རབ་བྱུང་དང་པོའི་ཤིང་མོ་ལུག་གི་ལོར།། (1055)
རིན་བཟང་འདས་ཤིང་པ་ཚབ་ཉི་གྲགས་དང་།།
ཞང་སྟོན་ཆོས་འབར་འཁྲུངས་ཞེས་ཚེ་ཏན་གསུངས།།
མ་གཅིག་ལབ་སྒྲོན་འཁྲུངས་པའི་གཏམ་ཡང་རྙེད།།
རབ་བྱུང་གཉིས་པའི་ཤིང་མོ་ལུག་གི་ལོར།། (1115)
དར་མ་མདོ་སྡེ་འདས་ཞེས་བཤད་སྲོལ་སྣང་།།
དེས་ན་མི་ལ་མར་པའི་དྲུང་བཞུགས་ནས།།
སློབ་གཉེར་གནང་དགོས་བརྟགས་ཞེས་དུང་དཀར་གསུངས།།
རབ་བྱུང་གསུམ་པའི་ཤིང་མོ་ལུག་གི་ལོར།། (1175)
དགེ་བཤེས་འཆད་ཀ་བ་དང་ཁམས་ལུང་འདས།།
སྤྱན་སྔ་གྲགས་པ་འབྱུང་གནས་འཁྲུངས་གྱུར་ཅིང་།།
བླ་མ་ཞང་གིས་ཚལ་དགོན་བཏབ་ཅེས་བཤད།།
རབ་བྱུང་བཞི་པའི་ཤིང་མོ་ལུག་གི་ལོར།། (1235)
འགྲོ་མགོན་ཆོས་རྒྱལ་འཕགས་པ་འཁྲུངས་པ་དང་།།
རྒྱལ་བ་ཐོག་རྡུགས་གྲགས་པ་བརྩོན་འགྲུས་ཞབས།།
ཕག་གྲུའི་གདན་སར་ཕེབས་ཞེས་ཚེ་ཏན་གསུངས།།
རབ་བྱུང་ལྔ་པའི་ཤིང་མོ་ལུག་གི་ལོར།། (1295)
དཔང་ལོ་བློ་གྲོས་བརྟན་པ་བལ་ཡུལ་ཕེབས།།
དངུལ་ཆུ་ཐོགས་མེད་བཟང་པོ་འཁྲུངས་ཞེས་བཤད།།
ཅོ་ནེ་དཔོན་གྱིས་ཅོ་ནེ་དགོན་ཆེན་བཏབ།།
རྒྱ་ཡི་ཡུལ་དུ་ཡེ་ཤུའི་ཆོས་ལུགས་དར།།
རབ་བྱུང་དྲུག་པའི་ཤིང་མོ་ལུག་གི་ལོར།། (1355)
རྒྱལ་ལྷ་ཁང་པ་བློ་གྲོས་སེང་གེ་ཡིས།།
བསྟན་རྩིས་མདོ་རྒྱུད་ལུང་གསལ་བརྩམས་ཞེས་བཤད།།
རབ་བྱུང་བདུན་པའི་ཤིང་མོ་ལུག་གི་ལོར།། (1415)
ཀརྨ་དེ་བཞིན་གཤེགས་པ་འདས་པ་དང་།།
ཙོང་ཁ་པ་ཡིས་ལམ་རིམ་ཆུང་ངུ་བརྩམས།།
རྒྱལ་བ་དགེ་འདུན་གྲུབ་ཀྱིས་རྗེ་ལ་མཇལ།།
རབ་བྱུང་བརྒྱད་པའི་ཤིང་མོ་ལུག་གི་ལོར།། (1475)
པཎ་ཆེན་བྱམས་གླིང་བསོད་ནམས་རྣམ་རྒྱལ་དང་།།
ཟུར་མཁར་མཉམ་ཉིད་རྡོ་རྗེ་འདས་ཞེས་བཤད།།
ཟུར་མང་བདེ་ཆེན་རྩེ་ཡི་སྒྲུབ་སྡེ་བཏབ།།
རབ་བྱུང་དགུ་བའི་ཤིང་མོ་ལུག་གི་ལོར།། (1535)
རྒྱ་ར་ཆོས་རྒྱམ་དགའ་ལྡན་ཁྲི་ལ་ཕེབས།།
གྲུབ་ཆེན་ཐར་པའི་རྒྱལ་མཚན་འཁྲུངས་ཞེས་གསུངས།།
རབ་བྱུང་བཅུ་པའི་ཤིང་མོ་ལུག་གི་ལོར།། (1595)
སྨན་ལུང་ཁྲ་ཚང་བློ་མཆོག་རྡོ་རྗེ་དང་།།
སྡེ་སྲིད་བསོད་ནམས་རབ་བརྟན་འཁྲུངས་ཞེསགསལ།།
རིན་སྤུངས་འཇིགས་གྲགས་གྲོངས་སྙམ་དུང་དཀར་གསུངས།།
རབ་བྱུང་བཅུ་གཅིག་ཤིང་མོ་ལུག་གི་ལོར།། (1655)
གཏེར་སྟོན་སྟག་ཤམ་བསམ་གཏན་གླིང་པ་འཁྲུངས།།
མཁས་གྲུབ་ཤཱཀྱ་ལྷ་དབང་འདས་ཞེས་བཤད།།
འབྲི་གུང་སྨན་པ་ཚེ་དབང་བསྟན་པ་ཡིས།།
གསོ་རིག་གཅེས་བསྡུས་བརྩམས་ཞེས་དུང་དཀར་གསུངས།།
རབ་བྱུང་བཅུ་གཉིས་ཤིང་མོ་ལུག་གི་ལོར།། (1715)
ཀུན་མཁྱེན་འཇམ་དབྱངས་བཞད་པས་བསྟན་རྩིས་བརྩམས།།
པཎ་ཆེན་དང་ནི་ས་སྐྱ་བདག་ཆེན་གྱིས།།
བོད་འབྲུག་དབར་གྱི་ཆིངས་འགྲིག་མཛད་ཅེས་བཤད།།
རབ་བྱུང་བཅུ་བཞིའི་ཤིང་མོ་ལུག་གི་ལོར།། (1775)
པཎ་ཆེན་དཔལ་ལྡན་ཡེ་ཤེས་ཞབས་ཀྱིས་ནི།།
ཤམ་བྷ་ལ་ཡི་ལམ་ཡིག་བརྩམས་པ་དང་།།
ཧལ་ཧ་རྗེ་བཙུན་དམ་པ་འཁྲུངས་ཞེས་བཤད།།
རབ་བྱུང་བཅོ་ལྔའི་ཤིང་མོ་ལུག་གི་ལོར།། (1835)
ཀུན་མཁྱེན་གསུམ་པས་ཐུའུ་བཀྭན་རབ་ཏུ་བྱུང་།།
སྤོ་བོ་ཀ་གནམ་སྡེ་པར་འཁྲུག་ཅེས་བཤད།།
རབ་བྱུང་བཅུ་དྲུག་ཤིང་མོ་ལུག་གི་ལོར།། (1895)
ཧོས་འཁྲུག་ཕྱི་མ་ལངས་ཞེས་ཚེ་ཏན་གསུངས།།
བཅུ་གསུམ་པ་ཡིས་ལུགས་གཉིས་ཐུགས་འགན་བཞེས།།
མི་ཕམ་ཞབས་ཀྱིས་ལུགས་ཀྱི་བསྟན་བཅོས་བརྩམས།།
རབ་བྱུང་བཅུ་བདུན་ཤིང་མོ་ལུག་གི་ལོར།། (1955)
རྒྱལ་བ་པཎ་ཆེན་རྒྱ་ནས་བོད་དུ་ཕེབས།།
ཚེ་ཏན་ཚང་གིས་མཐུ་བ་དགོན་པ་རུ།།
བླ་མའི་གསུང་འབུམ་པར་དུ་བརྐོས་པར་བཤད།།
མི་ལོ་སྟོང་ཕྲག་ཡུན་གྱི་ལོ་རྒྱུས་ལས།།
ཤིང་མོ་ལུག་གི་བྱུང་བ་འདི་འདྲ་གདའ།།
བསྟན་རྩིས་ཡིག་ཆ་ཁག་ལ་གཞི་བཅོལ་ནས།།
ཡིག་ཆུང་ཐོ་རུ་བཏབ་པ་དགེའོ་ཤིས།།
སྔ་ལོ་དང་འདི་ལོར་འདི་གའི་སློབ་གྲྭ་རུ་རྟེན་འབྲེལ་མཚོན་བྱེད་ཙམ་གྱི་བོད་ལུགས་ལོ་སར་མཛད་སྐབས་ལོ་རྒྱུས་སློབ་དཔོན་སྤེར་ལིང་གིས་རབ་བྱུང་གཅིག་གི་ནང་འཁེལ་བའི་ལོ་ཁམས་འདིའི་བྱུང་བ་རྣམས་ལ་གསལ་བཤད་བྱེད་ཀྱིན་བོད་ཀྱི་ལོ་སར་ངོ་སྤྲོད་བྱས་བྱུང་བ་དེ་ནི་བཟང་བའི་སྲོལ་ཞིག་ཏུ་མཐོང་སྟེ་ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་བསྟན་རྩིས་དང་དུང་དཀར་ཚིག་མཛོད་གཉིས་སུ་ཤིང་མོ་ལུག་གི་ལོའི་རེའུ་མིག་ཏུ་གང་བཀོད་རྣམས་ལས་བཏུས་ནས་འདི་ཉིད་བསྒྲིགས་ཤིང་། འདིར་དཔྱད་ཞིབ་དགོས་ངེས་སྣ་ཚོགས་སྣང་མོད་བསྐྱུར་འཇོག་གིས་བཀོད་པ་ཡིན་ནོ།། ཁ་བྲོ་བཀྲ་ཤིས། ལན་གཅིག་ཞུས།
ཤིང་མོ་ལུག་གི་ལོའི་གལ་ཆེའི་བྱུང་རབས་ལོ་རྒྱུས་ཁག་གཅིག་གསལ་སྟོན་
གནང་བ་བཀྲིན་ཆེ་།
ཤིག་ལུག་གནམ་ལོ་གསར་ཚེས་ལ་བཀྲིས་བདེ་ལེགས་ཞུ་།
ཤིང་མི་ལུག་གི་ལོ་གསར་ལ། །
་
ཤིང་སྣ་ཐམས་ཅད་མགྱོགས་སྨིན་ཤོག །
མོ་རིགས་ཐམས་ཅད་རྒྱལ་བར་ཤོག །
ལུག་ཕྱུགས་ཐམས་ཅད་ཤ་ཤེད་ཤོག །
ཤོང་མོ་ལུག་ལ་བཀྲ་ཤིས་ཤོག །
་
ཀརྡོས་བཀྲ་ཤིས་བདེ་ལེགས་ཞུ། །