རེ་མདོ་སེངྒེ།
༄༅།། དེ་རིང་ཕྱི་དྲོ་ལས་ཁུངས་ནས་ཕྱིར་གྲྭ་ཤག་ཏུ་སླེབས་རྗེས་བཙན་བྱོལ་ནང་གི་མཁས་པ་རྒན་གྲས་སྐུ་ངོ་སྣར་སྐྱིད་ངག་དབང་དོན་འགྲུབ་ལགས་ཉེ་ཆར་དགོངས་པ་རྫོགས་པའི་གནས་ཚུལ་ཐོས་པས་ཕངས་སེམས་ཆེན་པོ་བྱུང་ཡང་། རང་བཞིན་གྱིས་གཏན་འཁེལ་བའི་ཆོས་ཉིད་འདི་ལ་སུ་ཡིས་ཀྱང་འགོག་ཐབས་བྲལ་བའི་གནས་ལུགས་ཀྱིས་རང་ཉིད་ལ་སེམས་གསོ་བྱས་ན་མ་གཏོགས་གཞན་པའི་བྱེད་ཐབས་གང་ཡང་མ་མཆིས། སྔོན་མ་སྐུ་ངོ་ཁོང་གི་བགྲོ་གླེང་གསུང་བཤད་འགའ་ཤས་ལ་བཅར་མྱོང་། སྐུ་ངོ་ཁོང་སེམས་ཤུགས་དང་ལྷག་བསམ་ཆེན་པོ་ཅན་ཡིན་པར་མ་ཟད། ཞལ་ཞེ་གཉིས་མེད་ཀྱིས་སྤྱི་དོན་ལ་འགན་ཁུར་ལེན་མཁན་ཞིག་ཡིན་པའི་ངོས་འཛིན་གཏིང་ཟབ་བྱུང་།
ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་བོད་ཡིག་ཐོག་བསྐྱར་སྒྲིག་བྱེད་པའི་སྐབས། སྐུ་ངོ་སྣར་སྐྱིད་ལགས་ཀྱིས་༸རྒྱལ་བ་རིན་པོ་ཆེ་དང་གཞུང་གི་བཀའ་འབྲེལ་ལྟར་ལས་རོགས་གནང་མྱོང་བའི་སྐོར་སྐུ་ངོ་ཁོང་གིས་ཕྲན་ལ་དངོས་སུ་གསུངས་མྱོང་ལ། དེ་བཞིན་ཁོང་ཉི་ཧོང་དུ་བཞུགས་པའི་སྐོར་དང། སྐབས་དེར་ཁོང་གིས་འཛུབ་གནོན་ལྕགས་པར་གྱི་ཡིག་འབྲུ་ཐོག་མར་བསྒྲིགས་པའི་སྐོར། བོད་གཞུང་ཕྱི་དྲིལ་ལྷན་ཁང་དུ་དདྲུང་ཆེའི་མཛད་འགན་བཞེས་པའི་སྐོར། བཙན་བྱོལ་བོད་མིའི་རྩ་ཁྲིམས་ཀྱི་ཟིན་བྲིས་ཐོག་མར་འགོད་མཁན་སྐུ་ངོ་ཁོ་རང་ཡིན་པ་སོགས་སྐུ་ཚེའི་ལོ་རྒྱུས་མང་པོ་ཞིག་མང་པོ་ཞིག་ཕྲན་ལ་གསུངས་པ་ད་ལྟ་གསལ་པོ་དྲན་གྱི་འདུག་ལ། སྐབས་ཤིག་སྐུ་ངོ་སྣར་སྐྱིད་ཁོང་ཕྱི་རྒྱལ་ཞིག་ཏུ་དབྱིན་ཇིའི་སྐད་ཡིག་སྦྱང་བར་འགྲོ་རྒྱུའི་གོ་སྐབས་བྱུང་འདུག་ཀྱང། ༸རྒྱལ་བ་རིན་པོ་ཆེའི་བཀའ་འབྲེལ་ལྟར་གཞུང་གི་ལས་དོན་གྱི་ཆེད་དུ་རང་ཉིད་ཀྱི་སློབ་སྦྱོང་གི་གོ་སྐབས་བློས་གཏོང་གནང་འདུག་པར་བརྟེན། ཕྱིས་སུ་དེའི་ཁ་གསབ་ལྟ་བུར་༸རྒྱལ་བ་རིན་པོ་ཆེས་ཁོང་ལ་ཕྱི་རྒྱལ་དུ་སློབ་སྦྱོང་ལ་འགྲོ་བའི་གོ་སྐབས་གནང་སྐོར་བཅས་ཞིབ་ཕྲར་གསུང་མྱོང་བ་ད་ལྟ་ཡང་གསལ་པོ་དྲན་གྱི་འདུག
ངས་དྲན་ཚོད་བྱས་ན་སྐུ་ངོ་ཁོང་གིས་དབྱིན་ཇིའི་སྐད་ཡིག་སྦྱོང་བའི་སྐབས་དགུང་ལོ་ཅུང་མཐོ་པོ་ཡིན་ཚོད་ཡོད། གང་ཡིན་ཟེར་ན་ཁོང་གིས་ཕྲན་ལ་ལྷག་བསམ་ཟོལ་མེད་ཀྱིས་ཁྱེད་རང་ད་ལྟ་ལོ་ཆུང་ཆུང་ཡིན་པས་ཕྱིའི་སྐད་ཡིག་ངེས་པར་སྦྱོང་དགོས། ངས་དབྱིན་ཇིའི་སྐད་ཡིག་སྦྱོང་བ་ནི་ལོ་ཆེན་པོར་ཆགས་ཟིན་པའི་རྗེས་སུ་ཡིན་པ་མ་གཏོགས་ལོ་གཞོན་དུས་རིམ་པས་ཁོར་ཡུག་དང་ལས་ཀའི་དབང་གིས་དབྱིན་ཇིའི་སྐད་ཡིག་སྦྱངས་ཐུབ་མེད། འོན་ཀྱང་ཕྱིས་སུ་གོ་སྐབས་དམ་འཛིན་བྱེད་ཐུབ་པ་བྱུང་བར་བརྟེན་དབྱིན་ཇིའི་སྐད་ཡིག་རང་མགོ་ཐོན་པ་བྱུང་ཐུབ་སོང་ཞེས་གསུང་བྱུང། ཁོང་ལ་མཐོ་རིམ་སློབ་གྲྭ་ག་གེ་མོ་ཞིག་གི་སྐད་ཡིག་སྡེ་ཚན་གྱི་ཕྱག་ཁྱེར་ཐོབ་པ་ནི་དགུང་ལོ་བཞི་བཅུ་བརྒལ་བའི་རྗེས་ཡིན་སྐོར་གསུངས།
ངས་ཤེས་ཚོད་བྱས་ན་སྐུ་ངོ་ཁོང་ཕལ་ཆེར་ཨ་མེ་རི་ཁ་ཡིན་ནམ་ནུབ་ཕྱོགས་རྒྱལ་ཁབ་ཅིག་གི་མི་སེར་ཡིན་ས་ཡོད། འདིའི་སྐོར་སྐུ་ངོ་ཁོང་གིས་ཕྲན་ལ་གསུངས་པ་གསལ་ལ་མི་གསལ་ཞིག་དྲན་གྱི་འདུག འོན་ཀྱང་ཁོང་རྒྱལ་ཁབ་གང་ཡི་མི་སེར་ཡིན་མིན་ལ་མ་ལྟོས་པར་སྐུ་ཚེ་ཧྲིལ་པོ་བོད་བསྟན་སྲིད་ཀྱི་དོན་དུ་བསྟིམས་པའི་མི་སྣ་བརྗེད་དུ་མི་རུང་བ་ཞིག་ཡིན།
ངས་སྐུ་ངོ་སྣར་སྐྱིད་ལགས་ཐོག་མར་ཞལ་ཚོར་བའི་སྐབས་ཁོང་ཕོ་བྲང་ནང་གི་ཁང་ཆུང་རྙིང་པ་ཞིག་ཏུ་བཞུགས་ཀྱི་འདུག་ཅིང། སྐབས་དེར་མཛད་འགན་གཙོ་བོ་༸རྒྱལ་བ་རིན་པོ་ཆེའི་མཛད་རྣམ་ཐོག་ཕྱག་ལས་གནང་གི་ཡོད་སྐོར་གསུང་བྱུང། སྐུ་ངོ་ཁོང་གི་གསུང་སྟངས་བྱས་ན་སྐབས་དེའི་མཛད་རྣམ་སྡེ་ཚན་དང་ཁོང་ཚོའི་བར་མཛད་རྣམ་རྩོམ་སྒྲིག་བྱེད་སྟངས་དང་དཔར་བསྐྲུན་བྱེད་ཕྱོགས་ཀྱི་ཐད་ནས་ཅུང་མ་མཐུན་པ་ཞིག་མེད་དམ་སྙམ་པའི་གསུང་ཟུར་འགའ་ཤས་ཐོན་པར་ང་ལ་ཚོར་སྣང་དམིགས་བསལ་བ་ཞིག་བྱུང་བ་ད་ལྟ་ཡང་དྲན་གྱི་འདུག
ཕྲན་གྱིས་ཕྱི་ལོ་ ༡༩༩༨ ལོ་ནས་ཕྱི་ལོ་ ༢༠༠༥ ལོའི་བར་ཀིརྟིའི་བྱེས་པ་གྲྭ་ཚང་གི་སྤྱི་ཁྱབ་པའི་རྩོམ་སྒྲིག་པའི་ལས་འགན་ཁྱེར་བའི་རིང་ངའི་ལས་དོན་གྱི་ཐད་ནས་སྐུ་ངོ་ཁོང་དང་ཐེངས་འགའ་ཤས་འབྲེལ་བ་ཞུས་མྱོང།
ངས་གསལ་པོར་དྲན་པ་གཅིག་ནི། ཕྱི་ལོ་ ༢༠༠༢ ལོར་འདི་གའི་སློབ་དཔོན་ཆེན་མོ་རྒན་བློ་བཟང་རྒྱ་མཚོ་མཆོག་གིས་མཛད་པའི་ཆོས་འབྱུང་ཀུན་བཏུས་པདྨ་དཀར་པོའི་ཆུན་པོ་བློ་གསལ་འདྲེན་བྱེད་བདུད་རྩིའི་དཔལ་ཡོན་ཞེས་པའི་དེབ་ཕྲེང་དང་པོ་རྩོམ་སྒྲིག་བྱེད་པའི་སྐབས། དབུའི་སུམ་རྐང་གི་ལཉྫ་དང་ཝ་རྟུ་སྙོམ་པོ་ཞིག་འཕྲལ་མར་འབྲི་མཁན་མ་རག་པས་སྐུ་ངོ་སྣར་སྐྱིད་མཆོག་ལ་སྒེར་འབྲེལ་གྱི་ཐད་ནས་ཞུས་པ་ཡིན་པས། ཁོང་ཆེད་དུ་ངའི་ལས་ཁུངས་ལ་ཕེབས་ནས་ལཉྫ་དང་ཝ་རྟུ་བྲིས་གནང་བྱུང། ཁོང་དགུང་ལོ་ཆེན་པོ་ཡིན་ཡང་ཆེད་དུ་ངའི་ལས་ཁུངས་བར་དུ་ཕེབས་ནས་རོགས་འདེགས་གནང་བར་ཕྲན་ལ་འཚེར་སྣང་དང་མ་བདེ་བ་ལྟ་བུ་ཞིག་བྱུང་ཡང་སྐུ་ངོ་ཁོང་ལ་ཆེ་ཉམས་དང་སྒམ་ཚུགས་གཏན་ནས་མེད་པར་ནང་ཚགས་རང་གི་ཐོག་ནས་ཕྱག་ལས་གནང་གི་འདུག
ཡང་གཞན་པ་ཞིག་ནི་ཕྱི་ལོ་ ༢༠༠༣ ལོར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེས་མཛད་པའི་དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཅེས་པ་ཁ་སྣོན་བསྐྱར་སྒྲིག་དང་བཅས་དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ་ཞེས་པ་བཟོ་བའི་སྐབས། དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ནང་དུ་སྐུ་ངོ་སྣར་སྐྱིད་ལགས་ཀྱི་དྲིས་ལན་ཚན་པ་ཞིག་ཀྱང་ཡོད་སྟབས། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་བཀའ་འབྲེལ་ལྟར་དྲིས་ལན་ཚན་པ་དེའི་ཚིག་གནད་འགའ་ཤས་ཞུས་དག་བྱེད་སྟངས་ཐད་གྲོས་མོལ་དོན་དུ་ཁོང་གི་སར་ཆེད་དུ་བཅར་བ་ཡིན། སྐབས་དེར་ཞོར་འཕྲོས་སུ་སྐུ་ངོ་ལགས་ཀྱིས་དགེ་འདུན་ཆོས་འཕེལ་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་ཀྱང་གསུང་བྱུང།
ཕྱི་ལོ་ ༢༠༡༣ ལོར་ཡིན་ནམ་སྐབས་ཤིག་ཕྲན་ལས་དོན་ཞིག་གི་ཆེད་ཝ་རཱ་ཎཱ་སིའི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཡོད་པའི་སྐབས་དཔེ་མཛོད་ཡིན་ནམ་གནས་གང་ཞིག་ཏུ་སྐུ་ངོ་དང་མཇལ་འཕྲད་བྱུང། སྐབས་དེར་སྐུ་ངོ་སྔོན་མ་ལས་ཀྱང་བགྲེས་ཉམས་ཆེན་པོ་འདུག་ཀྱང་ཁོང་གིས་དཔེ་དེབ་ཅིག་རྩོམ་བྲིས་བྱེད་ཀྱི་ཡོད། གྲུབ་མ་ཐག་ཁྱེད་རང་ལ་གཅིག་བསྐུར་ཡོང་གི་ཡིན་ཞེས་གསུང་བྱུང་ལ། སྐབས་དེར་ཁོང་གིས་རྒྱུ་ཆ་མང་པོ་ཞིག་འཚོལ་སྒྲུབ་གནང་བཞིན་འདུག་པས་ཁོང་གི་ཧུར་བརྩོན་དང་སྙིང་རུས་ལ་ཡིད་མགུ་དང་མོས་གུས་ཆེན་པོ་བྱུང། འདི་ནི་ཕྲན་གྱིས་སྐུ་ངོ་སྣར་སྐྱིད་ངག་དབང་དོན་འགྲུབ་མཆོག་མཇལ་བ་མཐའ་མ་དེ་ཡང་ཡིན། གོང་གི་དྲན་ཐོ་འདི་དག་ནི་ང་རང་གིས་སྐུ་ངོ་སྣར་སྐྱིད་མཆོག་གི་སྐོར་ཤེས་རྟོགས་བྱུང་བའི་གནས་ཚུལ་རྣམས་དྲན་གསོའི་ཚུལ་དུ་བཀོད་པ་ཡིན། སྐུ་ངོ་མཆོག་སླར་༸རྒྱལ་བའི་བཀའ་དགོངས་ཇི་བཞིན་སྒྲུབ་པའི་བོད་མི་རྣམ་དཔྱོད་ཅན་ཞིག་ཏུ་སྐྱེ་བའི་སྐྱབས་སྨོན་དང་བཅས་རེ་མདོ་སེངྒེས་འཕྲལ་མར་བྲིས།
སྐུ་གཤེགས་ཁོང་ལ་མྱ་ངན་གུས་འདུད་ཞུ། རེ་མདོ་ལགས་ཀྱིས་རྗེས་དྲན་དོན་ལྡན་ཞིག་ཞུས་གནང་འདུག་པ་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཡོད།
ཆོས་འབྱུང་ཀུན་བཏུས་ པདྨ་དཀར་པོའི་ཆུན་པོ་ བློ་གསལ་འདྲེན་བྱེད་ བདུད་རྩིའི་དཔལ་ཡོན་
ེརྒན་རེ་མདོ་ལགས་ཀྱིས་སྣར་སྐྱིད་མཆོག་གི་སྐུ་ཚེའི་ལོ་རྒྱུས་འབྲེལ་ནས་མྱ་ངན་མཚོན་བྱེད་ཀྱི་རྩོམ་ཡིག་ཡག་པོ་བྲིས་འདུག་པས་ཐུགས་རྗེ་ཆེ་ཞུ། མི་རྒན་འདི་རིགས་མཁས་པ་ཆེན་པོ་དང་མཛད་རྗེས་མངོན་གསལ་ཅན་དེ་འདྲ་ཡིན་མིན་གང་ལྟར་ཡང་། སྐུ་ཚེ་ཧྲིལ་པོ་བོད་ཀྱི་བསྟན་སྲིད་མི་རིགས་ཀྱི་དོན་དུ་བཏང་བའི་མི་སྣ་ཞིག་ཡིན་པའི་ཆ་ནས་རྗེས་དྲན་དང་གཟེངས་བསྟོད་དྲིན་ཤེས་པའི་རྣམ་འགྱུར་སྟོན་དགོས་པ་ཤིན་ཏུ་གལ་ཆེ་ཡིན། མི་ཚེར་རང་གི་ལྟོ་རྒྱབ་རྐྱང་པའི་དོན་དུ་འདུར་རྒྱུག་བྱེད་བཞིན་པའི་མི་འགའ་ཤས་ཀྱི་བྱེད་ཕྱོགས་ལ་བལྟས་ནས་བཤད་ན། སྐུ་ངོ་སྣར་སྐྱིད་མཆོག་གི་མི་ཚེ་ཤིན་ཏུ་རླབས་ཆེན་རེད་ཅེས་བཤད་ཀྱང་མ་འགྲིག་པ་གང་ཡང་མེད། མདོར་ན། ཁྱེད་ཀྱིས་དགོས་སར་མ་ཆད་པར་གནང་གི་འདུག་པས་ཐུགས་རྗེ་ཆེ་ཞུ།
ཀླུ་སྨྱོན་མཆོག་གིས་བོད་ཡིག་འབྲི་སྟངས་ལ་དབྱིན་ཡིག་དང་འདྲ་བའི་གསར་བརྗེ་ཞིག་བྱ་དགོས་པ་བསམ་པ་མ་རེད་དམ། ནམ་ཡིན་ཡང་མ་འདྲ་བ་ཞིག་བྱེད་དགོས་བསམས་ནས་ཨར་བརྟན་གྱི་ཡོད་ཚོད་མ་རེད། ཧ་ཧ་ཧ་ ཨ་ལེ་ཀུ་རེ་ཡིན།
ཕལ་ཆེར་སྤྱི་ལོ་༡༩༩༥ལོར་ཨེ་ཡིན་བསམ། གངས་སྐྱིད་སྣར་ཐང་ཚོགས་ཁང་དུ་ཤིང་སྟག་སུམ་ལའི་ཆིངས་ཡིག་སྐོར་ནས་སྐུ་ངོ་མཆོག་གིས་གཏམ་བཤད་ཅིག་གནང་བ་དང་། དྲི་བ་དྲི་ལན་བྱས་པ་ཞིག་དྲན། ཁོང་གིས་ཆིངས་ཡིག་དེ་བོད་རང་བཙན་མཚོན་བྱེད་དགེ་མཚན་ཆེ་སྐོར་ཡང་ཡང་གླེང་། ཚོགས་ཞུགས་པ་འགའ་ཞིག་གིས། མེག་མོ་ཧན་ས་ཐིག་ཐད་ནས་དྲི་བ་བཏང་བར་ལན་ཞལ་གསལ་ཞིག་གནང་མ་སོང་། དེ་བཞིན་ཁ་ཅིག་གིས། ཆིངས་ཡིག་དེར་བོད་ཕྱི་ནང་གཉིས་སུ་ཕྱེ་ཡོད་པས། གལ་སྲིད་ཆིངས་ཡིག་དེར་རྒྱ་ངོས་ནས་ས་རྟགས་བརྒྱབ་ཡོད་ཚེ། རྒྱ་གཞུང་གིས་ནམ་རྒྱུན་རིན་པོ་ཆེའི་ལྡེར་མར་འབོད་པའི་ཨ་མདོ་དང་ཁམས་ཕྱེད་རྒྱ་ཁོངས་སུ་བཅུག་ཡོད་པས། ཆིངས་ཡིག་དེ་ནི་དགེ་མཚན་ལས་སྐྱོན་ཆེ་བ་ཞིག་རེད། ཅེས་བརྒལ་བརྟག་བཏང་བར་དོན་མཐུན་གྱི་བཀའ་ལན་རན་པོ་ཞིག་རང་གནང་མ་སོང་སྙམ། ཕར་བལྟས་ཚོད་ཅིག་ལ། སྐུ་ངོ་ཁོང་གཟུགས་པོ་སྐམ་ཞིང་རིང་བ། སྤོབས་པ་དང་མཁས་ཉམས་ཆེན་པོ་སྟོན་མཁན་ལྟ་བུར་ཚོར་སོང་། ལེགས་བྱས་ལ་རྗེས་སུ་ཡི་རངས་དང་། ཕྱི་མར་བདེ་འགྲོ་ཐོབ་པའི་སྨོན་ལམ་འདེབས།