རྔ་བ་རྒྱལ་ཁམས་པ།
ང་རང་ཁང་བའི་ནང་ན་གནས་ཀྱང་ང་ཡི་སྣང་བརྙན་ཕྱི་ལ་འཕྲོ།།
ཆར་རླུང་དྲག་པོས་རྡུང་བའི་ལྕང་ལོ་མར་མར་ང་ཡི་ལུས་སྟེང་འཐོར།།
གནམ་བདག་ཁྲོས་པའི་གློག་ཞགས་མ་འཁྱུགས་གློག་གི་ཕྲེང་བ་ཆེམ་ཆེམ་གཡོ།།
ཐོག་ཕིབས་བརྡོལ་བའི་ཆར་གྱི་ཐིགས་རྒྱུན་བུ་མོས་གཅིན་པ་གཏོང་བ་འདྲ།།
ལྷུང་ལྷུང་འབབ་པའི་ཆར་སྤྲིན་དབུས་ནས་ནམ་མཁའ་དྭངས་མོའི་འོད་ཅིག་བཙལ།།
ལྡེམ་ལྡེམ་གཡོ་བའི་སྡོང་ལོའི་གསེབ་ནས་མཁའ་དབྱིངས་སྐྱ་མོ་རེ་འགར་མཐོང་།།
ལོ་ཟླ་ཞགས་དུས་བརྩི་བའི་ཁྲོད་ན་སྐྱེ་ཞིང་འཇིག་པའི་འཇིག་རྟེན་འདི།།
གང་ནས་བྱུང་ངམ་གང་དུ་འགྲོའམ་ད་ལྟ་དངོས་གནས་གང་དུ་གནས།།
སྣང་སྲིད་སློང་བའི་སྲོག་ཤིང་བཙལ་བས་ཅི་ཡང་མ་རྙེད་ང་ཡི་སེམས།།
སྔངས་ཤིང་སྐྲག་སྟེ་ད་ཀོ་འདི་ནི་ཅི་ཞིག་ཡིན་སྙམ་གདུང་བ་ན།།
སྐྱོབ་པའི་མགོན་དང་དཔུང་གཉེན་མ་མཆིས་རང་ཉིད་རང་ལ་བརྟེན་མཐོང་ནས།།
བྱེད་དང་མི་བྱེད་ཆོས་དང་འཇིག་རྟེན་སེམས་ཁ་གསོ་བའི་སྐྱོ་རོགས་ཙམ།།
འཇའ་ཚོན་རི་མོ་དེངས་པའི་རྗེས་སུ་དེ་ཡི་ཤུལ་ན་དབྱིངས་ཤིག་ལྷག།
བསྐལ་བའི་འཇིག་རྟེན་རྡུལ་དུ་དག་རྗེས་དེ་ཡི་ཤུལ་ནའང་དབྱིངས་ཤིག་ལྷག།
རྒྱུ་དང་མི་རྒྱུ་རྟེན་སའི་དབྱིངས་འདི་ང་ཚོའི་ཁྱིམ་གཞིར་ཅིའི་ཕྱིར་གྲུབ།།
རྟག་བརྟན་མི་འགྱུར་རྡོ་རྗེའི་དབྱིངས་ཁྱོད་གཟུགས་བརྙན་མེད་པའི་རི་མོ་མཁན།།
བཤད་པའི་ཆོས་ལ་ཉན་འདོད་མི་འདུག་བཤད་བཤད་མཐའ་མ་བྲག་ཅ་ཞིག།
བྲིས་པའི་ཡི་གེ་ཀློག་འདོད་མི་འདུག་བཀླགས་ནས་རྙེད་པ་སེམ་ཚོར་ཙམ།།
སྒྲུབ་པའི་ཆོས་ལ་དོ་སྣང་མི་འདུག་སྒྲུབ་སྒྲུབ་ཚང་མ་འཁོར་བའི་གཞི།།
ད་ནི་ཆོས་ཉིད་གནམ་གྱི་རྒྱལ་མོའི་འོ་མ་ནུ་བཞིན་གཉིད་ན་དགའ།།
དུས་ཀྱི་འཁོར་ལོ་ཐག་ཐག་རྒྱུ་བཞིན་སྣང་སྲིད་སྐྱེ་འཇིག་གློག་ལྟར་མྱུར།།
སེམས་ཁའི་དགའ་སྡུག་སྟ་གྲི་ངར་མས་ཁྱོད་དང་ང་ཡི་སྙིང་རྩ་བྲེག།
ཕན་གནོད་ཞི་དྲག་གང་ཞིག་བྱས་ཀྱང་རང་གཤིས་རྣལ་མར་འཕོ་འགྱུར་མེད།།
སྐྱེ་བའི་དངོས་པོ་སེམས་དང་བྲལ་བ་ང་ཚོ་འཚོ་བའི་གཞི་མར་རྟོགས།།
བཅུད་ཀྱི་སེམས་ཅན་གསོ་བའི་དོན་དུ་སྣོད་ཀྱི་འཇིག་རྟེན་བྱུང་ཞེས་གླེང།།
བདག་འཛིན་མེད་པའི་སྣོད་ཀྱི་འཇིག་རྟེན་རིན་ཆེན་སྤུངས་པའི་གན་མཛོད་ནང་།།
གསོད་གཏུབ་རུས་པའི་རི་རབ་སྤུངས་ཤིང་དམེ་འཁྲུག་ཁྲག་གི་རྒྱ་མཚོ་ལྟེམ།།
མི་གཙང་སྣ་དགུ་བག་མེད་དོར་ཏེ་རིན་ཆེན་ཕུང་བོ་ཚོད་མེད་བརྙས།།
ད་ནི་གནམ་གཤིས་ཁད་ཀྱིས་དྭངས་སོང་མཐིང་མདོག་མཁའ་དབྱིངས་སྔོ་ཐང་ཐང་།།
སྣ་ཚོགས་ཚོན་ལྡན་སྟོན་ཁའི་ཤིང་ལོར་དྲོག་འཇམ་ཉི་མའི་འོད་ཟེར་མཛེས།།
ཁོ་ཧྥེ་ཚ་བོ་ཁད་ཀྱིས་འཐུང་བཞིན་སྐད་ཅིག་རྩེག་མའི་འཇིག་རྟེན་འདིར།།
འཚོ་བའི་དེ་རིང་དོན་ཡོད་བྱ་ཕྱིར་རང་སེམས་སྐྱིད་པའི་གླུ་ཞིག་ལེན།།
2015/10/30
བུ་མོའི་གཅིན་པས་ཆུ་ཐིགས།།
སྙན་ངག་རླན་གྱིས་སྦངས་སོང་།།
སྟོནད་ཀའི་ཤིང་ལོ་བབ་དུས། །
རང་མགོའི་སྐྲ་ལོ་དྲན་བྱུང་། །
ཆར་རླུང་དྲག་པོས་རྡུང་དུས། །
འཆི་བདག་འཁྱག་རོམ་དྲན་བྱུང་། །
ཐོས་བསམ་བྱེད་བགྱིན་བྱེད་བགྱིན། །
རང་བརྒྱུད་འདུལ་བགྱིན་འདུལ་བགྱིན། །
ཞི་གནས་རྟ་མཆོག་བཞོན་ནས། །
ལྷག་མཐོང་མཁའ་ལ་འཕུར་དང་། །
བགྱི་བགྱིད་བགྱིན་གསུམ།
ཐོས་བསམ་དཔེ་ཀློག་བྱེད་བགྱིན་བྱེད་བགྱིན། །
རང་བརྒྱུད་སེམས་དང་སྦྱར་བགྱིན་སྦྱར་བགྱིན། །
ཞི་གནས་རྟ་མཆོག་བཞོན་བགྱིན་བཞོན་བགྱིན། །
ལྷག་མཐོང་མཁའ་ལ་འཕུར་བགྱིན་འཕུར་བགྱིན། །
གིན་ཀྱིན་གྱིན་ཡིན་འིན་བགྱིན་འབྲི་བགྱིན། །
བོད་ཡིག་འབྲི་སྟངས་གསར་གཏོད་བྱེད་བགྱིན། །
མ་འོངས་ད་ལྟ་བྱེད་བཞིན་གསུམ་ལ། །
བགྱི་བགྱིད་བགྱིན་གྱིས་མི་ཚེ་རྫོགས་བགྱིན། །