དབྱངས་ཅན་འབངས།
རྒྱུན་ལྡན་ལྟར་ཁ་སང་ཕྱི་དྲོ་ཡང་འབྲས་སྤུངས་ཚོགས་ཆེན་དུ་གྲྭ་མང་ལྷན་བོད་བསྟན་སྲིད་ཀྱི་རིམ་གྲོར་འཕགས་བསྟོད་དང་མ་ཎི། ཤེས་རབ་སྙིང་པོ་བཅས་གསོག་སྒྲུབ་ལ་བཅར་སྐབས། ཤེར་སྙིང་ནང་གི་ “སྟོང་པ་ཉིད་གཟུགས་སོ།།” ཞེས་པ་དང་། “སྟོང་པ་ཉིད་ལ་གཟུགས་མེད།” ཅེས་པ་གཉིས་དོན་ལ་མི་འགལ་བའི་གོ་བ་ཞིག་འཚོལ་དགོས་འདུག་སྙམ། བྱས་ཙང་དྲི་བ་འདི་དེ་རིང་དཔྱོད་ལྡན་དྲ་གྲོགས་ཚོར་ཕུལ་བ་ལགས།
ཧ་ཧ་ཧ།
དབྱངས་ཅན་འབངས་ལ་གཟུགས་ཡོད་པ་བདེན་ཡང་། དབྱངས་ཅན་འབངས་ཀྱི་གཟུགས་བཙལ་བས་ཆ་ཕྲ་མོའི་གནས་མི་རྙེད་པར་སྟོང་སོང་བ་སྟེ་གཟུགས་མེད་དུ་གྱུར་བ་ཨེ་རེད།
ད་གྲྭ་རྒན་བླ་རྒན་ཚོས་འཕྱ་ནི་རེད། ཡིན་ཡང་ཁ་འདུག་མ་ཐུབ་ཐལ། ང་ལས་ངན་པོ། ཧ་ཧ།
དྲི་བ་མི་ངན་དྲི་བ་བཟང། སྙིང་པོ་རྟོགས་པའི་རྟེན་འབྲེལ་ཡོད།
རྒྱལ་བ་རིན་པོ་ཆེས་ཉེ་ཆར་ཝེ་ཏི་ནམ་ཚོ་ལ་ལམ་གཙོའི་གསུང་ཆོས་སྐབས་ཀྱི་ཉིན་གཉིས་པའི་མགོ་དེ་ལ་དེའི་སྐོར་ལ་འགྲེལ་བཤད་གསལ་པོ་ཞིག་གནང་སོང་། Dalailama.com ལ་ཕེབས་དང་།
དེ་གཉིས་ལ་འགལ་བ་ལྟ་ཅི། གཅིག་ཕན་གཅིག་གྲོགས་སུ་འགྲོ་བ་བྱེད་དེ། སྟོང་པ་ཉིད་གཟུགས་སོ་ཟེར་ན་སྟོང་པ་ཉིད་གཟུགས་སོགས་ཀུན་ལ་ཁྱབ་ཡོད་པ་དང་། སྟོང་པ་ཉིད་ལ་གཟུགས་མེད་ཟེར་ན། སྟོང་པ་ཉིད་ཅེས་ལོགས་སུ་ཆོས་རང་སྐྱ་བ་རྫས་ཀྱིས་གྲུབ་པ་ཞིག་མེད་པར་དཔེ་བསྟན་པ་དང་། ཤུགས་ལ་དངོས་པོ་ཐམས་ཅད་ལ་རང་བཞིན་གྱི་གྲུབ་པ་རྡུལ་ཙམ་ཡང་མེད་པར་གྲུབ་པ་བྱེད་དོ།
སྟོང་པ་ཉིད་གཟུགས་སོ་ཞེས་པ་ནི་སྟོང་བཞིན་སྣང་བ་དང་།
སྟོང་པ་ཉིད་ལ་གཟུགས་མེད་ནི་སྣང་ནའང་སྟོང་པའི་དོན་ནོ།།
སྟོང་པ་ཉིད་གཟུགས་སོ་ཞེས་པ་དྲང་དོན་དང་། སྟོང་པ་ཉིད་ལ་གཟུགས་མེད་ཅེས་པ་ངེས་དོན་ཡིན་ཟེར་ན་ཁྱེད་ཚོས་ཅི་བརྗོད་དམ། །
༡་གཟིགས་གང་ལ་བཏགས་པའི་བཏགས་དོན་བཙལ་བའི་ཚེ་རྙེད་དུ་མེད་པ་དང་གང་རྙེད་དུ་མེད་པ་དེ་ནི་གཟིགས་ཀྱི་རང་བཞིན་ནམ་ངོ་བོ་མཐར་ཐུག་ཡིན་ཞེས་པའོ། དེས་ཕྱིར་སྟོང་པ་ཉིད་གཟུགས་སོ། མཉམ་བཞག་གང་གི་ངོ་བོར་གཟིགས་སྟོང་བ་དང་སྟོང་བ་གཟིགས་ཡིན་པས་དབྱེད་མེད་པར་གསུངས་པ་རེད།
༢་ཀུན་བཏགས་པའི་སྣང་ཆ་ངོ་བོ་བདེན་པས་ཞེན་པ་ཡིན་ན་ཆོས་རྣམས་ཀྱི་གནས་ལུགས་སམ་དེ་ཉིད་མི་ཤེས་པ་དང་ཆོས་ཐམས་ཅད་སྟོང་བ་ཡིན་པ་སོང་ཙང་སྟོང་བའི་ངོ་བོ་ལ་བདེན་པའི་གཟིགས་ཅི་ཡང་མེད་དོ། དེས་ཕྱིར་སྟོང་པ་ཉིད་ལ་གཟུགས་མེད།”གསུངས་སོ།
༣་གང་ཞིག་རྒྱུ་རྐྱེན་ལ་ལྟོས་ནས་གྲུབ་པའི་དངོས་རྡུལ་རེག་པ་ཙམ་པོ་བའམ་སྣང་ཆ་དེ་ཉིད་སྟོངས་པས་ན་གཟིགས་སྟོང་གཞི་ལས་གཞན་དུ་སྟོང་བ་བཙལ་དུ་མེད་པས་གཟུགས་སོ། སྟོང་པ་ཉིད་གཟུགས་སོ།་་་གཞན་ལ་རེག་མ་ལས་པའམ་མ་ལྟོས་པའི་དངོས་པོ་ཅུང་ཟད་ཀྱང་རྙེད་དུ་མེད་པས་སྟོང་པ་ཉིད་ལ་གཟུགས་མེད། ཅེས་པའོ། དེ་གཉིས་གཞི་གཅིག་གི་སྟེང་དུ་བཙལ་ནས་མེད་པའི་སྟོང་བ་དང་སྟོང་བ་དེ་ཉིད་གཟི་དེའི་སྟེང་དུ་འཇོག་དགོས་པས་ནམ་ཡང་མི་འགལ་ལོ།།
གཟུགས་བཅོས་
༡་གཟུགས་གང་ལ་བཏགས་པའི་བཏགས་དོན་བཙལ་བའི་ཚེ་རྙེད་དུ་མེད་པ་དང་གང་རྙེད་དུ་མེད་པ་དེ་ནི་གཟུགས་ཀྱི་རང་བཞིན་ནམ་ངོ་བོ་མཐར་ཐུག་ཡིན་ཞེས་པའོ། དེས་ཕྱིར་སྟོང་པ་ཉིད་གཟུགས་སོ། མཉམ་བཞག་གང་གི་ངོ་བོར་གཟུགས་སྟོང་བ་དང་སྟོང་བ་གཟུགས་ཡིན་པས་དབྱེད་མེད་པར་གསུངས་པ་རེད།
༢་ཀུན་བཏགས་པའི་སྣང་ཆ་ངོ་བོ་བདེན་པས་ཞེན་པ་ཡིན་ན་ཆོས་རྣམས་ཀྱི་གནས་ལུགས་སམ་དེ་ཉིད་མི་ཤེས་པ་དང་ཆོས་ཐམས་ཅད་སྟོང་བ་ཡིན་པ་སོང་ཙང་སྟོང་བའི་ངོ་བོ་ལ་བདེན་པའི་གཟུགས་ཅི་ཡང་མེད་དོ། དེས་ཕྱིར་སྟོང་པ་ཉིད་ལ་གཟུགས་མེད།”གསུངས་སོ།
༣་གང་ཞིག་རྒྱུ་རྐྱེན་ལ་ལྟོས་ནས་གྲུབ་པའི་དངོས་རྡུལ་རེག་པ་ཙམ་པོ་བའམ་སྣང་ཆ་དེ་ཉིད་སྟོངས་པས་ན་གཟུགས་སྟོང་གཞི་ལས་གཞན་དུ་སྟོང་བ་བཙལ་དུ་མེད་པས་གཟུགས་སོ། སྟོང་པ་ཉིད་གཟུགས་སོ།་་་གཞན་ལ་རེག་མ་ལས་པའམ་མ་ལྟོས་པའི་དངོས་པོ་ཅུང་ཟད་ཀྱང་རྙེད་དུ་མེད་པས་སྟོང་པ་ཉིད་ལ་གཟུགས་མེད། ཅེས་པའོ། དེ་གཉིས་གཞི་གཅིག་གི་སྟེང་དུ་བཙལ་ནས་མེད་པའི་སྟོང་བ་དང་སྟོང་བ་དེ་ཉིད་གཟུགས་དེའི་སྟེང་དུ་འཇོག་དགོས་པས་ནམ་ཡང་མི་འགལ་ལོ།།
མཉམ་བཞག་ཡེ་ཤེས་སྐད་གཅིག་དང་པོ་སྐྱེས་མ་ཐག་པ་དེས་གཟུགས་སྟོང་བ་ཡིན་པར་ཇི་ལྟར་མཉམ་པར་འཇོག་གམ། །
སྟོང་པ་ཉིད་གཟུགས་སོ་ཞེས་པ་དྲང་དོན་དང་། སྟོང་པ་ཉིད་ལ་གཟུགས་མེད་ཅེས་པ་ངེས་དོན་ཡིན་ན་འགྲིག་གི་མ་རེད།
དེ་ལྟར་བཞག་ན་སྣང་བ་སྟོང་བར་འཆར་སྲིད་ཀྱང་སྟོང་བ་སྣང་བར་འཇོག་ཐུབ་ནི་མ་རེད།
དེ་ལྟར་ན་སྣང་སྟོང་དབྱེར་མེད་ལ་གོ་བ་མ་ཆགས་པ་རེད།
ཆོས་ཐམས་ཅད་ངོ་བོས་སྟོང་ཡང་སྣང་ཆ་ཙམ་པོ་བ་དེས་ལས་འབྲས་ལ་སོགས་པའི་བྱ་བྱེད་འཐད་པས་སོ།
རྗེ་བླ་མ་ཙོང་བ་པ་ཆེན་པོས།
སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་།། སྟོང་བ་ཁས་ལེན་བྲལ་བའི་གོ་བ་གཉིས།། ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ།། ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད།། ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ།། རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས།། ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན།། དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས།། གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་།། སྟོང་བས་མེད་མཐའ་སེལ་ཞིང་སྟོང་བ་ཉིད།། རྒྱུ་དང་འབྲས་བར་འཆར་བའི་ཚུལ་ཤེས་ན།། མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ།། གསུངས་པར་ཐུགས་ཞིབ་གནང་རོགས།
ངས་ལུང་འདི་དབྱངས་ཅན་འབངས་ལ་དྲངས་པ་ཡིན་པས་གཞན་གྱིས་ཇུས་གཏོགས་མ་བྱས་ན་འགྲིག་གོ།།།།
མཉམ་བཞག་ཡེ་ཤེས་སྐད་གཅིག་དང་པོ་སྐྱེས་མ་ཐག་པའི་ཚད་ཁྱོད་ཀྱིས་ཅི་ལྟར་འཇོག་གི་ཡིན་ནམ།
ཨ་ཁོ་རེ་ཡང་ངས་་ཁྱོད་ལ་བསྡུས་གྲྭ་སློབ་དགོས་སམ། ཧཧཧ
ངས་ཆོས་ལབ་ན་ཁྱོད་ཀྱི་བོན་ལབ་གི་རེད་པ།
ཆོས་ཅན་ཁོ་ཡང་རྙེད་ཀྱི་མ་རེད།
ཆོས་ཅན་མཐུན་སྣང་བ་མེད་ལ་ཅི་ལྟར་དཔྱད་དགོས་སམ།
ཁོ་རེ་
ཨ་ཁཁཁ ཁོ་རེ། རོང་པའི་བན་དེས་རྡར་མ་ལབ་དུས། བོད་ཀྱི་བན་དེས་ཆོས་ལབ་ཀྱི་རེད། ད་བྱས་དུས་རོང་པའི་བན་དེ་དང་། བོད་ཀྱི་བན་དེ་གཉིས་ལ་ཆོས་ཅན་མཐུན་སྣང་བ་རྩ་བ་ཉིད་ནས་འཇོག་རྒྱུ་ཡོད་ས་མ་རེད། །
བསྡུས་གྲྭ་ལ་མཐོང་ཆུང་མ་གནང་རོགས།
ཁྱོད་ཀྱི་བསྡུས་གྲྭ་ལབ་ན་སུས་ཡིད་ཆེས་ནི་རེད།
ཧེ་ཧེ་
རང་གཅིག་པས་བཤད་ནས་སྡོད།
ང་སློབ་ཚན་ཁྲིད་དུ་འགྲོ་རན་སོང་།
ཡ་ཡ་བདེ་མོ་།
གཞི་གཅིག་ལ་ཡོད་ན་ཡོད་པས་ཁྱབ་པ་དང་། གཞི་གཅིག་ལ་མེད་ན་མེད་པས་མ་ཁྱབ་པར་འདོད་མཁན་ཞིག་ན། ངའི་བསྡུས་གྲྭ་ལ་ཡིད་ཆེས་ནི་གཞི་གཅིག་ལ་ཡོད་ཐག་ཆོད་རེད། དེས་ཡོད་པའི་ཡོད་གོ་ཆོད་པ་མ་རེད་དམ། །
འདི་བདེན་གཉིས་ཐུན་མོང་དུ་སྦྱར་ནས་བཤད་ན་གོ་བདེ། གཟུགས་སྟོང་པའོ།། ཟེར་བ་ནི། དེ་ཡང་སོ་སོ་སྐྱེ་བོ་རྣམས་ལ་གཟུགས་ཕུང་དུ་སྣང་བའི་གནས་འདི་ན། གཟུགས་ཕུང་ནི་ཡོད་པ་མ་ཡིན་ཏེ། གཟུགས་དེ་ནི་འཁྲུལ་སྣང་ཙམ་མ་གཏོགས་རང་གི་ངོ་བོས་སྟོང་པ་རེད། དེས་ན་གཟུགས་ཀྱི་རང་ལྡོག་ནས་མེད་ཅིང་མ་ཡིན་པའི་སྟོང་པ་རེད།
སྟོང་པ་ཉིད་གཟུགས་སོ།། ཟེར་བ་དགག་སྒྲུབ་ཀྱི་ཕྱོགས་གཉིས་ཡོད། དང་པོ། གཟུགས་ཀྱི་ཤུལ་ན་སྟོང་པའི་ཆོས་ཉིད་གནས་པ་དེ་ཉིད་སྟོང་པ་ཉིད་དངོས་ཏེ། འདི་ནི་བདེན་ཅིང་ཡོད་པ་དང་ཡིན་པའི་སྟོང་ཉིད་རེད།
གནས་ཚུལ་ལ་ཡོད་པའི་ཆོས་ཉིད་སྟོང་པ་ཉིད་ལ་སོ་སོ་སྐྱེ་བོ་རྣམས་ལ་གཟུགས་ཕུང་དུ་སྣང་ཡང་འཁྲུལ་སྣང་ཙམ་མ་གཏོགས་ངོ་བོས་མེད། གལ་ཏེ་གཟུགས་ཁྱད་གཞིར་བྱས་ན་དེ་ལས་གཞན་དུ་ཆོས་དབྱིངས་སྟོང་ཉིད་ལོགས་སུ་མེད། གཟུགས་སྣང་འཆར་བའི་གནས་དེ་ཉིད་ཆོས་དབྱིངས་རེད། ཁྱད་གཞི་གཟུགས་ཕུང་ཉིད་ཡོད་མ་མྱོང་བས། གཟུགས་ཕུང་གི་ཆོས་ཉིད་དེ་ལས་ཐ་དད་དུ་མེད།
ཆོས་དབྱིངས་སྟོང་པ་ཉིད་དེ་ཉིད་ཁྱད་གཞིར་བཟུང་ན། དེ་ལས་གཞན་དུ་གཟུགས་ཕུང་མེད། ཆོས་ཉིད་གནས་ཀྱང་གཟུགས་ཕུང་མེད་པའི་ཕྱིར་རོ།།
གཉིས་པ། ཆོས་ཉིད་དོན་དམ་པའི་གཟུགས་གང་ཡིན་པ་དེ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། སྟོང་པ་ཉིད་ཀྱི་ཡེ་ཤེས་གང་ཡིན་པ་དེ་ནི་ཆོས་ཉིད་ཀྱི་གཟུགས་སུ་སྣང་ངོ་ཞེས་ཟེར་བ་རེད།
དེ་གཉིས་གཞི་མཐུན་ཡོད་པ་ཙམ་དུ་གོ་ཡང༌། སྟོང་པའི་ཡེ་ཤེས་དོན་དམ་གྱི་གཟུགས་མ་ཡིན་པ་ཡང་སྲིད། དོན་དམ་གྱི་གཟུགས་སྟོང་པའི་ཡེ་ཤེས་མ་ཡིན་པ་ཡང་སྲིད་སྙམ་པའི་དོགས་པ་དགག་པའི་ཕྱིར། དེ་མ་ཐག་ཏུ། གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ།། ཞེས་གསུངས་པ་རེད།
སྟོང་པ་ཉིད་ལ་གཟུགས་མེད་ཅེས་པ་ནི། སྟོང་པའི་གཞི་བདེ་གཤེགས་སྙིང་པོ་དོན་དམ་པའི་སེམས་ཉིད། ཡོངས་གྲུབ་སྟོང་པ་ཉིད་ཆེན་པོ་དེ་ལ་ཆོས་ཅན་གློ་བུར་གྱི་དྲི་མ། གཟུགས་ཀྱི་ཕུང་པོ་མེད་ཟེར་བ་རེད། གནད་དོན་སྟོང་པ་ཉིད་ལ་གཟུགས་མེད་ཅེས་པའི་ལ་དོན་ལ་བསམ་བློ་གཏོང་དགོས། དེ་བཞིན་དུ་ཚོར་བའི་ཕུང་པོ་མེད་སོགས་གསུངས་པ་རེད་དོ།།
དྲ་གྲོགས་ཚོས་བགྲོ་གླེང་དང་བློ་བསྐྱེད་གནང་བཞིན་འདུག་པར་ཡི་རངས།
ཨ་ཁུ་དགེ་རྒྱམ་གྱིས།
སྟོང་པ་ཉིད་གཟུགས་སོ།། ཞེས་པའི་དོན་ནི། སྟོང་པ་ཉིད་དེ་གཟུགས་ཀྱི་རང་བཞིན་ཡིན་པ་དང་།
སྟོང་པ་ཉིད་ལ་གཟུགས་མེད། ཅེས་པའི་དོན་ནི། སྟོང་པ་ཉིད་ལ་བདེན་པར་གྲུབ་པའི་གཟུགས་མེད་པར་གོ་བ་ལེན་འདུག
དང་པོ་ལ། དེ་ལྟ་ན་སྟོང་ཉིད་བཞི་སྦྱོར་ལས་གསུམ་པ་ “གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། ཞེས་པ་དང་། བཞི་པ་ “སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ།།” ཞེས་པ་གཉིས་པོ་དང་གོ་དོན་སོ་སོ་བ་ཞིག་མེད་པར་ཐལ་ལོ།།
གཉིས་པ་ལ། སྟོང་པའི་ངོ་བོ་ལ་ཟེར་བ་དེ་མཉམ་བཞག་ཟག་མེད་ཀྱིས་གནས་ལུགས་གཟིགས་པའི་ངོར་བདེན་པའི་གཟུགས་མེད་ཟེར་གྱིན་ཡོད་དམ། ཡང་ན་སྟོང་པ་ཉིད་ཡིན་པའི་བདེན་པའི་གཟུགས་མེད་ཟེར་གྱིན་ཡོད། དེ་གཉིས་གང་བྱས་ཀྱང་བདེན་པའི་ཁྱད་པར་དོན་མེད་པར་མཚུངས་སོ།།
གསུང་ལན་ལ་སྒུག་ཡོད།
༤༽ ཀློང་ཆུང་ལགས།
དྲ་ཐག་གི་ཁ་བྱང་ཆ་ཚང་ཞིག་འདིར་བཀོད་ན་ཕན་ཐོགས་ཆེན་པོ་ཡོང་བ་འདུག
ངས་མཆན་འདོགས་བཞིན་སྐབས་རིག་པའི་རྡོ་རྗེ་ལགས་ནས་མཆན་ནང་དོན་ཟབ་ལ་རྒྱས་པ་ཞིག་གནང་འདུག་ཀྱང་། ད་ལྟ་ལས་ཀར་འགྲོ་རན་སོང་བས་རྗེས་ལ་རྩོད་ལན་བྱེད་ཆོག་པ་ཞུ།
དབྱངས་ཅན་འབངས་བྱོན་པ་ལེགས། སྟོང་པ་ཉིད་གཟུགས་སོ། ཞེས་པས་སྟོང་པ་ངོ་མ་ཟིན་ན་གཟུགས་ཀྱི་གནས་སྟངས་ཡག་པོ་འཇོག་མི་ཤེས་པར་སྟོང་པར་གྱུར་པའི་གཟུགས་ཡོད་པར་བསྟན་པ་དེ་འདྲ་རེད། འདིས་དོན་བསྡུ་ལྟ་བུར།
ཀུན་རྫོབ་ལས་ནི་ཐ་དད་པར།
དེ་ཉིད་དམིགས་པ་མ་ཡིན་ཏེ།
ཀུན་རྫོབ་སྟོང་པ་ཉིད་དུ་བཤད།
སྟོང་པ་ཁོ་ན་ཀུན་རྫོབ་ཡིན།
མེད་ན་མི་འབྱུང་ངེས་པའི་ཕྱིར།
བྱས་དང་མི་རྟག་དག་བཞིན་ནོ།
ཞེས་སེམས་འགྲེལ་དུ་གསུངས་ཡོད། འོ་ན་གཟུགས་ཀྱི་གནས་སྟངས་འཇོག་ཤེས་པས་ཤེས་ཕྱིན་བསླབ་པར་འདོད་པའི་རིགས་ཀྱི་བུ་དང་བུ་མོ་འདོད་དོན་འགྲུབ་བམ་སྙམ་ན། དེ་ཙམ་གྱི་མི་ཆོག་པར་གཟུགས་སྟོང་པའི་ངང་ལས་གཟུགས་མེད་སྒྲ་མེད་སོགས་ལ་མཉམ་པར་བཞག་ནས་སྒོམ་པས་དེ་ལྟར་གོམས་པའི་སེམས་ལ་སྒྲིབ་པ་དང་སྐྲག་པ་མེད་པས་མཐར་ཉོན་མོངས་ཟད་པར་གསུངས་པས་ན། ཉམས་ལེན་གྱིས་གོ་རིམ་ཅིག་ཏན་ཏན་ཡོང་ས་རེད། མདོར་ན་མི་འདྲ་བ་ནི་འགལ་བ་མིན་པར་གོ་རིམ་རེད་ཞུ་འདོད་བྱུང་།
གཟུགས་སྟོང་པ་ཉིད་ཅེས་པ་ནི་གཟུགས་གཟུགས་ཀྱིས་མི་སྟོང་པར་གཟུགས་བདེན་གྲུབ་ཀྱིས་སྟོང་པར་འདོད་པའི་ལོག་རྟོག་བསལ་བའི་ཕྱིར་དེ་ལྟར་གསུངས་ལ།སྟོང་པ་ཉིད་གཟུགས་སོ་ཞེས་པས་སྟོང་ཉིད་མེད་དགག་ཏུ་འདོད་པའི་ལོག་རྟོག་བཟློག་ཕྱིར་གསུངས་ལ།སྟོང་པ་ཉིད་ལ་གཟུགས་མེད་ཅེས་པས་སྟོང་ཉིད་གཟུགས་སོ་ཞེས་པའི་སྒྲ་ཇི་བཞིན་དུ་བཟུང་ནས་སྟོང་ཉིད་གཟུགས་སོ་སྙམ་པའི་འཛིན་པ་བཟློག་ཕྱིར་སྟོང་ཉིད་གཟུགས་ཀྱིས་སྟོང་པ་དང་།སྟོང་ཉིད་ལ་གཟུགས་མེད་པར་བསྟན་ནོ།།སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན་ཞེས་པས་གཞི་གྲུབ་ན། སྟོང་ཉིད་ཡིན་པས་མ་ཁྱབ་སྟེ་གཟུགས་ཆོས་ཅན་དུ་འཛིན་པའི་ལོག་རྟོག་བཟློག་པའི་ཕྱིར་རོ།།མདོར་ན་གཟུགས་སྟོང་པ་ཉིད་དང་།སྟོང་པ་ཉིད་གཟུགས་སོ་ཞེས་དང་།སྟོང་པ་ཉིད་ལ་གཟུགས་མེད།སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ཞེས་གསུངས་པའི་ཚིག་རྣམས་དགོས་དབང་གིས་ཐ་དད་དུ་གསུངས་ཀྱང་དོན་ལ་དེ་དག་གིས་སྣང་སྟོང་དབྱེར་མེད་དམ་སྣང་སྟོང་ཟུང་འཇུག་བསྟན་ནོ།།
༼གཟུགས་སྟོང་པ་ཉིད་དང་།སྟོང་པ་ཉིད་གཟུགས་སོ་ཞེས་དང་།སྟོང་པ་ཉིད་ལ་གཟུགས་མེད།སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན༽
འཁོར་འདས་ཀྱི་འགྲེས་རྐང་གི་ཐོག་མ་གཟུགས་ཡིན་པས་དེ་ཡིས་རིགས་འགྲེས་ཀྱིས།
གཟུགས་བདེན་པར་གྲུབ་པས་སྟོང་པ་ཡིན་པར་གསུངས།
སྟོངས་པ་ཉིད་གཟུགས་སོ་ཞེས་པ་ནི།། གཞི་གཟུགས་ཀྱི་སྟེང་གི་སྟོང་པ་ཉིད་ནི་གཟུགས་ལས་གཞན་དུ་མ་གྲུབ་པས་གཟུགས་སོ་ཞེས་སོ།
སྟོང་པ་ཉིད་ལས་གཟུགས་མེད་དོ་ཞེས་པ་ནི།། གཟུགས་ཀྱི་ངོ་བོ་བརྩལ་ན་བདེན་གྲུབ་ཀྱིས་སྟོང་པ་ཉིད་ལས་གཞན་དུ་མ་གྲུབ་པས་དེས་ན་གཟུགས་ཀྱི་ངོ་བོ་ནི་སྟོང་ཞིང་བདག་མེད་པ་ཡིན་པས་དེས་ན་གཟུགས་བདེན་གྲུབ་ཀྱིས་སྟོང་པ་ཉིད་ལས་གཞན་དུ་གཟུགས་མ་གྲུབ་པོ།
སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན་ཞེས་པ་ནི། གཟུགས་ནི་གཟུགས་ཀྱི་སྟོང་པ་ཉིད་ཀྱི་བདག་ཉིད་དུ་གྲུབ་པས་སྟོང་པ་ཉིད་ལས་གཟུགས་གཞན་གྱི་དངོས་པོ་མ་ཡིན་ཞེས་པའི་དོན་ནོ། དེས་ན་དེ་ཡིས་གཟུགས་དང་གཟུགས་རང་བཞིན་གྱིས་གྲུབ་པས་སྟོང་པ་གཉིས་ངོ་བོ་དབྱེར་མེད་དུ་གྲུབ་ཚུལ་བསྟན་ཅིང་དེ་ནི་སྣང་བ་གཟུགས་དང་སྟོང་པ་གཟུགས་ཀྱི་སྟེང་གི་སྟོང་པ་ཉིད་གཉིས་ཟུང་འབྲེལ་ལམ་དབྱེར་མེད་དུ་བསྟན། འདིས་སྣང་སྟོང་ཟུང་འཇུག་དང་སྣང་སྟོང་དབྱེར་མེད། བདེན་གཉིས་ཟུང་འཇུག བདེན་གཉིས་ཟུང་འབྲེལ། ཐ་སྙད་ཕྲ་མོ་ལས་སོགས་སུ་སྒྲུབ་པའོ། དཔེར་ན་ལག་པའི་ཁུ་ཚུར་དང་སྤར་མོ་བཞིན་རྣམ་འགྱུར་སྣང་བ་ཙམ་སོ་སོ་ལས་དོན་དུ་གཉིས་སུ་མ་གྲུབ་པོ།
རྒྱ་གཞུང་ཆེན་ཚོའི་ཚིག་རིས་དང་བསྟུན་ནས་ཅུང་རེ་གསུང་མཁན་ཡོད་ན་ཉན་འདོད་ཡོད་ལ་དེ་མིན་རྒད་པོའི་རྒན་མོའི་ཁ་བརྡ་འགྱུར་བར་བསམ་གི འཚིག་པ་མ་ཟ།
ཡུལ་སྟེང་ནས་སྟོང་བ་བཤད་པ་ལ་རིག་པའི་རྡོ་རྗེས་ཡིད་ཅན་གྱི་ངོས་ནས་སྟོང་བ་སྒྲུབ་ཡོང་གི་འདུག
ཆོད་ག་རེ་ཡོད་རེད།
རིག་པའི་རྡོ་རྗེ་འདི་ཇོ་ནང་གི་འགྲེལ་ཚུལ་དང་ཅུང་མཐུན་པ་རེད་པས།
གང་ལ་སྟོང་པ་ཉིད་རུང་བ།
དེ་ལ་ཐམས་ཅད་རུང་བར་འགྱུར།
གང་ལ་སྟོང་ཉིད་མི་རུང་བ།
དེ་ལ་ཅི་ཡང་རུང་མི་འགྱུར།། ༡༤ །། རྩ་བ་ཤེས་རབ་རབ་བྱེད་ ༢༤ པ།
་
ཁོ་བོ་ཅག་ནི་རྟེནཅིང་འབྲེལ་པར་འབྱུང་བ་སྟོང་པ་ཉིད་ཅེས་སྨྲ་སྟེ། ཞེས་སློབ་དཔོན་ཟླ་བ་གྲགས་པས་གསུངས། དེས་ན་རྟེན་ཅིང་། ཞེས་པས་རྟག་པར་ལྟ་བ་དང་། འབྲེལ་པར་འབྱུང་། ཞེས་པ་ཆད་པར་ལྟ་བ་ལས་ལྡོག།
་
དེ་ཉིད་ཚོལ་ལ་ཐོག་མར་ནི།
ཐམས་ཅད་ཡོད་ཅེས་བརྗོད་པར་བྱ།
ཞེས་གསུངས་པ་ལྟར། བདག་གིས་གནས་བརྟན་སྡེ་པའི་རྗེས་འབྲངས་སློབ་མ་རྣམས་ལ་ཆོས་མངོན་པ་ནས་གསུངས་པའི་ཕུང་པོ་ལྔ། སྐྱེ་མཆེད་བཅུ་གཉིས། ཁམས་བཅོ་བརྒྱད་པོ་རྣམས་ཨིན་སྐད་དུ་མ་ཟད་ལེགས་སྦྱར་རམ། པཱ་ལིའི་སྐད་དུ་མིང་ཚིག་རྣམས་ངེས་པར་ཤེས་དགོས་པར་སྨྲའོ། འདི་ལ་ནོར་འཁྲུལ་ཡོད་ན་སེལ་བར་མཛོད། ཅེས་སོ།
“སྟོང་པ་ཉིད་གཟུགས་སོ།།” ཞེས་པ་དང་། “སྟོང་པ་ཉིད་ལ་གཟུགས་མེད།”ཞེས་པ་དག ཚིག་གཅིག་གིས་རགས་བཤད་བྱས་ན། གཟུགས་དང་གཟུགས་ཀྱི་སྟོང་ཉིད་གཉིས་ལྡོག་པ་ཐ་དད་ཡིན་པ་དང་། ཡང་། གཟུགས་དང་གཟུགས་ཀྱི་སྟོང་ཉིད་གཉིས་ངོ་བོ་གཅིག་ཏུ་ཡོད་པར་སོ་སོར་གོ་ཕྱིར་ཡང་ཡང་བཟླས་པ་མིན་ནམ་སྙམ་ལགས།
ཨར་བྱང་ཆུབ་ཡེ་ཤེས་ཀྱི་ཤེར་སྙིང་རྒྱ་ཆེར་འགྲེལ་ལས།
“བདེན་པས་སྟོང་པའི་སྟོང་པ་ཉིད་གཟུགས་སུ་སྣང་བའི་གཟུགས་ཡིན་པས། སྟོང་པ་ཉིད་གཟུགས་སོ།། ཞེས་པའོ།།”
ཞེས་པས་ “སྟོང་པ་ཉིད་གཟུགས་སོ།།” ཞེས་པའི་དོན་གསུངས་ཤིང་། དེ་ནི་འཇུག་པ་ལས།
དེ་བཞིན་དངོས་པོ་ཐམས་ཅད་སྟོང་ན་ཡང་།།
སྟོང་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར།།
ཞེས་གསུངས་པ་དང་ཤིན་ཏུ་མཐུན་སྙམ།
ཡང་ཨར་འགྲེལ་ལས།
“རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྟེ། དེ་ལྟར་རྟོགས་པའི་མཐོང་བའི་ལམ་གྱི་ངོ་ན་གཟུགས་ཡང་དག་པར་རྗེས་སུ་བལྟར་མེད། ཅེས་པ་སྟེ། མཐོང་བའི་ལམ་གྱིས་གཟུགས་མ་དམིགས་པས་དེར་ཞེན་པ་ལྡོག་པའོ།།”
ཞེས་པས་ “སྟོང་པ་ཉིད་ལ་གཟུགས་མེད་ཅེས་པའི་དོན་གསུངས་སོ།།
དོན་བསྡུ་ན། སློབ་པ་འཕགས་པའི་མཉམ་བཞག་གི་གཟིགས་ངོར་ཕུང་སོགས་ཀུན་རྫོབ་པའི་ཆོས་གང་ཡང་མེད། ཅེས་པའི་དོན་ཡིན་འགྲེལ་འདུག་སྙམ་སྟེ། དྲ་གྲོགས་རྣམས་ཀྱིས་དཔྱད་པར་མཛོད་ཅིག
སློབ་པ་འཕགས་པའི་གཟིགས་ངོར་་་ཀུན་རྫོབ་མེད་ཟེར་ན་སྟབས་བདེ་ཤོས་རེད། དེ་ལྟར་ན།
སློབ་པ་འཕགས་པའི་མཉམ་བཞག་གི་གཟིགས་ངོར་ཅེས་བཅོས་རོགས
གོང་དུ་དུ་མཆན་པ་འགའ་ཞིག་གིས། སྟོང་པ་ཉིད་ལ་གཟུགས་མེད། ཅེས་པ་དེ་སྟོང་ཉིད་བཞི་སྦྱོར་ནང་འདྲེན་བཞིན་འདུག དང་པོ་ཤེར་སྙིང་ལ་ལྟོས། དེ་ནས་མཆན་འདོགས་ཤིག ཨ་ཙི་ཀུ་རེ་ཡིན།
སྟོང་ཉིད་བཞི་སྦྱོར་ནི།
“གཟུགས་སྟོང་པའོ།།
སྟོང་པ་ཉིད་གཟུགས་སོ།།
གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན།
སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ།།”ཞེས་གཟུགས་ལ་སབྱར་བ་ལྟར་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་སྦྱོར་བའོ།།
དྲན་དཀར་ལགས། (རིགས་ཀྱི་བུ་དང་བུ་མོ་འདོད་དོན་འགྲུབ་བམ་སྙམ་ན།) རིགས་ཀྱི་བུ་དང་བུ་མོ་ཟེར་བ་སུའི་མིང་་རེད། འདི་ཕ་ལས་འཆད་པའི་མིང་རེད་པས་མ་ལས་འཆད་པའི་མིང་རེད།
བོད་ཀྱི་ཆོས་བརྒྱུད་གཞན་པ་ཚོ་མི་ཤེས། དགེ་ལུགས་པའི་དགོན་སྡེ་རྣམས་སུ། གསོ་སྦྱོང་གི་སྐབས་ཞལ་ནས་གསུངས་པའི་མདོ་དང་ཚིགས་སུ་བཅད་པ་རེ་བཀའ་སྩལ་དུ་གསོལ། ཞེས་ཞུ་དུས། འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ཞེས་ཤེས་རབ་སྙིང་པོ་གསུང་གི་འདུག ཆོས་རའི་ནང་ལ་བཀའ་ལ་ཞལ་ནས་གསུངས་པའི་བཀའ། རྗེས་སུ་གནང་བའི་བཀའ། བྱིན་གྱིས་བརླབས་པའི་དཀའ་གསུམ། བྱིན་གྱིས་བརླབས་པའི་དཀའ་ལ་སྐུ་ཡིས་བྱིན་གྱིས་བརླབས་པའི་དཀའ། གསུང་གིས་བྱིན་གྱིས་བརླབས་པའི་དཀའ། ཐུགས་ཀྱིས་བྱིན་གྱི་བརླབས་པའི་དཀའ་སོགས་བཞག་ནས་ཤེས་རབ་སྙིང་པོ་འདི་ཐུགས་ཀྱིས་བྱིན་གྱིས་བརླབས་པའི་དཀའ་ལ་འཇོག་གི་འདུག་འདི་གཉིས་འགལ་བ་མ་ཡིན་ནམ།
དྲྭ་གྲོགས་རྣམ་པ།
ང་སོང་ཤུལ་ནས་ཁྱེད་ཚོས་བགྲོ་གླེང་མང་ཙམ་གནང་འདུག
ད་འགྲིག་ཡོད་རྒྱུ་རེད།
ཤེས་རབ་སྙིང་བོ་ནི་འགྱིག་ཅི་རེ་ལྟ་བུ་ཞིག་ཏུ་བཏང་ཚར་བྱ།
ཧ་ཧ་།
ཤར་ཕྱོགས་ལྐོག་གྱུར་རིང་ལུགས་པ་ཚོས་ལྐོག་གྱུར་ལ་འགྲེལ་བརྒྱབ་དུས་གཅིག་ལས་གཅིག་ཁ་མཁས་པ་ཡོད་རེད། དངོས་ཡོད་ལག་ལེན་གྱི་ཐོག་ཏུ་འཛམ་གླིང་མི་དམངས་ཀྱི་བེད་སྤྱོད་བྱེད་བཞིན་པའི་དངོས་ཡོད་འཚོ་བའི་དགོས་མང་ཤོས་ཁོ་ཚོ་ལ་ལྐོག་གྱུར་ཆགས་བསྡད་ཡོད་རེད་་་་་་་་་ཧཧཧཧཧཧཧ
རིགས་ཀྱི་བུ་དང་བུ་མོ་ཟེར་ན། རིགས་མཐོ་བའམ་དམའ་བའང་རུང་གཙོ་བོ་ཤེས་ཕྱིན་ལ་སློབ་འདོད་པ་ཅན་གདུལ་བྱའི་ཁྱད་པར་གསུང་གི་ཡོད་པ་འདྲ། Lobsang199
ཅོ་ཉི་ཁྱི་ཕྲུག་ཏང་མིར་མགོ་སྐོར་མ་གཏོང་།
༣༥༽ lobsang199ལགས།
ཁྱེད་ཀྱིས་བཀའ་ལ་དཀའ་མང་པོ་བྲིས་འདུག ནོར་བཅོས་གནང་རོགས།
དེ་ནས། ཤེར་སྙིང་ལ་གླེང་གཞི་སྐོར་དང་མཐའི་ཡི་རངས་ཀྱི་སྐོར་རྣམས་རྗེས་སུ་གནང་བའི་བཀའ་ཡིན། ཤཱ་རིའི་བུ་དང་སྤྱན་རས་གཟིགས་གཉིས་ཀྱི་དྲི་བ་དྲིས་ལན་འདི་དག་བྱིན་གྱིས་བརླབས་པའི་བཀའ་དང་དེའི་ནང་ནས་ཐུགས་ཏིང་ངེ་འཛིན་ག྄ིས་བྱིན་གྱིས་བརླབས་པ་ཡིན། ལེགས་སོ་ཞེས་སོགས་མཐུན་འགྱུར་བརྗོད་པ་ནི་ཞལ་ནས་གསུངས་པའི་བཀའ་ཡིན་པས་ཤེས་རབ་སྙིང་པོའི་ནང་ཚན་ལ་གསུམ་ག་ཡོད་པ་ཤེས་པར་བྱོས།
དེ་ལ་ཐོག་མའི་གླེང་གཞི་སྐོར་དང་བར་གྱི་མཚམས་སྦྱོར། མཐའི་ཡི་རངས་ཀྱི་སྐོར་འདི་དག་རྗེས་སུ་གནང་བའི་བཀའ་ཡིན་པ་ནི། ཆོས་ཡང་དག་པར་སྡུད་པའི་མདོ་ལས།
“དགེ་སློང་དག །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཞེས་བགྱིས་ལ་ཆོས་ཡང་དག་པར་སྡུད་པར་པར་བྱའོ།།” ཞེས་དང་།
སྙིང་རྗེ་པད་དཀར་ལས།
“བཀའ་བསྡུ་བའི་ཚེ། འདི་སྐས་བདག་གིས་ཐོས་པ་ལ་སོགས་པས་གླེང་སློང་། བར་དུ་མཚམས་སྦྱར་གྱི་ཚིག་ཚུགས། མཐའ་མར་བཅོམ་སྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་ཚུགས་ཤིག” ཅེས་གསུངས་པས་ཤེས་སོ།།
འདི་སྐས་་་་་འདི་སྐད་ལ་བཅོས་རོགས།
༢༣༽ དྲན་དཀར་དཔལ་ཡོན་ལགས།
ཁྱེད་ཀྱིས། མཆན་ ༢༣༽ དེ་གོ་བ་ཡོད་པ་ཞིག་གསུངས་འདུག ཐུགས་རྗེ་ཆེ། རྗེས་སུ་བགྲེ་གླེང་ཞུ་ཆོག
ད་ལྟ་ཆུ་ཚོད་དྲུག་པ་ཟིན་གྲབས་འདུག་པས་ཤེས་རབ་སྙིང་པོ་སྐྱོར་བར་འགྲོ་རན་སོང་།
བགྲོ་བ་འདི་དག་ལ་གོ་རྒྱུ་འདུག ཁ་བརྡ་རིན་ཐང་ཆེ་རུ་རེད།
སློབ་དཔོན་བཻ་རོ་ཙ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་གདམ་པའི་ཤེར་སྙིང་སྔགས་སུ་བཀྲལ་བའི་ནང་། གཟུགས་སྟོང་པའོ་ཞེཔ་ནི་གཟུགས་ཀྱི་ངོ་བོ་ཉིད་སྟོང་པའི་རང་བཞིན་ནོ། །ཞེས་དང་། དམིགས་པར་བྱ་བའི་སྟོང་པ་དེ་ཉིད་ལས། ཉམས་སུ་བླང་བའི་རྒྱ་དངོས་པོ་གྲུབ་པ་མེད་དེ། གཟུགས་སྟོང་པ་ཉིད་ཡིན་པའི་ཕྱིར་ན། ཚོར་བ་ལ་སོགས་པ་ཡང་གཉིས་སུ་མེད་ལ། མིག་ལ་སོགས་པའི་དབང་པོ་སྒོ་ལྔ་དང་། དེ་ལས་ལས་ལྔ་ལ་སོགས་པ་དང་། ཆོས་ལྔ་ཡང་གང་ཡང་དམིགས་སུ་མེད་དོ། །་་་་་་་་་་་་་་གསུང་འདུག
གཟུགས་སྟོང་པ་ཉིད་ཡིན་ན། མྱང་འདས་སྟོང་པ་ཉིད་རེད། དེ་ན་འཁོར་བ་སྟོང་པ་ཉིད་རེད། ད་ཆོས་བྱེད་པའི་དགོས་པ་སྟོང་པ་ཉིད་རེད། ད་ཅིའི་ཕྱིར་དགོན་པ་དང་ལྷ་ཁང་རྫིག་པོ་དེ་དག་དགོས་སམ། བསོད་ནམས་དང་ཚོགས་ཟེར་བ་སྟོང་པ་ཉིད་རེད། འདི་ལ་ལན་རྒྱབ་ཐུབ་མཁན་ཡོད་ན་བཟང་། དཔེ་ཆ་དང་རྟོགས་པ་མཐོན་པོར་བསླེབས་པའི་རྟགས།
དྲ་གྲོགས་ཚོ་ལ་འདྲི་རྒྱུ་ཞིག་འདུག ཉེ་སྔོན་ཁ་བརྡ་དྲ་བ་འདི་རུ་རྒྱ་ནག་ནང་ལོག་གི་བུ་མོ་ཞིག་བོད་མཐོ་སྒང་མཚོ་སྔོན་ཕྱོགས་སུ་བལྟ་སྐོར་ཡོང་བའི་སྐོར་གྱི་རྩོམ་ཡིག་ཅིག་མཐོང་སོང་དེ་རིང་ཡང་སྐྱར་དགོས་མཁོ་ཞིག་གི་དབང་གིས་བཙལ་ཀྱང་རེག་མ་སོང་། དྲ་གྲོགས་ཚོས་དེའི་ཁ་བྱང་ངེས་ན་ལན་ཅིག་གནང་རོགས། ང་དགོས་མཁོ་ཞིག་འདུག
བཟང་གི ཁྱེད་རང་གི་ཤེས་འདོད་མི་ཤེས་མོད་རྟོགས་པ་མཐོན་པའི་མིན་པའི་གང་ཟག་གིས་གྱང་དེ་ལྟར་དུ་འདོད་ཟེར་གྱི་རེད།
ཨ་ཕ་དང་ཨ་མ་ཡང་རང་བཞིན་གྱིས་སྟོང་པ་ཡིན་ད་དུང་དགོས་ཡང་ཟེར་གྱི་རེད།
ང་ལ་ནི་རིག་པའི་རྡོ་རྗེའི་འགྲེལ་བཤད་དེ་གོ་བདེ་བོ་བྱུང་།
དྲན་དཀར་ལགས་ཀྱི་ལན་དེ་ལ་ང་འདོད་པ་ཁེངས་མ་སོང། དེ་གོ་རྒྱུ་དེ་ཙམ་མི་འདུག
དབྱངས་ཅན་ལགས། (དཀའ)ལ་ནོར་བཅོས་གནང་བ་ཐུགས་རྗེ་ཆེ།
ཡིན་ཀྱང་ཁྱེད་ཀྱི་ལན་དེ་ཡང་འདོད་པ་ཁྱེང་པ་ཞིག་མི་འདུག ངོས་ཀྱི་དྲི་བ་ནི། ཤེས་རབ་སྙིང་པོ་འདི། ཞལ་ནས་གསུངས་པའི་བཀའ་འམ་བྱིན་གྱིས་བརླབས་པའི་བཀའ་གང་ཞེས་པ་དེ་ཡིན། དེ་ལ་ཁྱེད་ཀྱིས་དེའི་ནང་གསུམ་ག་ཡོད་ཅེས་པའི་ལན་དེ་འབྲས་སྤུངས་གྲྭ་བའི་ལན་མ་རེད།
༼རིག་པའི་རྡོར་རྗེས༽
༼འདི་བདེན་གཉིས་ཐུན་མོང་དུ་སྦྱར་ནས་བཤད་ན་གོ་བདེ། གཟུགས་སྟོང་པའོ།། ཟེར་བ་ནི། དེ་ཡང་སོ་སོ་སྐྱེ་བོ་རྣམས་ལ་གཟུགས་ཕུང་དུ་སྣང་བའི་གནས་འདི་ན། གཟུགས་ཕུང་ནི་ཡོད་པ་མ་ཡིན་ཏེ། གཟུགས་དེ་ནི་འཁྲུལ་སྣང་ཙམ་མ་གཏོགས་རང་གི་ངོ་བོས་སྟོང་པ་རེད། དེས་ན་གཟུགས་ཀྱི་རང་ལྡོག་ནས་མེད་ཅིང་མ་ཡིན་པའི་སྟོང་པ་རེད།༽
སོ་སོ་སྐྱེ་བོའི་སྐབས་སུ་གཟུགས་ཕུང་དུ་སྣང་བ་འདི་འཁྲུལ་སྣང་ཞིག་ཏུ་མི་མཐོང། སོ་སོ་སྐྱེ་བོས་གཟུགས་ཕུང་བདེན་མེད་ཡིན་པར་ཤེས་མི་ནུས། འཕགས་པའི་གང་ཟག་ལ་སྦྱར་ན་ཐལ་འགྱུར་བས་སོ་སོ་སྐྱེ་བོས་གཟུགས་ཕུང་སྣང་བ་དེ་ཡང་སྣང་བ་ཙམ་ལ་ཚད་མར་འདོད།
རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ནི། སངས་རྒྱས་ཀྱི་རིགས་ཅན་རྒྱལ་བའི་སྲས་སམ། བྱང་སེམས་དག་ལ་གོ་དགོས། དེ་མིན་གཞན་དུ་ཡང་འབོད་སྲིད་པ་རེད།
༡༩༽ རིག་པའི་རྡོ་རྗེ་ལགས་སུ།
༼གཟུགས་ཀྱི་ཤུལ་ན་སྟོང་པའི་ཆོས་ཉིད་གནས་པ་དེ་ཉིད་སྟོང་པ་ཉིད་དངོས་ཏེ། འདི་ནི་བདེན་ཅིང་ཡོད་པ་དང་ཡིན་པའི་སྟོང་ཉིད་རེད།༽ ཞེས་པ་ལ།
གཟུགས་ཀྱི་ཤུལ་ནི་གཟུགས་འགགས་པའི་འོག་གི་དོན་ཡིན་ཟེར་ན། ཤེས་བྱ་ཆོས་ཅན། དེའི་འོག་ཏུ་གཟུགས་ཀྱི་ཆོས་ཉིད་མེད་པར་ཐལ། གཟུགས་མེད་པའི་ཕྱིར། ཁྱབ་སྟེ། དེ་གཉིས་ངོ་བོ་ཐ་དད་དུ་མེད་པའི་ཕྱིར་ཏེ། སེམས་འགྲེལ་ལས། ཀུན་རྫོབ་ལས་ནི་ཐ་དད་པར།། དེ་ཉིད་དམིགས་པ་མ་ཡིན་ཏེ།། ཞེས་གསུངས་པའི་ཕྱིར།
ཡང་། ཤུལ་གྱི་དོན་དེ་མཉམ་བཞག་ཟག་མེད་ཀྱིས་གནས་ལུགས་གཟིགས་པའི་ངོར་ཆོས་ཅན་གྱི་སྣང་ཞེན་གཉིས་ཀ་མེད་པའི་དོན་ཡིན་ཟེར་ན། གཟུགས་ཀྱི་ཤུལ་ན་སྟོང་པའི་ཆོས་ཉིད་དེ་ཆོས་ཅན། ཁྱོད་ཀྱི་ཆོས་ཉིད་གཟིགས་པའི་ངོར་ཁྱོད་ཡོད་པར་ཐལ། ཁྱོད་གནས་ལུགས་བདེན་པ་བ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། ཁྱོད་བཏགས་དོན་བཙལ་བའི་ཚེ་མི་རྙེད་པ་དེ་ཁྱོད་ཀྱི་ཆོས་ཉིད་མ་ཡིན་པར་ཐལ། འདོད་པའི་ཕྱིར། མ་ཁྱབ་ན། བདེན་གྲུབ་ཁས་བླངས་པའི་གཞི་སྟོར་ཟིན་པས་རང་གི་གྲུ་མཐའ་ལ་སོམས་ཤིག
ཡང་། ༼ཁྱད་གཞི་གཟུགས་ཕུང་ཉིད་ཡོད་མ་མྱོང་བས། གཟུགས་ཕུང་གི་ཆོས་ཉིད་དེ་ལས་ཐ་དད་དུ་མེད།༽ ཞེས་པ་ལ།
སྒྲུབ་བྱེད་ལ་བརྟག་པར་བྱའོ།། ཡོད་མ་མྱོང་བ་དེ་དོན་དམ་པའི་དབང་དུའམ་ཀུན་རྫོབ་པའི་དབང་དུ་བྱས། དང་པོ་ལྟར་ན། དོན་དདམ་པར་གཟུགས་མེད་པ་ཉིད་ཆོས་ཅན། གཟུགས་ཕུང་གི་ཆོས་ཉིད་དེ་ལས་ཐ་དད་དུ་མེད་ཅེས་སྒྲོག་མི་དགོས་པར་ཐལ། གཟུགས་ཆོས་ཉིད་ཡིན་པ་ཀླུ་སྒྲུབ་ཀྱི་གྲུབ་མཐའ་འཛིན་པའི་གངས་ཅན་པའི་ཆོས་བརྒྱུད་ཀུན་ལ་མི་མཐུན་པ་མེད་པར་གྲགས་ཤིང་གྲུབ་པའི་ཕྱིར། གཉིས་པ་ལྟར་ན། གཟུགས་ཆོས་ཅན། ཁྱོད་ཀྱི་ཆོས་ཉིད་ཀྱང་མེད་པར་ཐལ། ཁྱོད་མེད་པའི་ཕྱིར། ཁྱབ་སྟེ། དབུ་མ་རྩ་བ་ལས། “འདུས་བྱས་རབ་ཏུ་མ་གྲུབ་པས།། འདུས་མ་བྱས་ནི་ཇི་ལྟར་འགྲུབ།།” ཅེས་དང་། འགྲེལ་པ་ཚིག་གསལ་ལས། “དེ་བཞིན་ཉིད་ཀྱི་མཚན་ཉིད་ཅན་སྟོང་པ་ཉིད་ལ་འདུས་མ་བྱས་སུ་རྟོག་པར་བྱེད་པ་དེ་ཐམས་ཅད་འདུས་བྱས་རབ་ཏུ་མ་གྲུབ་པར་གྱུར་པས་ཡོད་པ་མ་ཡིན་པ་ཉིད་དོ་ཞེས་གསལ་བར་བསྟན་ཏོ།།” ཞེས་གསུངས་པའི་ཕྱིར།
འདི་དག་ལ་བརྟེན་ནས་ཁྱེད་ཀྱིས། ༼ཆོས་དབྱིངས་སྟོང་པ་ཉིད་དེ་ཉིད་ཁྱད་གཞིར་བཟུང་ན། དེ་ལས་གཞན་དུ་གཟུགས་ཕུང་མེད། ཆོས་ཉིད་གནས་ཀྱང་གཟུགས་ཕུང་མེད་པའི་ཕྱིར་རོ།།༽ ཟེར་བའང་ཁེགས་སོ།།
ཡང་། ༼གཉིས་པ། ཆོས་ཉིད་དོན་དམ་པའི་གཟུགས་གང་ཡིན་པ་དེ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། སྟོང་པ་ཉིད་ཀྱི་ཡེ་ཤེས་གང་ཡིན་པ་དེ་ནི་ཆོས་ཉིད་ཀྱི་གཟུགས་སུ་སྣང་ངོ་ཞེས་ཟེར་བ་རེད།༽ ཅེས་པ་ལ།
སྣང་བྱེད་ཀྱི་བློ་དེ་མཉམ་བཞག་ཟག་མེད་ལ་བྱས་ན། མཉམ་བཞག་ཟག་མེད་ཆོས་ཅན། འཁྲུལ་བར་ཐལ། ཆོས་ཉིད་ཡེ་ཤེས་མ་ཡིན་པ་གང་ཞིག དེར་སྣང་བའི་ཕྱིར། དང་པོ་མ་གྲུབ་ན། ཆོས་ཉིད་ཆོས་ཅན། སྒྲུབ་པ་རང་དབང་བ་ཡིན་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། དྲི་མ་མེད་པས་རིགས་པས་དཔྱད་པ་ན་ཆོས་ཅན་མ་རྙེད་པའམ་མ་མཐོང་བ་དེ་ཙམ་གྱིས་ཆོས་ཉིད་མཐོང་བར་འཇོག་པ་མ་ཡིན་པར་ཐལ། ཁྱོད་སྒྲུབ་པ་རང་དབང་བ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། མདོ་ལས། “མ་མཐོང་བ་ནི་མཐོང་བ་དམ་པའོ།།” ཞེས་དང་། མདོ་སྡུད་པ་ལས།
གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང་།།
འདུ་ཤེས་མཐོང་བ་མེད་ལ་སེམས་པ་་མི་མཐོང་ཞིང་།།
གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ།།
འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན།། ཞེས་གསུངས་པའི་ཕྱིར།
ད་དཀའ་ལས་ཁག་སོང་།
རིག་པའི་རྡོ་རྗེ་རིག་པའི་བུར།།
རིགས་པའི་མཚོན་ཆར་འདི་ཕབ་ཚེ།།
རིགས་པ་ཁོགས་པའི་བྱ་གཡབ་ཅིག།
བཙལ་ཀྱང་མ་རྙེད་ཤ་རེ་ཚ།།
ངལ་གསོའི་ཆེད་ཀུ་རེའི་ཚིགས་སུ་བཅད་པའོ།།
དབྱངས་ཅན་འབངས་ཀྱི་རིགས་པ་རྣོ་གི
སྟོང་པ་ཉིད་གཟུགས་སོ་།ཞེས་པའི་སྐབས་སྣང་སྟོང་ཟུང་འཇུག་བཤད་པ་དང་། སྟོང་པ་ཉིད་ལ་གཟུགས་མེད།ཅེས་པ་སྟོང་པ་ཉིད་ཀྱི་རང་བཞིན་བཤད་པ་ཡིན་པས་འགལ་འདུ་ཅི་ཡོད།
བསྟན་འགྱུར་ཁྲོད་ ༼སྡེ་བསྟན། ཤེར་ཕྱིན། མ་པ། ཤོག་གྲངས། ༢༠༤ ནས་༽ ཤེས་རབ་སྙིང་པོའི་འགྲེལ་པ་མི་འདྲ་བ་བརྒྱད་བཞུགས།
དེའི་ནང་ནས་སློབ་དཔོན་དྲི་མེད་བཤེས་གཉེན་ནམ་བི་མ་ལ་མི་ཏྲས་བསམ་ཡས་སུ་མཛད་པའི་ ‘ཤེས་རབ་སྙིང་པོའི་རྒྱ་ཆེར་བཤད་པ་དོན་བརྒྱད་མ།’ ལ་ཨར་བྱང་ཡེས་བསྔགས་བརྗོད་རྒྱ་ཆེར་མཛད་ཅིང་། རང་གི་འགྲེལ་པ་ཡང་འདི་ལ་བཏུགས་ནས་མཛད་དོ།། ཨར་གྱི་འགྲེལ་པ་དེ་ནི་ཤེར་ཕྱིན་གྱི་མདོའི་སྦས་དོན་ལམ་འབྲས་བུ་དང་བཅས་པ་ལ་ངེས་པ་བདེ་བླག་འདྲེན་པའི་གོ་བ་བསྐྱེད་པར་མཛད་འདུག་པས། ལམ་འདི་ལ་མོས་པ་ཞིག་ཡིན་ན་ལན་ཅིག་ཅིས་ཀྱང་མཇལ་བར་ཞུ། ང་ལ་ཡོད་པའི་དེབ་འདི་ནི་དར་ཐང་རིན་པོ་ཆེའི་དཔར་མ་དེབ་གཟུགས་ཤིག་ཡིན།
སྔར་སངས་རྒྱས་ཞལ་བཞུགས་དུས་རྒྱ་གར་མི་གཞན་པ་ངོ་མི་ཤེས་པ་ཅིག་འབོད་དུས་བཞིན་བཟང་ལགས། ཞེས་འབོད་སྲོལ་ཡོད་པ་དང་། ཐེག་ཆེན་རིགས་ཅན་རྣམས་ལ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཞེས་སྐད་འབོད་བྱས་ཚོད་འདུག
༥༤༽ དབྱངས་ཅན་འབངས་ལགས་ལྟ་བུ། རིག་པ་སྨྲ་བ་ཅིག་ཁ་བརྡར་ཕེབས་པར་རྗེས་སུ་ཡི་རང་ངོ་།། །།
དར་ཐང་རིན་པོ་ཆེ། འཇལ་མ་མྱོང་། བཀའ་དྲིན་ཆེན་པོ་ཡིན་ད། ཀླུ་སྨྱོན་ཟེར་བ་རྩ་མེད་དེ་ཡང་ཞུ་ཆེན་པ་ཞིག་ཡིན་རབས་ཡོད།
ཤེས་སྙིང་དོན་དག་ནི་ རྒྱ་རོ་ལ་རེ་བ་མ་རྒྱབ་ གང་ཡང་མེད་པ་ ཤེས་རབ་སྙིང་པོ་ཆག་རྒྱུ་རེད་ད་ཞེས་པའི་དོན་ནོ།
“སྟོང་པ་ཉིད་གཟུགས་སོ།།” ཞེས་པ་ནི། གཟུགས་ཀྱི་སྟོང་པ་ཉིད་ནི། གཟུགས་དང་ངོ་བོ་གཅིག་ཏུ་ཡོད་དོ།། “སྟོང་པ་ཉིད་ལ་གཟུགས་མེད།” ཞེས་པ་ནི། དགག་བྱ་བཀག་ཙམ་གྱིས་གཟུགས་ཀྱི་སྟོང་པ་ཉིད་ཀྱི་རྟོགས་པའི་འོག་ལ་གཟུགས་དེ་ཉིད་ཐ་སྙད་དུ་ཡོད་ཙམ་ལས་རང་བཞིན་གྱིས་གྲུབ་མེད་ཅེས་པའོ།། །།
བྱང་ཆུབ་སེམས་དཔའི་རིགས་སུ་སྐྱེས་པའི་བུ་ཡིན་པས་ན་(རིགས་ཀྱི་བུ)
བྱང་ཆུབ་སེམས་མའི་རིགས་སུ་སྐྱེས་པའི་བུ་མོ་ཡིན་པས་ན་(རིགས་ཀྱི་བུ་མོ)
སེམས་དཔའ། སེམས་མ། ཞེས་པ་དང་དོན་གཅིག། ངོས་ཀྱི་འདོད་པ་ནི་ཚིག་བསྡུས་གང་ཞིག་ལ་ཡིག་འབྲུ་བསྣན་པའི་བཤད་མཛད་ཐུབ་ན་ལེགས་སྙམ།
གཟུགས་ཐ་སྙད་དུ་ཡོད་ཙང་གཟུགས་རང་བཞིན་གྲུབ་པའི་སྟོང་ གཟུགས་རང་བཞིན་གྲུབ་པའི་སྟོང་ཙང་གཟུགས་མཛེས་མི་མཛེས་དང་རིང་ཐུང་སོགས་ལ་་པ་འཐད་པའོ་། གང་ལ་སྟོང་པ་ཉིད་རུང་བ་ཞེས་སོགས་ལྟར་ཡིན་ནོ་།
གཞན་ཡང་༼གཟུགས་སྟོང་པའོ།༽སྣང་བས་ཡོད་མཐའ་སེལ་བ་དང་། །
སྟོང་པས་༼སྟོང་པ་ཉིད་གཟུགས་སོ།༽མེད་མཐའ་སེལ་ཞིང་སྟོང་བ་ཉིད། །
་་་་་ གཟུགས་སྟོང་པའོ། སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན་ནོ། གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། ་་་་་ ཞེས་པ་ནི། གཟུགས་དང་གཟུགས་ཀྱི་སྟོང་ཉིད་གཉིས་ཕན་ཚུན་ངོ་བ་གཅིག་པ་ལས། དེ་གཉིས་ངོ་བ་ོགཞན་ནམ་། ངོ་བོ་ཐ་དད་མ་ཡིན་པར། བསྟན་པ་རེད། དཔེར་ན། གཟུགས་དང་གཟུགས་ཀྱི་སྟོང་ཉིད་གཉིས་ཀ་བ་དང་བུམ་ལྟར། ངོ་བོ་སོ་སོར་གནས་པ་མིན་པར། བུམ་པ་དང་བུམ་པའི་མི་རྟག་པ་ལྟར། ཕན་ཚུན་ངོ་བོ་གཅིག་ཏུ་གནས་པ་བསྟན་པའོ།།