བོད ལྷ་ཀླུ་གཉན་གསུམ།
བལྟས་བལྟས་དུས ད་གཟོད་ཤུན་པགས་ཤིག་རེད
ཡིན་ཡང་ དེ་ལ་གཅེས་པའི་སྣང་བ་འདི
དེ་འདྲའི་ལྕི་མོ་ཞིག རྒས་ན་ཡང་
ཚོར་བ་ནི་འགྱུར་སླ་བའི་ངང་ཚུལ་མེད་པར
མདུན་ནས་རྒྱབ རྒྱབ་ནས་གཞུག
བར་དང་གཏིང་འོག་མེད་པར་ནུར་བཞིན་འདུག
ངལ་རྩོལ་གྱིས་བར་གསེང་དུ
དཀའ་ཚེགས་ཀྱི་ལོ་ཟླའི་ཁྲོད
ཐ་ན མཚན་མོའི་རྨིས་པའི་རྨི་ལམ་གྱི་ཁྲོད
ཤུན་པགས་དེ་ནི་དེ་འདྲའི་ཡིད་དུ་འོང་བ་ཞིག
དོན་དངོས་སུ ཤུན་པགས་ནི་སྐྱི་མོ་རེད
སྐྱི་གཉེར་གྱི་འགྱུར་བ་ནི སྐད་ཅིག་མ་རེད
སྐད་ཅིག་མས་ང་ལ་གང་ཞིག་བསྐྲུན་ཡོད
ངས་ད་གཟོད སྐད་ཆ་ཁམ་བཀང་
དུས་ད་ལྟ་བར་དུ་ཡག་པོ་ཞིག་མ་འཁྱོང་
ཟ་རྒྱུ་རུམ་བཀང་མེད་པར
བཤད་རྒྱུ་ནི་རིའི་རྒྱལ་བོ་རི་རབ
ཁང་ཁྱིམ་དང་ས་གཞི
འདས་མ་ད་གསུམ སྐྱེ་རྒ་ན་འཆི
སང་འགྲོ་ནངས་འགྲོ་མི་ངེས་པའི་ལུས་པོ་འདི
མཚམས་རེར་དགོད་བྲོ་བོ་ཞིག
ཤུན་པགས་དེ་སྲུང་མཁན་གྱི་གཏོར་གཟུགས་ཤིག
ནམ་ཞིག བྱ་ཁྭ་ཏའི་མི་ཟ་བའི་གཏོར་མ་ལྟ་བུ་དེ་ནི
ཤུན་འཔག་དེ་ཡིན་སྲིད་ཀྱང་
ད་དུང་བློས་མི་གཏོང་བ་དེ་ནི
དེ་ཉིད་ཁོ་ནར་གྱུར་ཡོད
མི་ནི་ང་དང་འདྲ་བར་ཉིན་མཚན་མེད་པར
ཤུན་པགས་ཁོ་ནར་དུངས་མཁན་དུ་གྱུར་དོན་ཅི་ཡིན