—–༼གླིང་ཚ་ཚེ་བརྟན་རྡོ་རྗེ་ལ་གུས་པས་ཕུལ༽
རེབ་ཐོག་མདའ
གླིང་ཚ
ཁྱོད་སོང་ཤུལ་ནས
ངས་ཨ་མ་ཞིག་གི་མིག་ཆུ་མཐོང་བྱུང
ངས་ནུ་མོ་ཞིག་གི་དྲན་གདུང་ཚོར་བྱུང
ངས་ད་དུང ལོ་ན་མ་སོན་པའི་ཕྲུ་གུ་གཉིས་ཀྱི་ངུ་སྐད་ཀྱང་ཐོས་བྱུང
གླིང་ཚ
སྐྲ་ལོ་རིང་བོ་ཅན་གྱི་ཕོ་གསར་ཁྱོད
སེམས་ལ་དྲན་ཐེངས་རེར ཞེ་ལ་སྒོམ་ཐེངས་རེར
ངས་རྒྱལ་སྲས་དམ་པ་ཞིག་གི་རྣམ་ཐར་ཐེངས་གཅིག་ཀློག་ན་འདོད་ལ
སེམས་དཔའ་ཆེན་མོ་ཞིག་གི་མཛད་པ་ཐེངས་ཤིག་འབྲི་ན་འདོད་ཨང
གླིང་ཚ
ཁྱོད་ཆས་པའི་ཉི་ནུབ་དེར
ཁྱོད་ཀྱི་རྒྱབ་གཟུགས་ལ་ལྷུང་བའི་བདག་གི་སེམས་པ
ཁ་བཏགས་དཀར་བོ་དེའི་ངོགས་སུ་བབས་པའི་དྭངས་གཙང་གི་མིག་ཆུ་དེ་ཡིན་ལ
ཁྱོད་ཀྱི་འགྲུལ་བཞུད་ཀྱི་སྣེ་རུ་བཏེགས་པའི་གཏམ་རྒྱུད་ཐ་དག
རྡ་སའི་རི་གྲོང་ནས་བོར་མ་མྱོང་བའི་བདག་གི་སྨྱུ་གུ་འདིའི་ཚེ་སྲོག་ཡིན
མ་ཟད བདག་གིས་སེམས་པའི་ཟབ་ས་ན་ཁྱེད་རང་དྲན་གྱིན་ཡོད་ལ
བདག་གིས་འཚོ་བའི་ནང་རོལ་ན་ཁྱོད་རང་གླེང་གིན་ཡོད
གླིང་ཚ
ཁྱོད་ཀྱིས་སྤྲད་པ་མང་དྲགས་པ་དང་
ང་ཚོས་ཕུལ་བ་ཉུང་དྲགས་པས
ཨ་སྐྱོ་བ་ཅིག་དང་འདྲ་བའི་ཁྱོད
དུས་གཏན་དུ
ང་དང་ངའི་ཕུ་ནུ་ཚོའི་སེམས་ཁོངས་ན འོད་དུ་འཚེར་བའི་མཐོ་སྒང་གི་མར་མེ་ཚེ་འབར་དེ་ཡིན་ལ
ང་དང་ངའི་མི་རིགས་འདིའི་ཚེ་སྲོག་ལ་གསོན་ཤུགས་སྩོལ་བའི་སྙིང་སྟོབས་ཀྱི་གོ་ཆ་བརྟན་པོ་དེ་ཡང་ཡིན།།
ཁོང་གི་ཆེད་དུ་སྙན་ངག་འདི་འདྲ་ཞིག་དགོས་ངེས་ཡིན་པ་ལྟར་ཁྱེད་ཀྱིས་བྲིས་གནང་བར་སྙིང་ནས་བཀའ་དྲིན་ཆེ་ཞུས་པ་ཡིན་ལ། ང་རང་གིས་མཚོན་པའི་བོད་མི་ཡོངས་རྫོགས་ཀྱིས་འདི་ལྟར་ཁོང་གླེང་སློང་ཙམ་ཡང་མི་བྱེད་པ་ནི་ངོ་མ་སྙིང་ན་བ་ཞིག་རེད། དེ་བས་ངས་ཆབ་སྲིད་པ་དང་ཆབ་སྲིད་དཔྱད་བརྗོད་པ་འདྲ་བོད་མིའི་ཁྲོད་ཡོད་ན་ནི་གླིང་ཚ་དང་འབྲེལ་བའི་ཆབ་སྲིད་ལས་འགུལ་ཐད་ཀྱི་དཔྱད་བརྗོད་འདྲ་སྤེལ་རོགས་ཞེས་གསོལ་བ་སྙིང་ནས་འདེབས་པ་ཡིན་ལ། ང་རང་ལ་མཚོན་ན་ཆབ་སྲིད་ཐད་ཀྱི་གོ་རྟོགས་ནི་ཀླད་སྐོར་ཡིན་པས་ཐབས་ཤེས་ཟད་སོང་མོད་རླུང་དམར་འུར་འུར་ལྡང་ཞིང་མཚན་སྨག་གིས་ལུས་སེམས་ལ་མནར་གཅོད་གཏོང་བའི་གོ་སྐབས་ཤིག་ལ་ངས་ཁྱོད་རང་སྙན་ངག་ཏུ་གྱེར་ངེས་ཡིན་གླིང་ཚ་ལགས།
http://m.bbc.co.uk/news/world-asia-23683637
གླིང་ཚ།
ཁྱེད་གང་དུ་ཡོད་དམ།
ཁྱེད་ཀྱིས་འགྲོ་ཤུལ་རྐང་རྗེས་རེ་རེ་བཞིན་
ངས་རྗེས་ཉུལ་བྱས་ནས་ཉིན་ལྟར་བསྙེགས་ནས་ཡོང་ཡིན།
ཉིན་བརྒྱ་དང་ལྗ་བཅུ་ཏག་ཏག་འགྲོ་སོང་།
ད་དུང་གོ་རྒྱུ་དང་ཐོས་རྒྱུ་གང་ཡང་མི་འདུག
གླིང་ཚ།
ཁྱེད་ཀྱིས་བསྐྱོད་པའི་གཞུང་ལམ་ནི་གནམ་མཁའ་ལྟར་མཐའ་མེད་ལ།
ཁྱེད་ཀྱིས་སོང་ཤུལ་རྐང་རྗེས་ཀྱང་གྲངས་ཀྱི་ག་ལ་ཆོད།
ཁྱེད་གང་དུ་འགྲོ་ཡིན་གང་དུ་བཞུགས་ཡོད་དམ
གནས་འདིར་ན་ཨ་མ་ཞིག་གིས་སྐྱོ་གདུང་མིག་ཆུ་ས་ལ་ལྷུང་།
ནུ་མོ་ཞིག་གིས་དྲན་གདུང་ཁྱེད་ལ་གཏད་ནས་སེམས་ལ་ན་ཟུག་སྦྱིན།
ཕྲུ་གུ་གཉིས་ཀྱིས་ངུ་སྐད་རི་ལུང་ཀུན་ལ་ཁྱབ།
གླིང་ཚ
ཁྱེད་མེད་ན།
ཁོ་ཚོར་བདེ་སྐྱིད་ཀྱི་ཉི་མ་མེད།
ཁྱེད་མེད་ན།
ཁོ་ཚོར་མུན་ནག་གི་མར་མེ་དེ་ནུབ་ལ་ཉེ་བའི་སྐབས་རེད།
གླིང་ཚ།
ཁྱེད་ཀྱིས་རི་མཐོན་པོའི་སྒང་ནས་སྐད་གཅིག་སྒྲོགས་དང་།
ང་ཚོས་སྒུག་ནས་བསྡད་ཡོད།
སྒུག་ནས་ཡོད་།
སྒུག་ནས་་་་་་
ཉིན་བརྒྱ་དང་ལྗ་བཅུ་ཏག་ཏག་འགྲོ་སོང་། ་་་་་་བཅོས་རོགས་གནང་།
ཉིན་བརྒྱ་དང་ལྔ་བཅུ་ཏག་ཏག་འགྲོ་སོང་། ་་་་་་བཅོས་རོགས་གནང་།
གླིང་ཚ་ལགས་རྒྱལ་གྱུར་ཅིག
ཁོང་གི་བསམ་དོན་ཡིད་བཞིན་དུ་འགྲུབ་པར་སྨོན
དཔའ་བོ་ཁོང་དུས་རྟག་ཏུ་རྒྱལ་གྱུར་ཅིག