཟིགས། ང་ཚོར་གཡག་བཞི་གཡར་རོགས། ང་ཚོ་ལྷ་སར་ཐེངས་ཤིག་འགྲོ་གི་ཡིན་ལབ་པར། ཁྱིིམ་མཚེས་དེའི་མ་རྒན་གྱིས་སྐད་གདངས་དྲག་པོས། ང་ཚོར་གཡག་གཡར་རྒྱུ་མེད། ང་ཚོའི་གཡག་ལ་ཤིང་གི་མི་ཞོན་ནས་ལྷ་སར་སོང་ན་ང་ཚོའི་གཡག་གི་རྒྱབ་ནས་སྤུ་ཚང་མ་བུད་འགྲོ་གི་རེད་ལབ་ནས་གཡག་མ་གཡར་བ་རེད།
དེ་ནས་ཤིང་གི་མི་བཟའ་ཚང་གང་བོས་རྩམ་པ་ཁུག་མ་ཆེན་པོ་ཞིག་གི་གང་དང་ཤ་མར་ཏོག་ཙམ་ཞིག་གྲ་སྒྲིག་བྱས་ཏེ་ལྷ་སར་འགྲོ་བའི་ལམ་དུ་ཆས་པ་རེད། དེ་དུས་དབྱར་ཁ་ཡིན་པས་ཉི་མ་རྟག་པར་ཆར་བ་གཏོང་གི་ཡོད་པ་དང་། ལམ་ཁ་ནས་བཟའ་ཚང་གཉིས་དང་བྱིས་པའི་དུག་ལོག་ཚང་མ་ཆར་བས་རློན་པ་རློན་རྐྱང་བཟོ་གི་ཡོད་པ་རེད། དགོང་མོ་རེ་རེར་བཟའ་ཚང་གཉིས་དང་བྱིས་པ་གཉིད་ཁུག་ཡོད་པའི་སྐབས་སུ། ཤིང་གི་མིས་ཁོ་ཚོའི་དུག་ལོག་རློན་པ་ཚོ་རང་གི་ལུས་སྟེང་དུ་དཔྱངས་ནས་སྐམ་པོ་བཟོ་གི་ཡོད་པ་རེད། རྒྱུ་མཚན་ནི་ཤིང་གི་མིའི་གཟུགས་པོ་ཆ་ཚང་ཤིང་ཡིན་པས་ཆར་བས་དེ་ཙམ་རློན་པ་བཟོ་ཐུབ་ཀི་ཡོད་པ་མ་རེད།
འབྲོག་པ་ཡོད་སའི་ས་ཆ་བརྒྱུད་ནས་འགྲོ་དུས་སུ། འབྲོག་པའི་ཁྱི་ཆེན་པོ་དེ་ཚོས་ཐག་རིང་ནས་ཡོང་བའི་གནས་སྐོར་བ་དེ་ཚོའི་སྒང་ལ་མཆོངས་ཡོང་ནས་བཟའ་གྲབ་བྱེད་པ་དང་སྟབས་མ་ལེགས་ན་སོ་ཡང་རྒྱག་གི་ཡོད་པ་རེད། དེ་དུས་གནས་སྐོར་བ་བཟའ་ཚང་གཉིས་དང་ཁོ་ཚོའི་བྱིས་པ་ཆུང་ཆུང་དེ་སྐྲག་ནས་འདར་སིག་སིག་བྱེད་ཀི་ཡོད་པས། ཐེངས་མ་རེ་རེ་བཞིན་ཤིང་གི་མི་དེ་ཁྱིའི་གདོང་ལ་བུད་ནས་རང་གི་ལུས་པོར་སོ་རྒྱག་གི་འཇུག་གི་ཡོད་པ་དང་། འབྲོག་ཁྱི་དེ་ཚོས་ཤིང་གི་མིའི་ལུས་པོ་སོ་བརྒྱབ་མ་ཐག་རང་རང་གི་སོ་ན་ནས་ཕྱིར་བྲོས་འགྲོ་གི་ཡོད་པ་རེད།
ས་ཆ་མང་པོ་ཞིག་ཏུ་རྒྱུགས་ཆུ་གཏིང་ཟབ་པོ་ཅན་མང་པོ་ཞིག་ལ་ཟམ་པ་ནམ་ཡང་བཙུགས་མེད་པས། གནས་སྐོར་བ་མང་པོ་ཞིག་ཆུ་ལ་བརྒལ་དུས་སྟབས་མ་ལེགས་པར་རྐང་བ་འགྲེད་བརྡར་ཤོར་ནས་ཆུ་ནང་དུ་འགྱེལ་ཏེ་ནམ་ཡང་རྙེད་རྒྱུ་མེད་པ་ཆགས་ཀི་ཡོད་པ་རེད། ཐེངས་མ་རེ་རེ་བཞིན་ཤིང་གི་མིའི་ནང་མི་ཚོ་རྒྱུུགས་ཆུ་ཡོད་ས་ལ་བསླེབས་དུས། ཤིང་གི་མིས་རང་གི་གཟུགས་པོ་དེ་ཆུ་ཕར་ཁ་ཚུར་ཁ་ལ་བསྲིངས་ཏེ་ཟམ་པ་སྟབས་བདེ་བོ་ཞིག་བཟོ་གི་ཡོད་པ་དང་། བཟའ་ཚང་གཉིས་དང་ཕྲུ་གུ་ཆུང་ཆུང་དེ་ཁོའི་སྒལ་བའི་སྟེང་དུ་གོམ་པ་སྤོས་ནས་ཆུའི་ཕ་རོལ་དུ་བསླེབས་ཚར་བ་ན། གཞི་ནས་ཤིང་གི་མི་ཁོ་རང་ཆུ་ལ་བརྒལ་ནས་ཡོང་གི་ཡོད་པ་རེད་ལ། ཆུ་ཆེན་པོ་དང་ཐུག་ན་ཤིང་གི་མི་ཁོ་རང་ཡང་ཆུས་འཁྱེར་གྲབ་བྱེད་ཀི་ཡོད་པ་རེད།
སྐབས་རེར་ལམ་ཁ་དེ་ཆུའི་འགྲམ་ནས་ཐག་རིང་དུ་བསྲིངས་ཡོད་ན། ཤིང་གི་མི་དེ་ཆུ་ནང་བརྒྱུད་ནས་ཡོང་གི་ཡོད་པ་རེད། དེ་ལྟར་བྱས་ནས་ཁོའི་ལུས་སྟེང་གི་ལོ་མ་དེ་ཚོ་རྒྱུན་རིང་པོར་གནས་ཐུབ་ཀི་ཡོད་པ་རེད་ལ། མཚམས་མཚམས་ལ་ཁོའི་ལུས་སྟེང་དུ་ཤིང་ཏོག་ཆུང་ཆུང་དེ་འདྲ་སྐྱེས་ཀི་ཡོད་པ་དང་། ཕྲུ་གུ་ཆུང་ཆུང་དེས་ལག་པ་ཆུང་ཆུང་དེ་ཕར་བསྲིངས་ནས་ཤིང་གི་མི་ལ། ཇོ་ཇོ་ཤིང་གི་མི་ལགས། ངས་ཁྱེད་རང་གི་གཟུགས་པོའི་སྒང་གི་ཤིང་ཏོག་ཟོས་ན་ཨེ་ཆོག་ཅེས་སྐད་ཆ་འདྲི་བ་དང་། ཤིང་གི་མིས་ལམ་སེང་རང་གི་ལུས་པོའི་སྒང་གི་ཤིང་ཏོག་དེ་ཚོའི་ནང་ནས་གཅིག་གཉིས་རེ་བཏོགས་ནས་ཕྲུ་གུ་དེ་ལ་སྤྲོད་ཀྱི་ཡོད་པ་རེད།
ཡང་ས་ཆ་ལ་ལར་བསླེབས་དུས་བྱང་རླུང་དྲག་པོ་གཡུགས་ནས་ཤིང་གི་མིའི་ནང་མི་ཚོ་མདུན་དུ་གོམ་པ་གང་ཡང་སྤོ་མི་ཐུབ་པར་སྡོད་ཀྱིི་ཡོད་པ་དང་། དེ་དུས་ལམ་སེང་ཤིང་གི་མིས་བཟའ་ཚང་གཉིས་དང་བྱིས་པ་ཆུང་ཆུང་དེ་ཁོའི་མདུན་ལ་སྡོད་བཅུག་པ་དང་། ཁོ་རང་རླུང་དྲག་པོའི་མདུན་དུ་འགྲེངས་ནས་ཁོ་ཚོར་སྲུང་སྐྱོབ་བྱེད་ཀི་ཡོད་པ་རེད། དེ་དུས་སྟབས་མི་ལེགས་པར་ཤིང་གི་མིའི་ལུས་སྟེང་གི་ལོ་མ་མང་པོ་ཞིག་རླུང་གིས་འཁྱེར་འགྲོ་གི་ཡོད་པ་རེད། ཡིན་ན་ཡང་ཤིང་གི་མིས་རང་གི་ནང་མི་ཚོ་ཁོའི་ལུས་པོའི་འཁྲིས་ལ་སྦྱར་ནས་བསྡད་ཡོད་པ་མཐོང་དུས་རྒྱང་རིང་དུ་རླུང་གིས་ཁུར་སོང་བའི་ལོ་མ་དེ་ཚོར་ལྟ་བཞིན་སེམས་པ་ཧ་ཅང་སྐྱིད་པོ་ཡོད་པ་རེད།
དབྱར་ཁར་ཚ་བ་ཆེ་དུས། ཤིང་གི་མིའི་ནང་མི་ཚོ་ཉི་མ་ཚ་བོས་བསྲེགས་ཏེ་ཁ་སྐོམ་ཞིང་ཐང་ཆད་པའི་དུས་སུ། ནམ་མཁའ་སྔོ་ཐིང་ཐིང་ཡོད་པ་མ་གཏོགས་སྤྲིན་པ་ཆུང་ཆུང་སེན་མོ་ཙམ་ཞིག་ཀྱང་ནམ་མཁར་འཁོར་གི་མེད་པ་རེད། དེ་དུས་ཤིང་གི་མིས་རང་གི་ཡལ་ག་དང་ལོ་མའི་བསིལ་གྲིབ་འོག་ཏུ་ནང་མི་ཆ་ཚང་སྡོད་དུ་བཅུག་སྟེ་ཁོ་ཚོ་ཉི་མའི་ཚ་གདུང་ལས་སྐྱོབ་ཀི་ཡོད་པ་དང་། ད་དུང་རང་གི་ལུས་སྟེང་གི་ལོ་མ་ལྷེབ་ཆེན་དེ་འདྲ་ཞིག་ཕར་གཡུག་ཚུར་གཡུག་བྱས་ཏེ་བྱིས་པ་ཆུང་ཆུང་དེ་གཉིད་ཁུག་ཐབས་བྱེད་ཀི་ཡོད་པ་རེད།
ཉིན་ཞིག་ཁོང་ཚོ་གྲོང་གསེབ་ཅིག་ལ་བསླེབས་དུས། དེ་ན་ཨ་མ་རྒན་འཁོགས་ཤིག་གིས་རྐང་པ་ཡ་གཅིག་འཁྱོར་བཞིན་འགྲོ་བ་ཞིག་མཐོང་བ་དང་། ཤིང་གི་མིས་ཨ་མ་དེ་ལ། ཁྱེད་རང་དགུང་ལོ་བགྲེས་པའི་སྟེང་དུ་ཞབས་ཡ་གཅིག་ཐང་པོ་མི་འདུག་པས། ད་ནི་ཁྱེད་ལ་འཁར་རྒྱུགས་ཤིག་དགོས་ཀྱི་འདུག་ལབ་པར། ཨ་མ་དེས། མོ་རང་ཧ་ཅང་དབུལ་བོ་ཞིག་ཡིན་པས་འཁར་རྒྱུགས་རྙིང་པ་ཞིག་ཡོད་པ་དེ་ཆག སོང་བའི་ཚབ་ལ་གསར་པ་ཉོ་བའི་དངུལ་མེད་ཅེས་བརྗོད། དེ་ནས་ཤིང་གི་མིས་ཨ་མ་རྒན་འཁོགས་དེ་ལ་སྙིང་རྗེ་ཆེན་པོ་ཞིག་སྐྱེས་ནས་རང་གི་གཟུགས་པོའི་སྒང་ནས་འཁར་རྒྱུགས་ཤིག་གི་ཚད་ལོངས་པ་ཞིག་དྲས་ཏེ་ཨ་མ་རྒན་མོ་དེར་འཁར་རྒྱུགས་ཡག་པོ་ཞིག་བཟོས་ནས་སྤྲད་པས། རྒན་མོ་དེ་དགའ་དྲགས་ནས་མིག་ནས་མཆི་མ་བཞུར་བཞིན་ཤིང་གི་མི་ལ་བཀའ་དྲིན་ཆེ་ཞེས་ཚར་མང་པོར་ལབ་པ་རེད།
ཡང་དགུན་ཁ་ཞིག་ཁ་བ་ཆེན་པོ་ཞིག་བབས་ཏེ་ཤིང་གི་མིའི་ནང་མི་ཚོའི་གཟུགས་པོ་གྲང་ངར་གྱི་ཁྲོད་དུ་འཁྱག་རེངས་སུ་འགྲོ་གྲབ་བྱེད་དུས། ཤིང་གི་མིས་ཁོའི་གཟུགས་པོའི་སྟེང་ནས་ཤིང་དུམ་བུ་མང་པོ་ཞིག་གཏུབས་ཏེ་མེ་ལ་བསྲེགས་ནས་ཁོའི་ནང་མི་ཚོའི་སྲོག་སྐྱོབ་ཐབས་བྱས། ཤིང་གི་མིས་དེ་ལྟར་གནམ་གཤིས་གྲང་མོ་ཡིན་པའི་ཉི་མ་མང་པོ་ཞིག་ལ་ཁོའི་ལུས་སྟེང་ནས་ཤིང་གཞོགས་ཏེ་མེ་སྤར་ནས་ཁོའི་ནང་མི་ཚོའི་གཟུགས་པོ་དྲོས་ཐབས་བྱས་པས། ལྷ་སར་བསླེབས་པའི་དུས་དེར་ཤིང་གི་མིའི་གཟུགས་པོ་ཧ་ཅང་ཆུང་ཆུང་ཞིག་ལས་ལྷགས་མེད་པ་རེད།
དེ་ལྟར་ཤིང་གི་མིའི་ནང་མི་ཚོས་རི་ཆུ་མང་པོ་ཞིག་བརྒལ་ནས་ལྷ་སར་བསླེབས་ཤིང་། ལྷ་ས་ནས་ཇོ་བོ་ཡིད་བཞིན་ནོར་བུ་སོགས་རྟེན་རྩ་ཆེན་མང་པོ། པོ་ཏ་ལ་དང་སེ་འབྲས་དགེ་གསུམ་སོགས་དགོན་པ་མང་པོར་མཇལ་ཁ་བྱིན་རླབས་འདོད་པ་ཚིམ་པ་ཞིག་ཞུས་པ་རེད། ཉི་མ་གཅིག་ཁོ་ཚོ་འབྲས་སྤུངས་དགོན་པར་མཆོད་མཇལ་དུ་འགྲོ་དུས། འབྲས་སྤུངས་ཚོགས་ཆེན་མར་གྲོལ་ཡོང་བ་དང་ཁེལ་པས། གྲྭ་པ་སྟོང་ཕྲག་མང་པོ་ཞིག་འུར་ཆེམ་ཆེམ་ཕེབ་ཡོང་བ་དང་། ཤིང་གི་མིའི་ནང་མི་ཚོ་ལམ་གྱི་ཟུར་ཞིག་ཏུ་འགྲེངས་ནས་བསྡད་པ་རེད། སྐབས་དེར་གྲྭ་པ་ཆུང་ཆུང་ཞིག་གིས་མིག་ནས་མཆི་མ་བཞུར་བཞིན་ཁོ་ཚོའི་འཁྲིས་ནས་འགྲོ་གི་ཡོད་པ་དེ་ཤིང་གི་མིས་མཐོང་བ་དང་། ཁོས་གྲྭ་པ་ཆུང་ཆུང་དེ་ངུ་དགོས་པའི་རྒྱུ་མཚན་དྲིས་པས། གྲྭ་ཆུང་དེས་ཁོས་རང་ལ་ཤིང་གི་ཕོར་པ་སྙིང་རྗེ་བོ་ཞིག་ཡོད་པ་དེ་བརླགས་སོང་བས། སང་ཉིན་ཚོགས་པ་འཚོགས་དུས་ཇ་འཐུང་སྤྱད་དང་རྩམ་པ་བཟའ་སྤྱད་མེད་པར་སེམས་ཁྲལ་ཆེན་པོ་བྱེད་ཀི་ཡོད་ལུགས་བརྗོད་པ་རེད། དེ་ནས་ཤིང་གི་མི་དེས་གྲྭ་པ་ཆུང་ཆུང་དེ་སྙིང་རྗེས་ནས་ཁོ་ཁྲིད་དེ་ཤིང་བཟོ་ཞིག་གི་རྩ་ལ་སོང་སྟེ། ཤིང་གི་མི་ཁོ་རང་གི་གཟུགས་པོ་ཆུང་ཆུང་དེས་གྲྭ་པ་ཆུང་ཆུང་དེ་ལ་ཤིང་ཕོར་ཞིག་བཟོ་རོགས་ལབ་པ་རེད། སྐབས་དེར་ཤིང་གི་མིའི་ནང་མི་ཚང་མ་དང་ཁྱད་པར་དུ་ཕྲུ་གུ་ཆུང་ཆུང་དེ་སེམས་པ་ཧ་ཅང་སྐྱོ་བོ་བྱུང་བ་རེད། དེ་བཞིན་ཤིང་གི་མིའི་སེམས་པ་ཡང་སྐྱོ་བོ་བྱུང་བ་རེད། ཡིན་ན་ཡང་ཤིང་གི་མིས་ཁོའི་ནང་མི་ཚོར། ང་ཚོ་ཐག་རིང་པོ་ནས་དཀའ་ལས་བརྒྱབ་སྟེ་ལྷ་སར་ཇོ་བོ་རིན་པོ་ཆེ་མཇལ་དུ་ཡོང་བའི་དོན་དག་ཚང་མ་འགྲུབ་སོང་བ་རེད། ད་ནི་ང་རང་གྲྭ་པ་ཆུང་ཆུང་འདིའི་ཕོར་པ་ཞིག་ཏུ་གྱུར་ནས་འབྲས་སྤུངས་དགོན་པར་འདུག་འདོད་ཡོད་པས། ཁྱེད་ཚོས་མཆོད་མཇལ་བྱས་ཚར་རྗེས་ག་ལེར་རང་ཡུལ་ལ་ཕེབས་རོགས་གནང་ཞེས་བརྗོད་པས། ཕྲུ་གུ་ཆུང་ཆུང་དེས་ཤིང་གི་མིའི་ལག་པ་ཆུང་ཆུང་དེར་འཇུས་ནས། ཇོ་ཇོ་ཤིང་གི་མི་ལགས། ངས་ནམ་ཡང་ཁྱེད་ཀྱིས་ང་ལ་བཅངས་པའི་བརྩེ་བ་དེ་བརྗེད་ཀྱི་མིན། ང་ཡང་ཆེན་པོ་ཆགས་ན་ཁྱེད་རང་ནང་བཞིན་མི་གཞན་ལ་རོགས་པ་བྱེད་ཀི་ཡིན་ཞེས་ལབ་པ་རེད། དེ་ནས་ཤིང་བཟོ་དེས་ཤིང་གི་མིའི་གཟུགས་པོ་བེད་སྤྱད་དེ་གྲྭ་པ་ཆུང་ཆུང་དེ་ལ་ཤིང་གི་ཕོར་པ་སྙིང་རྗེ་བོ་ཞིག་བཟོས་པ་དང་། གྲྭ་པ་ཆུང་ཆུང་དེས་ཀྱང་ཤིང་གི་ཕོར་བ་ཆུང་ཆུང་དེ་ཁོའི་མི་ཚེ་ཆ་ཚང་ལ་ཇ་འཐུང་བ་དང་རྩམ་པ་བཟའ་བ་སོགས་ལ་བེད་སྤྱད་བཏང་བས། ཤིང་གི་མི་ཡང་གྲྭ་པ་དེ་དང་མཉམ་དུ་མི་ཚེ་སྐྱིད་པོ་ཞེ་དྲགས་བྱུང་བ་རེད།
ཤིང་གི་མིའི་སྒྲུང་དེ་མཚམས་འདི་ནས་མཇུག་རྫོགས་སོང་བ་རེད། གྲོགས་པོ་ཆུང་ཆུང་ཁྱེད་ཚོས་ཀྱང་ཤིང་གི་མི་དེ་ནང་བཞིན་རང་གི་ཡོད་ཚད་བློས་བཏང་ནས་མི་གཞན་ལ་རོགས་རམ་བྱེད་འདོད་ཡོད་དམ། ཁྱོད་ཚོས་ཤིང་གི་མིའི་སྒྲུང་འདི་ཁྱོད་ཚོའི་མི་ཚེ་གང་བོར་སེམས་ནང་ཉར་ན་ཡང་འགྲིག་གི་རེད། གལ་སྲིད་ཉི་མ་གཅིག་ཁྱོད་ཚོ་ལྷ་སར་ཕྱིན་ཏེ་འབྲས་སྤུངས་དགོན་པར་ཕྱིན་པ་ཡིན་ན། ཁྱོད་ཚོས་ཤིང་གི་མིའི་གཟུགས་པོ་ཡིས་བཟོས་པའི་ཤིང་གི་ཕོར་པ་ཆུང་ཆུང་དེ་མཐོང་ཐུབ་ན་ཡང་ཐང་ལ། དེ་དུས་གྲྭ་པ་ཆུང་ཆུང་དེ་གྲྭ་པ་རྒན་པ་དབུ་སྐྲ་ཚང་མ་དཀར་པོ་ཆགས་ཤིང་ཞལ་རས་དང་ཕྱག་གཉིས་ཀ་གཉེར་མས་ཁེངས་པ་དེ་འདྲ་ཞིག་མཇལ་སྲིད། ཡིན་ན་ཡང་ཁྱོད་ཚོས་སྟབས་ལེགས་ན་གྲྭ་པ་བགྲེས་སོང་དེའི་ཕྱག་ཏུ་ལོ་མང་པོའི་རིང་བེད་སྤྱད་པ་དང་ཕྱིས་བརྡར་བྱས་ནས་འོད་འཚེར་བའི་ཤིང་གི་ཕོར་པ་ཆུང་ཆུང་ཞིག་མཐོང་ཐུབ་ཅིང་། དེ་དུས་ཁྱོད་ཚོས་ཇོ་ཇོ་ཤིང་གི་མི་དེའི་གཞན་ཕན་གྱི་ལྷག་བསམ་དང་རང་ཉིད་གཞན་དོན་དུ་བེད་སྤྱོད་བྱེད་པའི་སྤོབས་པ་ཆེན་པོ་དེ་ཚོ་ངེས་པར་དུ་སེམས་ནང་དྲན་དགོས་ཀྱི་རེད།
—-
བྱིས་སྒྲུང་འདི་ནི་ཁེ་ན་སྒྲར་གནས་སྡོད་རྔ་བ་མཁས་གྲུབ་ལགས་ནས་སྐུལ་མ་གནང་བ་བཞིན་རང་རིགས་བྱིས་པ་ཚོར་ཕན་རེས་བྲིས་པ་ཞིག་ཡིན།
ཤིང་གི་མི་དེ་དེ་འདྲའི་སེམས་བཟང་བ་ལ་ཨང་། གྲྭ་པ་ཆུང་ཆུང་ཞིག་གིས་ཤིང་ཕོར་སྙིང་རྗེ་པོ་ཞིག་བཟུང་བའི་པར་ཞིག་ཡོད་ན་ཇི་འདྲའི་འཚམ་པོ་ཞིག་ཡོངས་རྒྱུ་ལ་འདིར་ནི་བླ་རྒན་འཇིགས་སུ་རུང་བ་ཞིག་གི་ལག་པས་ཤིང་ཕོར་བཟུང་བཞིན་པའི་པར་བཀོད་འདུག
འདི་འདྲའི་པར་གྱིས་བྱིས་པ་ཚོར་འཇིགས་སྣང་སྐྱེ་ས་རེད་དོ།།
གྲྭ་པ་ཆུང་ཆུང་དེས་ཀྱང་ཤིང་གི་ཕོར་བ་ཆུང་ཆུང་དེ་ཁོའི་མི་ཚེ་ཆ་ཚང་ལ་ཇ་འཐུང་བ་དང་རྩམ་པ་བཟའ་བ་སོགས་ལ་བེད་སྤྱད་བཏང་བས། ཤིང་གི་མི་ཡང་གྲྭ་པ་དེ་དང་མཉམ་དུ་མི་ཚེ་སྐྱིད་པོ་ཞེ་དྲགས་བྱུང་བ་རེད། ཚིག་འདི་མི་དྲན་ག ཁྱོད་འདིས་ག་རེ་ཟེར་གི་ཡོད། བྱིས་པ་ཚོ་ལོ་ལོན་ལ་དགའ་ནི་རེད་ལ་ལོ་ལོན་ཡང་བྱིས་པར་དགའ་ནི་རེད། བྱིས་པ་དང་ལོ་ལོན་ལ་འདྲ་ས་མང་ནི་རེད།
ཧ་ཧ། ལོ་རྒས་པའི་སྐབས་ཀྱི་པར་ཡིན་པ་འདྲ། ཡིན་ནའང་ཕོར་པར་ལྟ་དུས་བྱིས་པ་འོ་འཐུང་ཞིག་གི་ཚོད་དུ་འདུག
ཤིང་གི་མི་ཡོད་ན་ཀླུ་སྨྱོན་རང་གི་རྔན་པ་བྱོས།
ཨ་ཁུ་ཀླུ་སྨྱོན་གྱིས་མི་དྲན་དགུ་དྲན་དྲན་ནས་བྱིས་སྒྲུང་ཡག་པོ་ཞིག་བྲིས་འདུག རྗེས་མ་ཡང་འདི་ལྟར་བྱིས་སྒྲུང་སྙན་མོ་དེ་འདྲ་བྲིས་ན་བྱིས་པ་ཚོ་བོད་ཡིག་ལ་དོ་སྣང་བྱེད་པར་ཕན་གྱི་རེད ཨ་ཁུ་ཀླུ་སྨྱོན་ལགས། བྱུང་ན་བྱིས་སྒྲུང་ལེ་ཚན་ཞིག་བཟོ་གནང་སྟེ་ཉིན་རེ་བཞིན་མང་ཉུང་ལ་མ་བལྟོས་པར་བྱིས་སྒྲུང་རེ་བྲིས་ཐུབ་ན་བྱིས་པ་ཚོ་བོད་ཡིག་ལ་སྤྲོ་སྣང་དང་དོ་སྣང་གཉིས་ཀ་ཡོངས་ངེས་པས་དེ་བཞིན་དགོངས་འཇག་ཞུ་རྒྱུ་དང་། ད་དུང་བྱིས་སྒྲུང་བྲིས་སྐབས་ཕལ་སྐད་ཁོ་ནའི་ཐོག་ནས་བྲིས་ན་གོ་བདེ་བས་དེ་བཞིན་ཞུ།།
ཨ་ཁུ་ཀླུ་སྨྱོན་གྱིས་མི་དྲན་དགུ་དྲན་དྲན་ནས་བྱིས་སྒྲུང་ཡག་པོ་ཞིག་བྲིས་འདུག རྗེས་མ་ཡང་འདི་ལྟར་བྱིས་སྒྲུང་སྙན་མོ་དེ་འདྲ་བྲིས་ན་བྱིས་པ་ཚོ་བོད་ཡིག་ལ་དོ་སྣང་བྱེད་པར་ཕན་གྱི་རེད ཨ་ཁུ་ཀླུ་སྨྱོན་ལགས། བྱུང་ན་བྱིས་སྒྲུང་ལེ་ཚན་ཞིག་བཟོ་གནང་སྟེ་ཉིན་རེ་བཞིན་མང་ཉུང་ལ་མ་བལྟོས་པར་བྱིས་སྒྲུང་རེ་བྲིས་ཐུབ་ན་བྱིས་པ་ཚོ་བོད་ཡིག་ལ་སྤྲོ་སྣང་དང་དོ་སྣང་གཉིས་ཀ་ཡོངས་ངེས་པས་དེ་བཞིན་དགོངས་འཇག་ཞུ་རྒྱུ་དང་། ད་དུང་བྱིས་སྒྲུང་བྲིས་སྐབས་ཕལ་སྐད་ཁོ་ནའི་ཐོག་ནས་བྲིས་ན་གོ་བདེ་བས་དེ་བཞིན་ཞུ། རང་རིག་ན་གཞོན་ཚོ་བོད་ཡིག་ཧ་ཅང་སྐྱོ་བས་སྒོ་མང་པོ་ནས་ཡར་རྒྱས་ཀྱི་ཐབས་ལ་འབད་དགོས་ངེས་རེད །།
བྱམས་སེམས་ཅན་གྱི་ཤིང་མི་དེ་ བླ་མ་ཀླུ་སྨོན་ལགས་ཀྱི་མཚོན་བྱེད་རེད། སྒྲུང་སྙན་པོ་འདུག་ཐུགས་རྗེ་ཤིན་དུ་ཆེ།
བྱམས་སེམས་ཅན་གྱི་ཤིང་མི་དེ་ཀླུ་སྨྱོན་མཚོན་བྱེད་ཡིན་ན། འོ་ན་མི་ཚེ་གང་མཉམ་དུ་འགྲོགས་པའི་གྲྭ་པ་ཆུང་ཆུང་དེ་སུ་རེད།
མི་ཡིན་ན་ཤ་ཁྲག་གདོས་བཅས་ཤིག་ཡིན་མི་དགོས། །མེ་ཏོག་ལས་འཁྲུངས་པའི་གུ་རུ་རིན་པོ་ཆེ་དང་། དམ་ཆོས་འདུལ་བའི་ནང་དུ་དགེ་སློང་མ་ཨ་མ་སྐྱོང་མ་ཆུ་ཤིང་སྡོང་བོ་ལས་སྐྱེས་པར་གསུངས་པ་དང་། མཛོད་ལས་མི་ལ་སྐྱེས་གནས་བཞི་ག་ཡོད་པར་གསུངས་ཡོད།
གོང་གི་ཨ་མདོ་བག་ལེབ་ཀྱི་རེ་སྐུལ་དེ་ངས་སེམས་ནང་ཉར་གྱི་ཡིན། གཙོ་བོ་ནི་དུས་ཚོད་ལྷོད་པོ་ཞིག་མེད་པར་དབྱར་ཁ་འདིར་དུས་ཚོད་མང་པོ་ཞིག་མཚོ་འགྲམ་ནས་གཅེར་ཉལ་བྱེད་པར་གཏོང་དགོས་པ་དེ་རེད།
དཔེ་སྙན་པོ་འདུག་ལགས། ཐུགས་རྗེ་ཆེ།
ཨ་ཁུ་ཁོང་གི་གསུང་ནོ་ཅི་མ་བདེན་
མིག་མང་པོ་ལགས། ངས་རྩེད་མཚར་ཚུལ་དུ་དྲི་བ་ཞིག་བཏང་ཡིན། བདེན་འཛིན་འཐུག་པོ་དེ་འདྲ་གནང་དགོས་དོགས་མེད།
སྒྲུང་སྙན་པོ་འདུག དྲན་རྒྱུ་འབོལ་བོ་འདུག ད་དུང་ང་ཚོ་བོད་ཕྲུག་ཚོར་དམིགས་ཏེ་བྱིས་སྒྲུང་མང་ཙམ་འབྲི་རོགས་གནང་། ཐུགས་རྗེ་ཆེ།
བྱིས་སྒྲུང་ཡག་པོ་ཞིག་བྲིས་འདུག བོད་ཀྱི་རིག་མཛོད་ལ་བྱིས་སྒྲུང་གསར་བ་གཅིག་གིས་ཁ་སྣོན་རྒྱག་ཐུབ་པ་རེད། ཀླུ་སྨྱོན་ལ་བཀའ་དྲིན་ཆེ།
མུ་མཐུན་ནས་འདི་ལྟར་འབྲི་ཐུབ་ན་བྱིས་པ་དེ་ཚོའི་བོད་ཡིག་གི་ཤེས་ཚད་ཡར་རྒྱས་འགྲོ་རྒྱུ་དངོས་གནས་ཕན་ཐོགས་ཡོང་ས་རེད། ད་ནང་ཞོག་པ་སྒྲུང་འདི་ངའི་བུ་ལ་ཀློགས་བཅུག་པ་ཡིན། སྤྱིར་བཏང་གི་བོད་ཡིག་ཀློག་རྒྱུ་ཉོབ་སྣང་ཡོང་གི་ཡོད་པ་ངའི་གསལ་བོ་ཤེས་ཀྱི་ཡོད། སྒྲུང་འདི་མགོ་ནས་མཇུག་བར་དུ་་ཀློག་ནའང་་ཉོབ་སྣང་དེ་འདྲ་མི་འདུག
ད་ལྟ་གནས་འདིར་ཞོག་པའི་ཆུ་ཚོད་༧/༣༠རེད།
བྱིས་སྒྲུང་བྲིས་པར་སྙིང་ནས་ཐུགས་རྗེ་ཆེ། འོན་ཀྱང་བྱིས་སྒྲུང་འདིའི་་ནང་ལ་ཨམ་མདོའི་ཡུལ་སྐད་ཏོག་ཙམ་ཤོར་འདུག་པས་དེས་བྱིས་པའི་གོ་དོན་ལ་ཕོག་ཐུག་འགྲོ་ནས་བོད་ཡིག་ཀློག་རྒྱུའི་སྤྲོ་སྣང་ལ་འགོག་རྐྱེན་སྤྲད་སྲིད།།
དངོས་གནས་དྲང་གནས་ཁ་ཡོད་ལག་ཡོད་བྱེས་སྒྲུང་སྙན་པོ་ཤིག་འདུག དུས་ཚོད་ཡོད་དུས་ཤིག་ལ་ངས་ཕྲུག་ཚོ་ལ་ཡང་བྱེས་སྒྲུང་བྱེས་སྒྲུང་འབྲི་རོགས་ཅེས་ཞུ་འདོད་བྱུང་
བྱིས་སྒྲུང་ཀློག་མཁན་ཨ་མདོའི་ཕྲུ་གུ་ཡོད་པ་མ་རེད་པས།
བྱིས་སྒྲུག་ཡག་པོ་བྲིས་འདུག་ སྔགས་པ་ལགས་ཀྱིས་རང་གི་མ་འོངས་བྱིས་པ་ཚོར་བྱིས་སྒྲུང་ཡང་སྒྲ་སྒྲིག་བྱས་ཚར་འདུག ཕ་མ་བྱེད་འདོད་ན་འདི་འདྲ་བྱེད་དགོས་རེད། འོན་ཀྱང་གནའ་མ་འཚོལ་སྐབས་ཟབ་ཟབ་མ་བྱས་ན་མགོ་བསྐོར་འོག་ཚུད་ངེས། ཁ་སྔོན་བཞིན་དུ།
སྒྲུང་འདི་མུ་སྦྲེལ་བཟོས་ནས་ཕ་ཡུལ་ཚགས་པར་སྟེང་བཀོད་ན་ཡག་པོ་འདུག
བརྡ་སྤྲོད་དང་རྦད་དེ་འགལ་བསྡད་འདུག
མེ་ཏོག་དཀར་པོ་ལགས། ངའི་གཞི་བཅོལ་ས་ཚན་རིག་དང་ནང་བསྟན་ཡིན་ལགས། འགལ་མེ་འཁོར་བ་ལ་ཅི་ཆ།
བླ་མ་ཀླུ་སྨྱོན་རིན་པོ་ཆེ་ལགས། ཁྱེད་ཀྱི་བྱིས་སྒྲུང་དེ་ཧ་ཅང་སྙན་མོ་བྱུང་། སྙན་པ་ཙམ་དུ་མ་ཟད་བྱིས་པ་ཚོ་མཚར་ལོང་འབྱུང་བཞིན་པའི་དུས་སུ་ཡ་རབ་བཟང་སྤྱོད་ཕྱོགས་སུ་ཁ་འཁྲིད་པར་ནུས་པ་མི་དམན་པ་ཞིག་ཡོད་ཐག་ཆོད་རེད། སྐབས་དོན་ཞུ་རྒྱུ་ཞིག་ལ། བདག་གིས་འདིར་ལོ་རེ་བཞིན་བྱིས་པའི་སློབ་དེབ་ཞིག་བསྒྲིག་གིན་ཡོད་པས་ཁྱེད་ཀྱི་བྱིས་སྒྲུང་དེ་སློབ་དེབ་སྟེང་བཀོད་ན་འགྲིག་གི་རེད་བས། གལ་ཏེ་ཉིད་ལ་མོས་མཐུན་ཡོད་ན་བདག་གི་བྱིས་པའི་སློབ་དེབ་སྟེང་ཉིད་ཀྱི་བྱིས་སྒྲུང་ཆེད་འགོད་བྱེད་འདོད་ཡོད། འབྲུ་ཤུག་ནས། གུས་འདུད་བཅས།
བྱིས་སྒྲུང་ཡིན་ཡང་རྩོམ་པ་པོ་རང་གི་དགོངས་གཞི་གང་ལ་དམིགས་ནས་བྲིས་པ་དེ་ངོས་འཛིན་ཐུབ་དགོས།
ངས་བལྟས་ན་ཤིང་གི་མི་དེ་ནི་༸གོང་ས་མཆོག་ཡིན་ལ་ཕྲུ་གུ་དང་ནང་མི་དེ་ཚོ་བོད་ཀྱི་འབངས་མི་སེར་རྣམས་རེད།
ཨ་མ་རྒན་ཁོག་དེ་ཡུལ་གྲུ་གཞན་གྱི་མ་རྒན་སེམས་ཅན་རྣམས་རེད། དགོན་པ་དེ་ནི་ནང་བསྟན་གྱི་འབྱུང་ཁུང་དང་གྲྭ་ཆུང་དེ་བསྟན་བདག་བཅོམ་ལྡན་འདས་ལ་གོ་དགོས། ཤིང་ཕོར་དེས་ཚེ་གང་བསྟན་པར་བྱ་བ་བྱས་པར་གོ་རྒྱུ་ཡིན་ལ་མདོར་ན་༸གོང་ས་མཆོག་གིས་བསྟན་པ་དང་འགྲོ་བའི་དོན་དུ་མཛད་འཕྲིན་རྒྱ་ཆེར་གནང་བར་གོ་རྒྱུ་ཡིན་པ་འདྲ།
བྱིས་སྒྲུང་ཞིག་འབྲི་ན་སྨྱུ་གུ་ཐོགས་ཚད་ཀྱིས་འབྲི་རྒྱུ་མི་འདུག་ཡ། ཚིག་འབྲུ་རེ་རེ་ནས་བསམ་བློ་གཏོང་དགོས་ཀྱི་འདུག དཔེར་ན།
“གྲོང་གསེབ་དེའི་མི་ཚོས་མི་ཚེའི་གཅིག་གི་རིང་ལྷ་སར་གནས་སྐོར་དུ་ཐེངས་གཅིག་འགྲོ་ཐུབ་ན་དེ་ནི་བསོད་ནམས་ཆེན་པོ་ཞིག་ཡིན་པས། ཚེ་འདི་དང་སྐྱེ་བ་རྗེས་མ་གཉིས་ཀར་ཕན་ཐོགས་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀི་ཡོད་པ་རེད།”
ཚིག་གྲུབ་འདི་རིང་དྲགས་པ་རེད།
འདིའི་ནང་གི་བརྡ་སྤྲོད་ཀྱི་ཕྲད་མང་དྲགས་པ་རེད།
ཚེ་འདི་དང་སྐྱེ་བ་རྗེས་མ་ཞེས་པ་དེ་ལྟ་བའི་ཆ་ནས་མཐོ་དྲགས་པ་རེད།
དེས་ན་འདི་བྱིས་པ་རྒན་པ་སོ་སོ་སྐྱེ་བོ་ཞེས་པ་དེའི་སྒྲུང་ཞིག་ལས་བྱིས་པ་ཆུང་ཆུང་ཡི་གེ་ཀློག་བཏུབ་ལ་མི་བཏུབ་པའི་ཚད་རྣམས་ལ་རན་པོ་ཞིག་མཐོང་གི་མི་འདུག འདི་ལ་དགོངས་བཞེས་གནང་རོགས། ང་ཚོའི་ “ཕ་ཡུལ་”སོགས་ཀྱི་བརྙན་དེབ་རྣམས་ཀྱང་ཚིག་འབྲུ་འདི་འདྲ་བ་དག་གིས་ཁེངས་ནས་ “བྱིས་སྒྲུང་”ཡག་པོ་ཞིག་ཡོང་གི་མི་འདུག བསམ་ཚུལ་དུ་ཕུལ་བ་ཡིན།
ཀླུ་སྨྱོན་ལགས། བྱས་སྒྲུང་འདི་འདྲ་དངོས་ནས་བཟང་བོ་རེད། ལྷག་པར་ཡོང་སྒོ་དང་སྙན་གྲགས་ལ་མ་བལྟས་པར་དང་ལེན་ཐོག་བྲིས་པ་དཀའ་དྲིན་ཤིན་ཏུ་ཆེ། ནང་དོན་དང་སྡེབ་སྦྱོར་གང་ཡིན་་ན་་འོས་མཚམས་་རེད།
ཧ་ཅང་སྙིང་རྗེ་པོ་འདུག
བཅོས་སྒྲུང་ཡིན་པ་ཤེས་བཞིན་དུ་ཡང་ཤིང་གི་མི་དེ་ལ་སྙིང་རྗེ་འདྲ་ཞིག་སྐྱེས་སོང།
སྒྱུ་རྩལ་གྱི་ནུས་པ་ཟེར་བ་དེ་སྤྱིར་བཏང་བསམ་གྱིས་མི་ཁྱབ་པ་ཞིག་རེད་འདུག
ང་ལ་ཡང་ཉེ་ཆར་ཐའེ་ཝན་པ་ཞིག་གིས་བོད་དང་འབྲེལ་བའི་བྱིས་སྒྲུང་ཞིག་བོད་སྒྱུར་བྱ་རྒྱུར་སྤྲད་སོང་། ཟླ་བ་འདིའི་ནང་ལ་འཛོམས་དགོས་ཀྱི་ཡོད། ད་དུང་ལག་པ་འཆང་མེད་དོ
ནང་དོན་ཏག་ཏག་འདི་འདྲ་ཞིག་དགོས་པ་ལས་ཐད་སྒྱུར་དགོས་ཀྱི་མེད་པས་ངས་ཀླུ་སྨོན་ལས་ཏོག་ཙམ་རེ་རྐུ་ན་ཐང་།
ཤུག་པ་ལགས། ངའི་བྱིས་སྒྲུང་དེ་ཁྱེད་ཀྱིས་དེབ་གང་ཞིག་ཏུ་འདྲེན་བཀོད་བྱས་ཀྱང་ཆོག་མཆན་འབུལ་གྱི་ཡིན། འོན་ཀྱང་འཛམ་གླིང་སྤྱི་སྲོལ་བཞིན་རྩོམ་པ་པོའི་མིང་དང་སྒྲུང་ལ་བཅོས་སྒྱུར་མི་བྱེད་པའི་རྩ་དོན་དེ་ཡང་ཐུགས་འཇག་ཞུ།
བཀྲ་ཤིས་ལགས། ཉིད་ཀྱི་དགོངས་འཆར་དེ་ཡང་སེམས་ལ་ཉར་གི་ཡིན། ངས་དང་པོར་སྒྲུང་དེ་ཁ་སྐད་རྐྱང་བའི་ལམ་ནས་བྲིས་ཀྱང་སྐུལ་བ་པོས་སྤྱི་སྐད་ཀྱང་དགོས་གསུངས་པས་གཉིས་ཀ་འདྲེས་མའི་ཚུལ་དུ་བྲིས་པ་ཡིན་ལ། དེང་སྐབས་བོད་གཞུང་སློབ་གྲྭར་འགྲོ་བཞིན་པའི་བྱིས་པ་འདི་ཚོས་སྐྱེ་བ་སྔ་ཕྱི་ཟེར་དུས་ཏོག་ཙམ་མགོ་ཚོས་ཀྱི་འདུག
ཤིང་གི་མི་རྒན་དེ་ལའང་ཕྱོགས་རིས་ཆེན་པོ་འདུག
སྔར་རྒན་མོ་ཞིག་ལ་མཁར་རྒྱུག་ཞིག་དགོས་པ་དེ་ལ་མཁར་རྒྱུག་དེ་ཤིང་གི་མི་ཁོ་རང་གིས་བཟོས་ནས་སྤྲད་འདུག་ཀྱང། རྗེས་སུ་གྲྭ་ཆུང་རྣམ་པ་མཛེས་སྡུག་ཅན་དེ་ལ་ཤིང་ཕོར་ཞིག་ཁོ་རང་རང་གིས་མ་བཟོས་པར་ཤིང་བཟོ་མཁས་པ་ཞིག་ལ་ཤིང་པོར་ཡག་པོ་ཞིག་བཟོ་རུ་བཅུག་སྟེ་སྦྱིན་འདུག དེ་འདྲའི་གྲྭ་ཆུང་ལ་ཆགས་དོན་གང་ཡིན་ནམ། ཡང་ན་སྒྲུང་རྩོམ་མཁན་རང་ཉིད་ཀྱི་བསམ་ཚུལ་ཤུགས་ཆེ་བའི་སྐྱོན་མིན་འགྲོ། ཨ་ལགས་སྐུ་རྩེད་ཞུས་ཡིན་དཱ།
སྒྲུང་དེ་སྙན་པོ་ཞེ་དྲག་འདུག དེ་རིང་ངས་ང་རང་གི་བུ་ཆུང་དེ་ལ་ཚར་གཅིག་བཀླགས་པས། ང་ཡི་བུ་ཆུང་དེ་ཡིས། པ་ལགས་ང་ལ་དེ་སྔོན་སྒྲུང་ཤོད་མཁན་མང་པོར་བྱུང། སྒྲུང་དེ་དག་ཚང་མ་ལ་ཐ་མ་འཇུག་སྡོམ་ཡག་པོ་ཞིག་གནང་གི་འདུག་དེ་རིང་གི་སྒྲུང་དེ་ལ་འཇུག་སྡོམ་མི་འདུག་ཟེར། ངས་འཇུག་སྡོམ་འདུག འཇུག་སྡོམ་གཞན་ལ་ཕན་འདོགས་བྱེད་དགོས་རབས་བཤད་མི་འདུག་པས། ཟེར་དུས། མ་རེད་པ་ལགས། སྒྲུང་དེ་ཡི་འཇུག་སྡོམ་ནི་ཤིང་གི་མི་དང་ཁོ་ཡི་རོགས་པ་ཚོ་མར་རང་ཡུལ་དུ་ལོག་སྟེ་ཁྱིམ་མཚེས་ཕྱུག་པོ་དེ་ཚོར་ཁོང་ཚོས་རྟ་གཡག་མ་གཡར་ཀྱང་ཁོང་ཚོས་གནས་ཆེན་ལྷ་ས་བསྐོར་བའི་བྱེད་བྱས་ངོམ་དགོས་ཀྱི་འདུག་དེ་མི་འདུག་གཱ། ཞེས་བཤད་བྱུང་ང་ཡང་འགྲེལ་བཤད་རྒྱབ་རྒྱུ་མ་རྙེད་ནས་ལུས་སོང། མེ་འཁོར་ནང་དུ་ཞུས་དག་མ་བྱས་པར་བློ་བུར་དུ་བཏང་ཡོད་པས་དག་ནོར་བྱུང་ན་དགོངས་འགལ་མེད་པར་ཞུ།
བོད་ཀྱི་རྩམ་དྲི་བྲོ་ཞིང་བྱིས་པའི་བློ་ཁ་དང་འཚམས་པའི་སྒྲུང་རྩོམ་ཡག་པོ་ཞིག་བྲིས་འདུག ཐུགས་རྗེ་ཆེ། འདིའི་ཐད་འུ་ཚོ་ཕྱི་རྒྱལ་བ་ཚོ་དང་བསྡུར་ན་ཧ་ཅང་རྗེས་ལུས་ཀྱི་རྣམ་པ་དོད་པར་མཐོང་།
ཀླུ་སྨྱོན་ལགས། བྱིས་སྒྲུང་སྙན་པོ་ཞེ་དྲག་བྲིས་གནང་མཛད་འདུག་པའི་ཧ་ཅང་དགའ་བོ་བྱུང་། བཙན་བྱོལ་སྤྱི་ཚོགས་ནང་དུ་བྱིས་སྒྲུང་འབྲི་མཁན་ཧ་ཅང་དཀོན་པས། ཁྱེད་ཀྱི་མུ་མཐུད་དེ་བྱིས་པའི་སེམས་ཁམས་དང་མཐུན་པའི་བྱིས་སྒྲུང་མང་ཙམ་འདོན་སྤེལ་གནང་རོགས། ལྷག་པར་དུ་བྱིས་སྒྲུང་དེ་དག་མ་འོངས་པ་དེབ་གཟུགས་སུ་བཀོད་ནས་འགྲེམས་སྤེལ་གནང་ཐུབ་ཚེ་ང་ཚོའི་ན་གཞོན་རྣམས་ལ་ཕན་ཐོགས་ཡོང་བ་འདུག་པའི་རེ་སྐུལ་ཚུལ་དུ།
བོད་མི་རིགས་ནི་སྒྲུང་ལ་དགའ་བའི་མི་རིགས་ཤིག་རེད་ལ་མི་རྒན་ཚོ་བྱིས་སྒྲུང་ལ་དགའ་བའི་མི་རིགས་ཤིག་ཀྱང་རེད།
ཤིན་ཏུ་ལེགས་ཀླུ་སྨྱོན་ལགས། ཐུགས་རྗེ་ཆེ། བྱིས་སྒྲུང་འདི་བླངས་ནས་བྱིས་སྒྲུང་ཕྱོགས་བསྒྲིགས་སྡེ་ཚན་དུ་བཞག་ཡོད།
ལ་སྟོད་བུ་ལགས་ཤིང་གི་མི་དེས་ལམ་ཐག་རིང་པོར་བརྒྱུད་པའི་རིང་གཞན་ལ་ཕན་རེས་བསམ་པས་ཡལ་ག་རྣམས་བེད་སྤྱད་དེ་གཞན་ལ་རོགས་ཕན་གང་འདྲ་བྱས་འདུག་གམ་མཐར་ལྷ་སར་སླེབས་སྐབས་ཡལ་ག་རྣམས་རྫོགས་ཏེ་ཡན་ལག་མེད་པའི་ཟླུམ་གཟུགས་ཞིག་ལས་མེད་སྟབས་ཁོ་རའི་གཟུགས་པོ་ཤིང་བཟོ་བ་མ་སྤྲད་པར་ཁོ་རང་གིས་ག་འདྲ་བྱ་ནས་གྲྭ་ཆུང་གི་ཕོར་པ་བཟོ་དགོས་རེད་དམ་བསམ་རྣོ་ཞིབ་མོར་གཏོང་དང་།བྱིས་སྒྲུང་ཧ་ཅང་སྙན་མོ་འདུག་ཀླུ་སྨྱོན་ལགས་ཐུགས་རྗེ་ཆེ་མུ་མཐུད་གསར་སྒྲུང་དེ་འདྲ་སྤེལ་ཐབ་ན་དགེ་ཚན་འདུག
དོ་དགོང་ནས་རིག་གསར་གྱི་འཚོ་བ་མཚོན་པའི་ཟློས་གར་འཁྲབ་གཞུང་”ལྷ་འདྲེ་གདོན་བགེགས་”ཞེས་པ་ཞིག་འབྲི་མགོ་བརྩམས་ཟིན་པས། གནས་སྐབས་བྱིས་སྒྲུང་གཞན་འབྲི་ཐུབ་ས་མ་རེད།
བྱིས་སྒྲུང་སྙན་མོ་ཞིག་བྲིས་འདུག
ཡང་ནས་ཡང་དུ་ཀློག་སྙིང་འདོད་པའི་བྱིས་སྒྲུང་། ཚིག་དོན་གཉིས་ཀྱི་ཐད་ནས་དངོས་གནས་ཡིད་དབང་འཕྲོག་པ་ཞིག་རེད། ངས་རང་གི་བུ་ལོ་བཞི་ལོན་པ་ལ་ཐེངས་གསུམ་བཀླགས་ཡོད། ཡར་བསྐྱར་ཀློག་གི་ཡིན། བཀའ་དྲིན་ཆེ།
སྐད་ཡིག་རིག་གནས་དང་བོད་མིའི་འདུ་ཤེས་རྒྱུན་སྐྱོངས་པ་དང་སྲུང་སྐྱོབས་ཀྱི་ལས་དོན་འདི་ལས་ལྷག་པའི་གནང་སྟངས་ཤིག་མི་འདུག། བྱིས་སྒྲུང་འདི་ལ་བརྟེན་ནས་ཕྲན་གྱིས་གཉེར་བའི་གཡག་རྒོད་དྲ་གནས་ཀྱི་ཀློག་མཁན་གྱི་གྲངས་འབོར་ཡང་ཡར་འཕར་སོང་། ཐུགས་རྗེ་ཆེ།
ཨ་ལགས་ཚང་ལ་ཐུགས་རྗེ་ཆེ་ཞུ། ཉིད་ཀྱི་རྩ་དོན་དང་མི་འགལ་ཐག་ཆོད་ཡིན། ད་ཡིན་ན་འགོད་གི་ཡིན་ད།
སྐུ་ཞབས་ཧེ་རུ་ཀ་ལགས། ཁྱེད་ཀྱིས་ཆགས་སྒྲུང་འབྲི་བ་ལས་བྱིས་སྒྲུང་ལ་བྲོ་བ་གང་ཡང་མི་ཁུ་ལགས།