ཚེ་རིང་སྤེན་པ།
ཁ་བའི་འདབ་མ་ལྷབ་ལྷུབ་བབས་རྗེས་སུ།།
ཅེ་སྤྱང་སྨུག་པོས་ཁྲག་གིས་རྗེས་ཤུལ་བཀོད།།
རྐང་ཐང་འགྲིམ་པའི་ཉམ་ཆུང་གཡག་རྫི་ཞིག །
གྲང་དང་འཇིགས་པས་བཟུང་ནས་དྲན་མེད་བརྒྱལ།།
གངས་ཆུ་བསིལ་མོར་ཆགས་པའི་འཇོལ་མོ་ཞིག །
ས་ཁར་བབས་ཀྱང་སྐོམ་ནས་ངུ་ཚུལ་མཐོང་།།
དབང་དང་ཤེད་ཀྱིས་གནོན་པའི་ཚུགས་ཀ་ནས།།
ཡུལ་དེའི་ཕུ་མདའ་དཀྲུག་པའི་ལྟད་མོ་འཁྲབ།།
རྩ་འགོ་སྐྱ་ལ་གྱུར་པའི་ཐང་སྟོང་ནས།།
མ་མོ་ཞིག་གིས་ལྟོགས་ནས་འབའ་སྒྲ་གྲག །
གཡག་རྒན་སྣ་གཅུ་ཅན་ཞིག་བརྒྱུགས་རྗེས་སུ།།
ལུང་པའི་མཁའ་དབྱིངས་ཐལ་བའི་རྡུལ་གྱིས་སྒྲིབ།།
སྐྱ་ཐལ་ཐང་ལ་བཀྲམ་པའི་བོང་བའི་འོག །
ཙི་གུ་ནག་ཆུང་རང་ཚང་སྲུང་ལ་བྲེལ།།
བྲག་དང་ཤིང་རྩ་འདྲེས་པའི་བར་མཚམས་ནས།།
འཕྱི་བ་སྔོན་མོ་ཞིག་གིས་ཆོ་ངེ་འདེབས།།
སྡོང་བུ་མགོ་མེད་ཞིག་གི་རྩེ་མོ་ན།།
སྐྱ་ག་ཁྲ་མོ་འགའ་ཡིས་རླུང་བུ་འགམ།།
གཤོག་སྒྲོ་དར་གྱིས་བཅིངས་པའི་ལས་དབང་གིས།།
ཡུལ་འཁོར་སྟོང་པར་འགྱུར་བའི་ལོ་རྒྱུས་འབྲི།།
༢༠༡༣།༠༧།༡༥ ཉིན།