ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
ཤིང་སྟག་སིམ་ལའི་ཆིངས་ཡིག་བཞག་ནས་མི་ལོ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩིའི་བགྲོ་གླེང་ལྷན་ཚོགས་གནང་བ།
༄༅།།ཤིང་སྟག་སིམ་ལའི་ཆིངས་ཡིག་བཞག་ནས་མི་ལོ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ཆེད་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གཉིས་ཀྱིས་ཕྱི་ལོ་༢༠༡༤ ཟླ་༧ ཚེས་༣ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་སིམ་ལའི་ཆིངས་ཡིག་ཐོག་བགྲོ་གླེང་ལྷན་ཚོགས་ཤིག་གོ་སྒྲིག་ཞུས་ཡོད། སྐབས་དེར་མཁས་དབང་ཚོས་རྒྱ་གར་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་དེར་འགྱུར་བ་གཏོང་དགོས་པ་མ་ཟད། བོད་ཀྱི་དཀའ་གནད་སེལ་ཆེད་རྒྱ་གར་གཞུང་གིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་རེ་འདུན་ཡང་བཏོན་འདུག དེ་ཡང་སྐབས་དེར་མཁས་དབང་ཚོས་བརྗོད་དོན་ལྟར་ན། ལོ་རྒྱུས་ཐོག་ཡུན་རིང་ནས་བོད་རང་བཙན་གྱི་རྒྱལ་ཁབ་དེ་རྒྱ་གར་གྱི་ཁྱིམ་མཚེས་ཡིན་པ་ལས་རྒྱ་ནག་དང་ནམ་ཡང་མིན། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་དེང་སྐབས་རྒྱ་གར་གཞུང་ནས་བོད་ནང་རྒྱ་ནག་གིས་དབང་བསྒྱུར་བྱེད་བཞིན་པ་དེར་མོས་མཐུན་བྱེད་བཞིན་ཡོད། ཅེས་སོགས་ཀྱི་བསམ་ཚུལ་བཏོན་འདུག
གཞན་ཡང་སྐབས་དེར་དེ་སྔའི་རྒྱ་གར་གཞུང་གི་གསང་བའི་ལས་ཁུངས་ཀྱི་དམིགས་བསལ་འགན་འཛིན་ཟུར་པ་སྐུ་ཞབས་ཨར་ཨེན་ར་ཝི་ R.N. Ravi ལགས་ཀྱིས་གསུང་དོན་ལྟར་ན། བོད་ཀྱི་དཀའ་གནད་མ་སེལ་བར་རྒྱ་དཀར་ནག་གཉིས་གྲོགས་པོ་ཡོང་མི་སྲིད། རྒྱ་ནག་གཞུང་གིས་བོད་མིའི་ཆེ་མཐོང་དང་མངོན་འདོད་རྣམས་ངེས་པར་དུ་བསྒྲུབ་དགོས། ང་ཚོས་རྒྱ་ནག་གཞུང་ལ་དྲན་གསོ་གཏོང་དགོས་པ་ཞིག་ལ་བོད་འདི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་མིན་པར་རྒྱ་གར་རྒྱལ་ནང་གི་གནད་དོན་ཐོག་འབྲེལ་བ་ཧ་ཅང་ཆེན་པོ་ཆགས་ཡོད། ཅེས་གསུངས་པ་མ་ཟད། རྒྱ་གར་བྷི་ཇེ་པི་ཆབ་སྲིད་ཚོགས་པའི་ཚོགས་མི་རྒན་གྲས་སྐུ་ཞབས་མུར་ལི་མ་ནོ་ཧར་ཇོ་ཤི་ Murli Manohar Joshi མཆོག་གིས་གསུང་དོན། དེང་སྐབས་རྒྱ་ནག་གཞུང་གིས་བཙན་དབང་འོག་བོད་ནང་རྒྱ་རིགས་མི་འབོར་ཧ་ཅང་མང་པོ་སྤོ་ཤུགས་བྱེད་བཞིན་ཡོད། དེང་སྐབས་རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་གཏོང་རྒྱུའི་སྲིད་བྱུས་འཛིན་བཞིན་པ་དེར་དུས་རབས་ ༢༡ ནང་རྒྱལ་ཁབ་བསམ་ཤེས་ལྡན་པ་སུས་ཀྱང་ངོས་ལེན་བྱ་ཐབས་རྩ་བ་ནས་མེད། ཅེས་གསུངས།
ལྷན་ཚོགས་སྐབས་མཁས་དབང་མང་ཆེ་བས་དེ་སྔ་ཕྱི་ལོ་ ༡༩༡༣།༡༩༡༤ ལོར་སིམ་ལའི་ཆིངས་ཡིག་འཇོག་སྐབས་བོད་གཞུང་གིས་ཨ་རུ་ནཱ་ཅལ་ནང་རྟ་དབང་ས་ཁུལ་དེ་རྒྱ་གར་དབྱིན་ཇིའི་སྲིད་གཞུང་ལ་སྤྲད་པར་ངོས་འཛིན་གནང་བ་མ་ཟད། རྒྱ་གར་གཞུང་གིས་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་དང་ལྷན་རྩ་དོན་ལྔ་ Panchsheel Agreement ཟེར་བ་དེར་མིང་རྟགས་བཀོད་པ་དེས་རྒྱ་ནག་གིས་བོད་ཐོག་དམག་དཔུང་བཏང་ནས་དྲག་པོས་བཙན་འཛུལ་བྱས་པ་དེ་ཁྲིམས་མཐུན་ཞིག་ལ་ངོས་ལེན་བྱས་པ་ཞིག་ཆགས་ཡོད་པར་ངོས་འཛིན་གནང་འདུག
གཞན་ཡང་སྐབས་དེར་དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་ཝེ་སི་མིན་སི་ཊར་གཙུག་ལག་སློབ་གྲྭའི་སློབ་དཔོན་སྐུ་ཞབས་ཌིབ་ཡེ་ཤི་ཨ་ནནྡཱ་ Dibyesh Anand ལགས་ཀྱིས་གསུང་དོན། རྒྱ་གར་གྱི་བོད་ཐོག་འཛིན་བཞིན་པའི་སྲིད་བྱུས་འདི་དེ་སྔ་དབྱིན་ཇིའི་དབང་བསྒྱུར་འོག་ཡོད་སྐབས་ཀྱི་སྲིད་བྱུས་ནོར་འཁྲུལ་ཅན་དེའི་ཐོག་ཤར་སྐྱོད་བྱེད་བཞིན་ཡོད་པ་ལས་རྒྱ་སྐྱེད་རིང་ལུགས་ཀྱི་བསམ་ཚུལ་དོར་མེད། ཅེས་གསུངས།
ཕྱོགས་མཚུངས་སྐབས་དེར་ཁྲིམས་རྩོད་པ་དང་རྩོམ་པ་པོ་སྐུ་ཞབས་ན་རེ་ཤ་མ་ཐུར་ Naresh Mathurལགས་ཀྱིས་གསུང་དོན། རྒྱ་གར་གཞུང་གིས་སིམ་ལའི་ཆིངས་ཡིག་སྐབས་བོད་དེ་བཞིན་རང་བཙན་རྒྱལ་ཁབ་ཞིག་ཡིན་པ་དེར་རྩིས་འཇོག་གནང་དགོས། གལ་ཏེ་རྒྱ་གར་གཞུང་གིས་བོད་རང་བཙན་ཡིན་པར་ངོས་འཛིན་གནང་མ་ཐུབ་ཚེ། རྟ་དབང་རྒྱ་གར་གྱི་མངའ་ཁོངས་ཡིན་ཟེར་བར་རྒྱུ་མཚན་དེ་ཙམ་ཤོད་ས་རག་གི་མ་རེད། གང་ཡིན་བརྗོད་ན། རྟ་དབང་དེ་སིམ་ལའི་ཆིངས་ཡིག་སྐབས་བོད་རང་བཙན་གྱི་རྒྱལ་ཁབ་གཅིག་ཡིན་པའི་གནས་སྟངས་འོག་རྒྱ་གར་ལ་སྤྲད་པ་ཞིག་ཆགས་ཡོད། ཅེས་གསུངས།
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་དོན། བོད་དེ་བཞིན་ཨེ་ཤི་ཡའི་གླིང་ཆེན་ཡོངས་རྫོགས་ལ་ཧ་ཅང་གལ་ཆེན་པོ་ཞིག་ཆགས་ཡོད་པ་མ་ཟད། ལྷག་པར་ཁོར་ཡུག་དང་ས་བབ་ཆགས་ཚུལ་དང་འབྲེལ་བའི་སྲིད་བྱུས་འཛིན་སྟངས་ཐོག་རྒྱ་གར་ལ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་གསུངས་པ་མ་ཟད། སྲིད་སྐྱོང་མཆོག་གིས་སྐབས་དེར་དབུ་མའི་ལམ་གྱི་སྲིད་བྱུས་འོག་བོད་ཀྱི་གནད་དོན་གསལ་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར་གསུང་དོན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཐོབ་ཐང་སྤྲོད་དགོས། ཞེས་གསུངས།
རྒྱ་གར་གྱི་ཁེ་ཕན་རྒྱ་དམར་རྩ་ཁྲིམས་འོག་ཡོད་མི་སྲིད་པས། ད་རེས་རང་སྲོག་རང་གིས་གཅོད་པའི་སྐད་ཆ་ཁ་ཤས་ལབ་འདུག ཉིན་ཞིག་སྐུ་ངོ་བློ་སེང་བོར་མི་སྲིད་པའང་མ་རེད།
དགྱ་དམར་ནག་དང་། དགྱ་ནག་དམངས་གཙོར་འགྱུར་བའི་རེ་བ་གང་ཞིག་ཡིན་ཡང་། དགྱ་གཞུང་གིས་ཆབ་སྲིད་དང་འབྲེལ་ནས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་སྔར་ལྟར་འགྱུར་བ་འགྲོ་གཞི་ཞིག་ནམ་ཡང་མེད་པར་འདོད། དགྱ་ནག་གིས་བོད་བཙན་བཟུང་བྱས་པའི་གནས་སྟངས་འོག་༧རྒྱལ་བ་རིན་པོ་ཆེའི་དབུས་པའི་བོད་མི་མང་པོ་ཞིག་རྒྱ་གར་ལ་ཆབ་སྲིད་སྐྱབས་བཅོལ་ཆེད་འབྱོར་ཡང་། རྒྱ་གར་གྱིས་དེ་ཡང་གནས་སྐབས་ཀྱི་ཉེན་གཡོལ་ཙམ་ཞིག་ཏུ་མ་གཏོགས། བོད་ལ་དགྱ་ནག་གིས་བཙན་འཛུལ་བྱས་པར་ངོས་ལེན་བྱས་མེད།
བོད་དེ་བཞིན་རྒྱ་གར་ལ་ཧ་ཅང་གལ་ཆེ་ཚུལ་དེ་ཡང་སྔོན་ནས་ད་བར་དུ་གླེང་གླེང་ནས་བསྡད་ཀྱང་། རྒྱ་གར་གཞུང་གིས་སྔ་ཕྱི་བར་གསུམ་དུ་ཕྱི་གསལ་ནང་གསལ་གྱི་སྒོ་ནས་བོད་ཐོག་བཟུང་བའི་སྲིད་ཇུས་དེ་ལ་འགྱུར་བ་གང་ཡང་ཕྱིན་མེད། དོན་དངོས་སུ་རྒྱ་གར་གྱིས་བོད་རང་བཙན་ངོས་ལེན་བྱས་ན་རྒྱ་གར་ལ་སྟབས་བདེ་བོ་མེད་པ་དང་། བོད་རྒྱ་ནག་གི་ཆ་ཤས་སུ་བསྙད་པས་དེ་བས་ཀྱང་རྒྱ་གར་ལ་དཀའ་ངལ་འཕར་མ་ཞིག་ནམ་ཡང་འཕྲད་བསྡད་ཡོད།
དེ་ནས་བཙན་བྱོལ་བོད་ཕྱོགས་ཀྱི་རང་སྐེ་རང་གིས་བསྡམས་པའི་སྲིད་ཇུས་སམ། ཐལ་དྲགས་པའི་དགྱ་བསྟུན་གྱི་སྲིད་ཇུས་འདི་འདྲ་ལ་མཚོན་ན། བོད་དོན་ནི་དགྱ་ནག་ནང་ཁུལ་གྱི་གནད་དོན་ལྟ་བུར་བསྒྱུར་ཟིན་གཤིས། ད་ནི་སིམ་ལའི་ཆིངས་ཡིག་སྐོར་ནས་གླེང་རྒྱུ་ཅི་ཡང་ལྷག་མེད་ཅིང་། དེ་འབྲེལ་སྲིད་སྐྱོང་བློ་སེང་གིས་བརྗོད་དོན་ “བོད་དེ་བཞིན་ཨེ་ཤི་ཡའི་གླིང་ཆེན་ཡོངས་རྫོགས་ལ་ཧ་ཅང་གལ་ཆེན་པོ་ཞིག་ཆགས་ཡོད་པ་མ་ཟད། ལྷག་པར་ཁོར་ཡུག་དང་ས་བབ་ཆགས་ཚུལ་དང་འབྲེལ་བའི་སྲིད་བྱུས་འཛིན་སྟངས་ཐོག་རྒྱ་གར་ལ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།” ཅེས་པ་ནི་འབྲེལ་ཆགས་མེད་པའི་བསྐྱར་ཟློས་འབའ་ཞིག་རེད།
དེ་བས་སྲིད་སྐྱོང་གིས་སྔོན་ཆད་ཁས་འཆེས་ལྟར་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཐབས་ཀྱིས་མཚོན་པའི་བོད་དགྱ་འབྲེལ་མོལ་སྐོར་སོགས་ཐད་ལ་གོམ་པ་མདུན་སྤོ་རྒྱག་རྒྱུ་དེ་དུས་ཐོག་ཆར་བ་ལྟ་བུའི་ཁ་ཚ་དགོས་གཏུག་ཅིག་རེད།